གོ་མཚོན་དྲག་ཆས་རིགས་གསར་གཏོད་བྱེད་པར་ངོ་རྒོལ་ཡོད།

ལྷོ་ཀོ་རི་ཡའི་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་ཞིག་གིས་དམག་དོན་གོ་མཚོན་བཟོ་སྐྲུན་ཁང་དང་མཉམ་འབྲེལ་གྱིས། རང་འགུལ་འཕྲུས་ཆས་མི་སོགས་བཟོ་སྐྲུན་ཆེད་ཞིབ་འཇུག་ཁང་བཙུགས་པར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཆེན་པོ་བྱེད་ཀྱི་འདུགཁ་སང་ཕྱི་ཚེས་ ༥ ཉིན་གྱི་དགོང་མོར། འཛམ་གླིང་ཉིན་རེའི་གསར་འགྱུར་ཁང་(WORLD JOURANL)གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་མིང་གྲགས་ཅན་གྱི་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་(KAIST)གིས། ཡུལ་དེའི་དམག་དོན་གོ་མཚོན་བཟོ་སྐྲུན་ཁང་ཧན་ཧྰ་དང་མཉམ་འབྲེལ་གྱིས། རྒྱལ་སྲུང་ལས་དོན་འཐུས་ཚང་དུ་གཏོང་བའི་མིང་ཐོག་ནས་མིས་བཟོས་རིག་སྟོབས་ལ་བརྟེན་ནས་གོ་མཚོན་དྲག་ཆས་རིགས་བཟོ་སྐྲུན་བྱེད་པའི་ཞིབ་འཇུག་ཁང་ཞིག་གསར་འཛུགས་བྱས་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་ནས་སེམས་ཚབས་དང་བཅས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ལ་ཆུ་མ་ཡོང་གོང་གི་རགས་ཟེར་བའི་དཔེ་ལྟར་སྔོན་འགོག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

གནས་དོན་དེའི་ཐད་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨོ་གླིང་གི་མིས་བཟོས་རིག་སྟོབས་ཆེད་མཁས་པ་སློབ་དཔན་ཊོ་བྷི་ཝལ་ཞི་(Toby Walsh)ལགས་གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་ ༣༠ གི་གྲགས་ཅན་ཚན་རིག་པ་ ༥༧ ལྷག་ཙམ་མཉམ་རུབ་ཀྱིས། ལྷོ་ཀོ་རི་ཡའི་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་དེ་གུས་བཀུར་ཞུ་ས་ཞིག་ཡིན་ཡང་། ད་ལྟ་དམག་དོན་གོ་མཚོན་བཟོ་སྐྲུན་ཁང་དང་ལག་འབྲེལ་གྱིས་ཞིབ་འཇུག་ཁང་བཙུགས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་ཡོད་པ་མ་ཟད། སློབ་གླིང་དེས་འཕྲལ་དུ་ལམ་ནོར་ལྡོག་ཤེས་བྱུང་ན་ལེགས་པོ་ཡོད་པའི་བརྡ་ལན་སྤྲད་ཡོད་འདུག

ཚན་རིག་པ་དེ་དག་གི་མཉམ་རུབ་རྒོལ་གཏམ་ནང་དུ། ཧན་ཧྰ་དང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་གཉིས་མཉམ་འབྲེལ་གྱིས་བཙུགས་པའི་ཞིབ་འཇུག་ཁང་དེའི་མཐར་གཏུག་གི་དམིགས་ཡུལ་ནི། མིས་བཟོས་རིག་སྟོབས་(Artificial Intelligence)ལ་བརྟེན་ནས་དམག་དོན་གོ་མཚོན་རིགས་རང་འགུལ་ཅན་དུ་བསྒྱུར་ཏེ། གོ་ལའི་ཐོག་རང་འགུལ་ཅན་གྱི་མཚོན་ཆའི་འགྲན་རྩོད་གོང་མཐོར་གཏོང་རྒྱུ་དེ་ཡིན་ལ། མིས་བཟོས་རིག་སྟོབས་ཀྱིས་བསྐྲུན་པའི་གོ་མཚོན་དྲག་ཆས་རིགས་དེའི་མཇུག་འབྲས་ནི། གོ་ལའི་སྟེང་དམག་དོན་མཚོན་ཆའི་གསར་བརྗེ་གསུམ་པ་ཞིག་གི་རྦ་རླབས་འཕྱུར་མགོ་འཛུགས་རྒྱུ་དེ་ཡིན་སྐོར་བརྗོད་འདུག

