རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་འཁྲིད་གསུམ་གནས་དབྱུང་བཏང་།

ཞི་ཅིན་ཕིན་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་གལ་གནད་ཆེ་བའི་ལས་ཁུངས་ཁག་ཅིག་གི་མགོ་འཁྲིད་གནས་དབྱུང་བཏང་སྟེ་གསར་པ་མང་པོ་ཞིག་བསྐོ་བཞག་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ལས་ཁང་གི་མགོ་ཁྲིད་ཀྲང་ཀྲི་ཅིན་(Zhang Zhijun)གྱི་ཚབ་ཏུ། ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཆབ་སྲིད་པ་ལོའུ་ཇེ་ཡས(Liu Jieyi)ཟེར་བ་ཞིག་བསྐོ་བཞག་བྱས་ཡོད་པ་དང་། དེ་བཞིན། རྒྱ་ནག་རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་གླིང་མགོ་འཁྲིད་ཝང་ཝེ་ཀང་(Wang Weiguang)གི་ཚབ་ཏུ། རྒྱ་ནག་དམར་ཤོག་རྒྱུན་ལས་ལྷན་ཚོགས་ཀྱི་དྲུང་ཆེ་ཞི་ཧྥོ་ཀྲན་(Xie Fuzhan)བསྐོ་བཞག་བྱས་ཡོད་པ་དང་། རྒྱ་ནག་སྤྱི་དམངས་བདེ་སྲུང་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ཧྥུའུ་ཀྲིན་ཧྭ་(Fu Zhenghua)གནས་དབྱུང་བཏང་ཡོད་འདུག

གཞན་ཡང་། ད་ལན་རྒྱ་ནག་སྤྱི་བདེ་ཉེན་རྟོག་ཁང་གི་མགོ་འཁྲིད་གཞོན་པ་དང་རྒྱལ་ཁབ་གནས་སྤོར་ཡུལ་མི་དོ་དམ་ཁང་གི་མགོ་འཁྲིད། ཁྲིམས་འཛིན་ལྷན་ཁང་དང་རང་བྱུང་ཐོན་ཁུངས་ལས་ཁང་། རྒྱ་ནག་རྒྱལ་ཡོངས་གྲོང་གསེབ་ལྟ་སྐུལ་ཁང་། རྒྱལ་ཡོངས་རྒྱ་མཚོ་ལྟ་སྐུལ་ཁང་།  འཕྲོད་བསྟེན་ཁང་དང་རླུང་བརྙན་འཕྲིན་ཁང་། རྒྱ་ནག་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཁང་སོགས་ཀྱི་མཐོ་རིམ་མགོ་འཁྲིད་ཁག་ཅིག་ཀྱང་གསར་དུ་བསྐོ་བཞག་བྱས་ཡོད་འདུག

ཨེ་ཕོག་དུས་བབ་(Epoch Times)ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། གནས་དབྱུང་བཏང་བའི་མགོ་འཁྲིད་གསུམ་ནི་ཅང་ཙི་མེན་དང་པའོ་ཞི་ལེ་ཕྱོགས་ཁག་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པ་མ་ཟད། རྒྱ་ནག་སྤྱི་དམངས་བདེ་སྲུང་ཁང་གི་མགོ་འཁྲིད་ཧྥུའུ་ཀྲིན་ཧྭ་ནི་དེ་སྔ་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ ༢༣ ལྷག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གཏེ་བོ་ཞིག་ཡིན་པའི་མིང་ཐོའི་ནང་བསླེབས་ཡོད་འདུག

རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་གླིང་མགོ་འཁྲིད་ཝང་ཝེ་ཀང་ཅང་ཙེ་མེན་ཕྱོགས་ཁག་ལ་འབྲེལ་བ་ཆེན་པོ་ཡོད་པ་དང་། ཕྱི་ལོ་༢༠༡༤ ལོར་ཁོས་(Hongqi wengao)ཞེས་པའི་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ཞིག་གི་སྟེང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་འཐབ་རྩོད་སྐོར་ལ་རྩོམ་ཡིག་ཅིག་བྲིས་ཡོད་པ་དང་། དེའི་ནང་དུ་ཞི་ཅིན་ཕིན་གྱི་སྣེ་འཁྲིད་པའི་དམར་ཤོག་གཞུང་གི་སྲིད་བྱུས་ལངས་ཕྱོགས་དང་དམངས་གཙོའི་ལྟ་ཚུལ་ལ་དགག་རྒྱག་ཟུར་ཟ་བྱས་ཏེ། རྒྱལ་སྤྱིའི་སྟེང་གི་མངའ་ཁུལ་རྩོད་རྙོག་མང་པོ་ཞིག་རྩ་མེད་འགྲོ་ཐབས་མེད་པ་རེད་ལ། དེ་བཞིན་ནང་ཁུལ་གྱི་རྩོད་རྙོག་དག་ཀྱང་ཞི་འཇགས་སུ་འགྲོ་ཐབས་མེད་པས་འཐབ་རྩོད་ནི་མུ་མཐུད་ཡོང་གི་རེད་སོགས་བརྗོད་ཡོད་སྟབས། ཉེ་སྔོན་རྒྱ་ནག་གི་སློབ་སྦྱོང་དུས་བབ་ (xuexi shibao)ཅེས་པའི་དྲ་རྒྱའི་སྟེང་དུ། རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གིས་དམར་ཤོག་གི་ནང་འཁྲུག་སྐོར་ལ་རྩོམ་ཡིག་ཅིག་སྤེལ་ཏེ་ཝང་ཝེ་ཀང་གི་སྐད་ཆར་རྒོལ་ལན་བསློགས་ཡོད་འདུག

