སུས་རྒྱ་ནག་ཁ་འཐོར་དུ་གཏོང་གི་འདུག

ཡུ་ཅེས་བརྩམས།
ལོ་མ་རྒྱལ་གྱིས་བསྒྱུར།

ཏང་གཅིག་གི་སྒེར་སྡོམ་གྱི་འོག་ནས་རུལ་སུངས་ལ་རྒོལ་བའི་ལས་འགུལ་ལ་ལམ་ལྷོངས་ཡོང་མི་སྲིད།

ཞི་ཅིན་ཕིན་གྱི”འདེམ་གསེས་རང་བཞིན་གྱི་རུལ་སུངས་ལ་རྒོལ་བ”དེས་རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་གྱི་སྒྲིག་གཞི་དེར་འགྱུར་བ་བཏང་མེད་པར་མ་ཟད། མི་དམངས་དཀྱུས་མ་རྣམས་ལའང་ཕན་ཐོགས་མེད། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ནི། ཆབ་སྲིད་ཀྱི་སྒྲོམ་གཞི་མུ་མཐུད་ནས་གནས་མིན་ལ་རག་ལས་ལ། དཔལ་འབྱོར་ཡར་རྒྱས་ཀྱི་སྒུལ་ཤུགས་ནི་ས་ཁང་ཐོན་ལས་ཡིན་ཞིང་། དེའི་ཐད་ལ་རུལ་སུངས་ཀྱི་གནས་ཚུལ་ཚབས་ཆེ། དེ་ཡང་པེ་མེ་ཤིན་གྱིས་ཤེས་རྟོགས་བྱུང་བ་ལྟར་ན། “རྒྱ་ནག་གི་མི་སྒེར་གྱི་རྒྱུ་ནོར་འབོར་ཆེན་ཞིག་ནི་ས་ཁང་ཐོན་ལས་དང་གཏེར་ལས་ལ་བརྟེན་ཡོད་པ་དང་། དེ་དག་ནི་ཚེ་གང་ལ་རུལ་སུངས་བྱས་པའི་འབྲས་བུ་ཞིག་ཡིན།” མིག་སྔར་གྱི་གནས་སྟངས་འོག་ནས། ཁྱབ་ཁོངས་དེ་དག་གི་ཁྲོད་དུ་འབྱུང་བཞིན་པའི་རུལ་སུངས་དེ་འགོག་ཐབས་མེད་པ་ཞིག་རེད། “རྒྱ་ནག་གི་ས་གནས་སྲིད་གཞུང་དང་། ས་ཁང་བདག་ཁུངས་ཀྱི་མགོ་བ་གཉིས་ལྐོག་འབྲེལ་བྱས་ཏེ། དར་རྒྱས་འགྲོ་བཞིན་པའི་སྡོད་ཁང་ཚོང་རའི་ཁྲོད་ནས་ཁེ་བཟང་ཆེན་པོ་ལེན་གྱི་ཡོད། ས་གནས་སྲིད་གཞུང་དང་པེ་ཅིན་གཞུང་གཉིས་མཉམ་འབྲེལ་ལ་བརྟེན་ནས། ཞིང་ཆེན་དང་རྫོང་རིམ་པའི་ས་ཁང་ཚོང་གཉེར་གྱི་ཐད་ནས། ཁེ་འབབ་མང་ཙམ་བསྡུ་བཞིན་ཡོད། ཚིག་སྒྲོས་གཞན་ཞིག་གི་སྒོ་ནས་བཤད་ན། ཁང་རིན་མཐོ་བ་ནི། མིག་སྔར་རྒྱ་ནག་གི་ནོར་སྲིད་སྒྲིག་གཞིའི་ཟློག་ཏུ་མེད་པའི་འབྲས་བུ་ཞིག་ཡིན། རྒྱུ་མཚན། ཁང་རིན་མཐོ་བ་ནི་རྣམ་པ་མི་འདྲ་བའི་དཔྱ་ཁྲལ་གཞན་ཞིག་ཡིན།”