རྒྱལ་ཁབ་མང་པོས་རྒོལ་གཏམ་བཏང་རྗེས། ཚན་རྩལ་ཞིབ་འཇུག་སློབ་གླིང་གི་སློབ་སྤྱི་ཧྲན་ཤིང་ཀྲ་ཞེས་པ་དེས། ངས་བསྐྱར་བཤད་བྱ་རྒྱུ་ཞིག་ལ་(KAIST)ཡིས་བསམ་ཞིབ་མེད་པའི་ཐོག་ནས་དྲག་མཚོན་དང་། མི་གསོད་འཕྲུལ་ཆས་མི་བཟོ་བར་ཞིབ་འཇུག་ཁང་དེ་བཙུགས་པ་ཞིག་མིན། ཞེས་ཁོང་གིས་ཧན་ཧྰ་ཚོགས་པ་དང་མཉམ་འབྲེལ་བྱེད་དོན་གཙོ་བོ་ནི། རྒྱལ་སྲུང་ལས་དོན་ལ་དམིགས་པ་ཞིག་ཡིན་སྟབས་ཞིབ་འཇུག་གི་ལས་དོན་དེ་མུ་མཐུད་གཉེར་རྒྱུ་ཡིན་སྐོར་བརྗོད་འདུག

མིས་བཟོས་རིག་སྟོབས་ལ་བརྟེན་ནས་བཟོས་པའི་གོ་མཚོན་རང་འགུལ་ཅན་གྱི་གཏོར་བཅོམ་དང་གསོད་རྨས་ཀྱི་ནུས་ཤུགས་ཧ་ཅང་ཆེན་པོ་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་ནས་ཚེ་སྲོག་མང་པོ་ཞིག་ཤོར་རྒྱུ་ཡིན་པའི་འཇིགས་སྣང་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ཨ་རི་དང་ཨུ་རུ་སུ། རྒྱ་ནག ཨེ་ཛི་རལ། ལྷོ་ཀོ་རི་ཡ་བཅས་ནས་མིས་བཟོས་རིག་སྟོབས་ཀྱི་དྲག་ཆས་རིགས་གསར་གཏོད་བྱེད་པར་འགྲན་རྩོད་ཆེན་པོ་བྱེད་ཀྱིན་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༠༦

Leave a Reply

2 thoughts on “གོ་མཚོན་དྲག་ཆས་རིགས་གསར་གཏོད་བྱེད་པར་ངོ་རྒོལ་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཤེས་རབས་ཀྱི་རལ་གྲི་གསོ་གཉིས་མ་།
    ཤེས་བྱའི་གནས་ལ་ལྡེངས་ཆེ་ན་།
    རང་མགོ་རྨས་པ་ཨ་ཙ་མ་།
    རྣོ་ཕྱོགས་གཅིག་ཡིན་ན་ཆོག་པ་ལ་།

  2. གཞུང་པ་ཚེ་དབང་བསོད་ནམས་།

    ཤེས་བྱ་མཐའ་མེད་མི་གི་འདོད་བརྔམས་འོག་།
    འབྱུང་བ་ལྔ་ལ་སྐྱབས་བཅོལ་གསར་གཏོད་འོག་།
    རང་རྒྱལ་གཞན་ཕམ་ཀུན་སློང་ངན་པས་བསླུས་།
    དགྲ་ལ་མ་ཕོག་རང་འགོ་རྨས་མཁན་མང་།
    ཧཧཧཧཧཧ