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ལས་ཁང་གི་མགོ་འཁྲིད་ཀྲང་ཀྲི་ཅིན་ལ་མཚོན་ན། ཅང་ཙི་མེན་ཚོགས་པའི་དཔུང་རོགས་ཆེན་པོ་ཞིག་ཡིན་འདུག གནད་དོན་དབྱེ་ཞིབ་པ་ཚོས་ཀྲང་ཀྲི་ཅིན་ཟེར་བ་དེ་ཅང་གི་ཕྱོགས་གཏོགས་ཡིན་ན་ཡང་ད་དུང་རྒྱ་ནག་གི་མཐོ་རིམ་དཔོན་གནས་འཛིན་པའི་གོ་སྐབས་ཡོད་ན་ཡང་། ཕྱི་ལོ་༢༠༡༣ ལོར་རྒྱ་ནག་ཐའེ་ཝན་གཞུང་དོན་ལས་ཁང་གི་མགོ་འཁྲིད་དུ་བསྐོ་བཞག་བྱས་རྗེས། ལས་ཀ་མང་པོ་ཞིག་འཐུས་ཤོར་དུ་བཏང་ཡོད་པ་དང་། ཕྱི་ལོ་༢༠༡༤ ལོར་ཐའེ་ཝན་ནང་དུ་ཉི་དགའ་མེ་ཏོག་སློབ་མའི་གསར་བརྗེ་ལས་འགུལ་བྱུང་བ་སོགས་ཞི་ཅིན་ཕིན་གཞུང་གིས་བརྗོད་བཞིན་པའི་སྤྱི་ཚོགས་བརྟན་ལྷིང་དང་། རྒྱ་ནག་གཅིག་གི་ལངས་ཕྱོགས་འཛིན་པའི་ལས་དོན་ལ་གྲུབ་འབྲས་བྱུང་མེད་པར་བརྗོད།

གནས་དབྱུང་བཏང་བའི་གོང་གི་དཔོན་རིགས་གསུམ་ནི། ཉེ་སྔོན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་ཀྱི་སྐབས་ལས་གནས་གལ་ཆེན་ཁུར་ཡོད་པའི་མགོ་འཁྲིད་ཤ་སྟག་ཡིན་ཡང་། གློ་བུར་དུ་གནས་དབྱུང་བཏང་བ་ནི་ཧ་ཅང་ལྐོག་གྱུར་ཞིག་དང་དོགས་འདྲོགས་ཆེན་པོ་ཞིག་ཆགས་ཡོད་འདུག ཉམས་ཞིབ་པ་མང་པོས་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ནང་ཁུལ་གྱི་འགལ་བ་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ཞི་ཡི་སྟག་དང་སྦྲང་མ་མཉམ་གསོད་ཀྱི་དམིགས་འབེན་ངོ་མ་དེ་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཡིན་མིན་དང་། ཞི་ཅིན་ཕིན་གྱི་རྒྱ་ནག་གི་དབང་ཆ་ཡོད་ཚད་གཅིག་སྡུད་བྱས་ཏེ་མཐར་ཐུག་གི་དམིགས་ཡུལ་ཅི་ཡིན་ལྷང་ལ་འབུད་གྲབས་ཡོད་སྐོར་སོགས་བརྗོད་ཀྱི་འདུག

ཉི་ཧོང་གི་ཡ་གླིང་དཔྱད་བརྗོད་(Asia Review)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་དུ། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱི་ཕུགས་དམིགས་གཙོ་བོ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མིན་པ་དང་། ཞི་ཡི་སྲིད་ཇུས་ཀྱི་ཕུགས་དམིགས་རྟོགས་མཁན་ཝང་ཆི་ཧྲན་ཁོ་ན་ལས་མེད་སྟབས། ཞི་ཅིན་ཕིན་གྱིས་ཝང་ཆི་ཧྲན་ཕྱིར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁྲོད་བཅུག་ཡོང་བ་ནི། ཞི་ཡི་དབང་ཆ་གཅིག་སྡུད་ཀྱི་སྲིད་ཇུས་ལམ་ལྷོང་ཡོང་ཆེད་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༠༥

Leave a Reply