༧གོང་ས་མཆོག་ནས་ཐུགས་སྨོན་མཛད།

༧གོང་ས་མཆོག་གིས་ཕྱི་ཚེས་ ༩ ཉིན་དྷ་སའི་ནུར་པུར་ཉེ་འགྲམ་ནས་སྒེར་གཉེར་སློབ་གྲྭ་ཞིག་གི་རླངས་འཁོར་གཡང་དུ་ལྷུང་སྟེ་སློབ་ཕྲུག་ ༢༣ ཚུད་པའི་མི་ ༢༧ རྐྱེན་འདས་སུ་ཕྱིན་པར་ཐུགས་སྨོན་མཛད་འདུག

ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་ཏུ་ཕུལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་སྨོན་གསུང་འཕྲིན་ནང་དུ། ཁ་སང་སློབ་ཕྲུག་འགྲུལ་སྐྱོད་རླངས་འཁོར་ཞིག་ནུར་པུར་(Nurpur)ཉེ་འགྲམ་དུ་གཡང་ལ་ལྷུང་ནས་མི་ ༢༧ བསད་པའི་ནང་སློབ་ཕྲུག་ ༢༣ ཡོད་པ་ཐོས་པས་ངོས་རང་བློ་ཕམ་ཧ་ཅང་བྱུང་། སློབ་ཕྲུག་དེ་ཚོ་རྒྱལ་ཁབ་གྱི་སྤོབས་པ་དང་བདེ་སྐྱིད། རེ་བ་ཡིན་པ་བཞིན་ཕ་མ་རྣམས་ཀྱི་སྤོབས་པ་དང་བདེ་སྐྱིད། རེ་བ་བཅས་ཀྱང་ཡིན་པ་རེད། ངོས་ཀྱིས་རྐྱེན་ངན་འདིའི་འོག་ཏུ་གཅེས་སྲོག་ཤོར་བ་རྣམས་ཀྱི་ཤུལ་ལུས་ནང་མི་དང་གཉེན་ཉེ་སོགས་ལ་ཐུགས་གསོ་གནང་གི་ཡོད། ཅེས་འཁོད་འདུག

ཡང་གསུང་འཕྲིན་ནང་། ཧི་མ་ཅལ་མངའ་སྡེ་ནི་འདས་པའི་ལོ་ ༥༨ རིང་ངོས་ཀྱི་སྡོད་གནས་ཡིན་པས་དེའི་མི་མང་རྣམས་ལ་རང་བཞིན་གྱིས་མཛའ་འབྲེལ་ཟབ་མོ་ཡོད་པ་ཚོར་གྱི་འདུག འདི་ལྟ་བུའི་གོད་ཆག་བྱུང་སྐབས་ཆག་སྒོ་ནི་ང་ཚོ་ཚང་མའི་མགོར་ལྷུང་བ་དང་གཅིག་མཚུངས་ཡིན་པ་ཚོར་གྱི་འདུག ཅེས་ཐུགས་སྨོན་གནང་འདུག

གཞན་ཡང་། ཐེངས་འདིའི་རྐྱེན་ངན་ཁྲོད་ཚེ་འདས་ཤུལ་ལུས་ཡུལ་མི་རྣམས་ཀྱི་ཆེད་དུ། ༧གོང་ས་མཆོག་གི་ཐེབས་རྩའི་མཚན་ཐོག་ནས་མངའ་སྡེའི་བློན་ཆེན་སྐུ་ཞབས་ཇཡི་རམ་ཐྰ་ཀུར་(Shri Jai Ram Thakur)མཆོག་གི་ཛ་དྲག་རོགས་དངུལ་ཐེབས་རྩ་ཁང་ལ་རོགས་དངུལ་ཡང་གནང་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༡༡

Leave a Reply

One thought on “༧གོང་ས་མཆོག་ནས་ཐུགས་སྨོན་མཛད།

  1. གཞུང་པ་ཚེ་དབང་བསོད་ནམས་།

    སྔོན་གྱི་ལས་དང་ཕྲལ་གྱི་རྐྱེན་།
    འདྲ་འདྲ་འདྲ་ལ་ནོར་ཉེན་ཡོད་།
    ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་་་་་་་་ཧྲི་