<<རྒྱ་ནག་གཡོ་འཚོང་།>>ཞེས་པའི་དེབ་དེའི་ནང་དུ། པེ་མེ་ཤིན་གྱིས་རུལ་སུངས་དོན་རྐྱེན་གྱི་རྒྱུ་ཆ་རྣམས་སྤྱད་ཡོད། དེ་ཡང་རྒྱུ་ཆ་ཕལ་མོ་ཆེ་ནི་ཧོ་ཅིན་ཐོའི་དུས་སྐབས་དང་། ཞི་ཅིན་ཕིན་སྲིད་འཛིན་སྐབས་དང་པོའི་སྐབས་སུ་བྱུང་བ་ཞིག་ཡིན་ཞིང་། ཁོས་དབང་ཆེན་མ་རྩ་རིང་ལུགས་ལ་འདི་ལྟར་རྟོག་ཞིབ་གནང་འདུག། “རྒྱ་ནག་གི་དབང་ཆེན་མ་རྩ་རིང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། ཁ་ཐོར་རང་བཞིན་ཅན་ཞིག་ཡིན།” དེ་ཡང་རིམ་པ་དུ་མ་དང་ལྡན་པའི་དབང་ཆེན་མི་སྣང་ཉུང་ཤོས་ཀྱིས་བཟུང་བའི་སྲིད་ཀྱི་སྒྲོམ་གཞི་ཞིག་ཡིན། “སྲིད་གཞུང་སྡེ་ཁག་ཀུན་ལ་ཚོགས་པ་ཆུང་ཆུང་རེ་ཡོད་པ་དང་། ས་གནས་སྲིད་གཞུང་གི་དཔོན་པོ་ཚོར་ཏང་གི་མགོ་ཁྲིད་ལ་རྒྱབ་རྟེན་བྱེད་ས་ཡོད་པ་དེ་རེད།” ཁོའི་འདོད་ཚུལ་ལྟར་ན། ཆེས་ཐོག་མའི་རིམ་པའི་སྐབས་སུ། “རྒྱ་ནག་གི་དབང་ཆེན་མ་རྩ་རིང་ལུགས་ནི་ཅུང་གུ་ཡངས་ཀྱི་རྣམ་པ་ལྡན།” དྲང་མོར་བཤད་ན། དབུལ་ཕོངས་ནས་འཚར་ལོངས་བྱུང་ཞིང་། འདོད་རྔམ་མེ་ལྟར་འབར་བའི་མི་སྣས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་ཆེན་དབང་ཆེན་ལ་རྒྱབ་སྙེས་ཀྱི་ཡོད་པར་མ་ཟད། མཚམས་རེར། དཔོན་རིགས་ཀྱི་ཕྱོགས་ཁག་ཏུའང་ཞུགས་ཀྱི་ཡོད། དཔེར་ན། ཞོ་ཅན་ཧ(萧建华)དང་། ཡེད་ཅན་མེན(叶简明) ཀོལ་ཝིན་ཀོའུ(郭文贵)སོགས་ལྟ་བུ་རེད། ཁོ་ཚོ་ནི་དབང་ཆེན་པ་མིན་ཡང་། དབང་ཆེན་པའི་ཚབ་མཚོན་པ་ཡིན་པས། རང་ཉིད་ཕྱུག་པོར་གྱུར་པ་དང་རྒྱལ་ཁབ་ལ་ངོ་རྒོལ་བྱེད་ཀྱི་ཡོད།

དེ་ནས་ཞི་ཅིན་ཕིན་གྱི་སྲིད་འཛིན་ལས་ཡུན་སྐབས་དང་པོའི་མཇུག་ཏུ། འཛིན་སྐྱོང་རིམ་པ་དུ་མ་ཅན་ནམ་ཁ་ཐོར་རང་བཞིན་ཅན་དེར་འགྱུར་བ་ཆེན་པོ་བྱུང་། ཞི་ཅིན་ཕིན་གྱིས་ཆབ་སྲིད་ཀྱི་ཐོག་ནས། དབང་ཆ་གཅིག་སྡུད་གནང་བ་དང་། དབང་ཆར་བརྟེན་ཡོད་པའི་མ་རྩ་ཅན་གྱི་མཐོ་རིམ་མི་སྣ་དག་ལ་རྣམ་པ་གསར་པ་ཞིག་བྱུང་ཡོད། གཞུང་གི་དཔལ་འབྱོར་སྨྲ་བ། ཀྲང་ཝིན་ཀོའུ(张文奎) གྱིས་འདི་ལྟར་སྒྲོག་གི་ཡོད། རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་བརྟན་བརླིང་ལ་གནོད་པའི”ཁ་དོག་ཟིང་སྐྱའི་ཚོགས་པ”གཙང་སེལ་བྱེད་དགོས། འདི་ནི་དངུལ་སྒོར་དུང་ཕྱུར་མང་པོར་ཁ་ལོ་སྒྱུར་བཞིན་པའི་ཕྱུག་བདག་ཞོ་ཅན་ཧ(萧建华)དང་། ཝོ་ཞོ་ཅིན།(吴晓晖) ཡེད་ཅན་མེན(叶简明)ལྟ་བུ་སོགས་ཕམ་ཉེས་བྱུང་བའི་རྒྱུ་མཚན་དེ་ཡིན། “ཁ་དོག་ཟིང་སྐྱའི་ཚོགས་པ”ཞེས་པའི་ཚོགས་པ་འདི་ལ་རྒྱལ་ལྗོངས་ངེས་ཅན་ཞིག་དང་རྒྱུ་ནོར་གྱི་ཡོངས་ཁུངས་ངེས་ཅན་ཞིག་ཡོད་ཀྱང་། “དམར་ནག”ཚོགས་པ་དང་བསྡུར་ས་མེད་ཅིང་། ཁོ་ཚོར་ལྕགས་ཞྭ་གྱོན་པའི་རྒྱལ་སྲས་ཀྱི་མིང་དེ་ད་དུང་ཐོགས་མེད། དཔེར་ན། ཝོ་ཞོ་ཅིན་ནི་ཏིན་ཞོ་པེ་ཁྱིམ་རྒྱུད་ཀྱི་མག་པ་ཡིན་ནའང་། ཁོར་གནོད་སྐྱེལ་རྒྱུ་ནི་སྐུ་སྲས་ཏང་གི་མི་སྣ་ཚོར་འཇིགས་དངངས་མེད། ཞི་ཅིན་ཕིན་ནི་དངོས་གནས “སྟག་གསོད་མཁན” ཞིག་ཡིན་ཡང་། དམར་གསོད་བཏང་བའི་སྟག་རེ་རེ་ནི་བསམ་བློ་ཞིབ་ཚགས་བཏང་ནས་བསལ་ཞིང་བདམས་ནས་གསད་པ་ཞིག་ཡིན་ཞིང་། ཕལ་མོ་ཆེ་ནི “ཁ་དོག་ཟིང་སྐྱའི་ཚོགས་པ”ར་འབྲེལ་བ་ཡོད་མཁན་དག་ཡིན་པ་ལས། “ཁ་དོག་དམར་ནག་ཚོགས་པ”ར་གནོད་སྐྱེལ་ཐུབ་མེད། རྒྱུ་མཚན་ནི། ཞི་ཅིན་ཕིན་རང་ཉིད་ཀྱིས་ཀྱང་ཁ་དོག་དམར་ནག་ཚོགས་པའི་འཐུས་མི་ཞིག་ཡིན།

