བོད་ཀྱི་ཆེས་སྔ་བའི་བང་སོ་རྙེད་ཡོད་ཟེར།

བོད་ཀྱི་སྟོད་མངའ་རིས་ཁུལ་ནས་ལོ་ངོ་༢༠༠༠ ནས་ ༣༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བང་སོ་ ༩ རྙེད་ཡོད་པ་དང་ཞིབ་འཇུག་པས་བང་སོ་དེ་དག་ནི་བོད་ཀྱི་ཆེས་སྔ་བའི་བང་སོ་ཡིན་པར་བརྗོད།

ཁ་སང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཁང་ཟེར་བ་དང་རྒྱ་ནག་ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་ཐོག བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ནུབ་སྟོད་མངའ་རིས་སང་དྷ་ལུང་པ་ནས་ས་ཁྱོན་ཀེ་ལོ་མེ་ཊར་ ༡༠ སྔོག་འདོན་བྱས་རྗེས། ཁྱོན་བང་སོ་༩ རྙེད་སོན་བྱུང་ཡོད་པ་དང་། ཞིབ་འཇུག་པས་བང་སོ་དེ་དག་ནང་ལོ་ངོ་ ༣༠༠༠ ལོ་རྒྱུས་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་བསྒྲགས་འདུག

ཤཱཀྱ་དབང་འདུས་ཞེས་པའི་བོད་རིགས་གནའ་རྫས་དཔྱད་ཞིབ་པ་ཞིག་གིས། གསར་དུ་རྙེད་པའི་བང་སོ་ཁག་ཅིག་རྡོ་རྩེག་གོར་གོར་གྱི་དཀྱིལ་དུ་ཡོད་པ་དང་། ཁག་ཅིག་ས་ཁུང་གཏིང་རིང་པོའི་ནང་བཅུག་ཡོད་སྐོར་བརྗོད་འདུག

ཡང་བརྒྱུད་ལམ་ཁག་གི་གནས་ཚུལ་ནང་གནའ་རྫས་དཔྱད་ཞིབ་ཀྱི་གྲུབ་དོན་དུམ་མཚམས་གཉིས་སུ་བགོས་ཡོད་པ་ལས། བང་སོ་ཁག་ཅིག་ལོ་ངོ་༣༠༠༠ ནས་ ༣༥༠༠ བར་ཡིན་པ་དང་། ཁག་ཅིག་ལོ་ངོ་ ༢༡༠༠ ནས་ ༢༣༠༠ བར་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་གར་གྱི་(Business Standard) ཞེས་པའི་གསར་ཁང་གིས། བོད་ནང་ནས་རྙེད་སོན་བྱུང་བའི་བང་སོ་དེ་དག་ཆེས་རྙིང་པའི་བང་སོ་ཡིན་པ་མ་ཟད། བང་སོའི་ནང་ལིས་བཟོས་པའི་ཅ་དངོས་ཁག་ཅིག་ཡོད་པའི་ཁྲོད་མཛུབ་དཀྲིས་དང་དྲིལ་བུ། དེ་བཞིན་མིའི་རུས་པ་སོགས་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༥ ཉིན་རྒྱ་ནག་གི་གནའ་རྫས་དཔྱད་ཞིབ་རིག་པ་བ་ཚོས་ཁྱོན་བང་སོ་ ༡༣ རྙེད་སོན་བྱུང་ཡོད་པ་དང་། ཞིབ་འཇུག་བྱས་པ་བརྒྱུད་བང་སོ་དེ་དག་ལོ་ངོ་ ༡༨༠༠ ནས་ ༢༧༠༠ བར་འགོར་ཡོད་པ་མ་ཟད། བང་སོ་གཉིས་ཀྱི་ནང་ནས་མིའི་ལུས་པོ་ཆ་ཚང་བ་ཞིག་རྙེད་སོན་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༡༩

Leave a Reply