”འདེམ་གསེས་རང་བཞིན་གྱི་རུལ་སུངས་ལ་རྒོལ་བ’’འི་ལས་འགུལ་དེ་ནི། དབང་ཆེན་མི་སྣ་རིམ་པའི་ནང་ཁུལ་གྱི་རྒྱུ་ནོར་རྣམས་བགོ་འགྲེམས་དང་། སྙོམས་པོར་བཟོས་པ་ཙམ་ཞིག་ལས་མང་ཚོགས་དཀྱུས་མ་དང་འབྲེལ་མེད་དུ་གྱུར་ཡོད། དབྱིན་ཇིའི་གཙུག་ལག་སློབ་གྲྭ་ཆེན་མོའི་རུལ་སུངས་གནད་དོན་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན། དན་ཧྤོ(Dan Hough)ཡིས་བརྗོད་དོན། ཞི་ཅིན་ཕིན་གྱིས་རུལ་སུངས་ལ་རྒོལ་བའི་ལས་འགུལ་གྱི་ཚད་གཞི་མཐོ་ཤོས་ནས་བལྟས་ན། རུལ་སུངས་ལ་རྒོལ་བའི་དངོས་ཡོད་ཀྱི་གནས་ཚུལ་ནི་དེ་འདྲའི་ཡག་པོ་ཞིག་མིན་ཞིང་། “རྒྱལ་སྤྱི་མེ་ལོང་ཚོགས་པ།”འི་ཨེ་ཤི་ཡའི་ཕྱོགས་ལ་རྟོག་ཞིབ་གནང་མཁན། སི་རི་ར་ཀ-པ་ལི་པ་ཏ(Srirak Plipat)ཡིས་བརྗོད་དོན། “ང་ཚོ་རྒྱ་ནག་གི་རུལ་སུངས་ཀྱི་གནད་དོན་ཐད་ལ་སེམས་ངལ་ཆེ། རྒྱ་ནག་གི་དཔོན་རིགས་ཚོས་རུལ་སུངས་ལ་རྒོལ་བའི་བྱེད་ཐབས་དེ་ནི་ཕུགས་བརྟན་ཁེལ་བ་ཞིག་མ་རེད། དེ་བས། སྲིད་གཞུང་གིས་སྔོན་འགོག་གི་ལས་སྒྲུབ་དགོས་ཤིང་། ཉེས་ཅན་ལ་ཉེས་ཆད་ནན་མོ་གཅོད་པ་དང་། ཁྲིམས་ལུགས་ལེགས་བཅོས་དང་རྒྱལ་སྤྱིའི་ཚད་གཞི་དང་འབྲེལ་མཐུད་གནང་དགོས། ཆེས་གལ་འགངས་ཆེ་བའི་གནད་དེ་ནི། སྲིད་གཞུང་གིས་རུལ་སུངས་གནད་དོན་གྱི་རྒྱུ་རྐྱེན་ངོ་མ་དེ་གཙང་སེལ་བྱེད་པར་གལ་གནད་དུ་འཛིན་དགོས། རྒྱུ་མཚན་ནི། མུ་མཐུད་ནས་མི་ངན་གྱི་རྗེས་འདེད་གནང་ན། དཀའ་ངལ་ངོ་མ་དེ་སེལ་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཏུ་འགྱུར་ངེས།” ཐ་ན་ཞི་ཅིན་ཕིན་གྱིས་ཐེར་འདོན་བྱས་པའི་སྟག་གི་ཁྲོད་ནས། ཝང་ཆི་ཧྲན་གྱིས་ཀྱང་འདི་ལྟར་ཁས་ལེན་བྱེད་ཀྱི་ཡོད་དེ། “རང་ཉིད་ཀྱིས་རང་ཉིད་ལ་གཤག་བཅོས”བྱེད་པ་ནི་ཧ་ལམ་མི་སྲིད་པ་ཞིག་རེད།

རུལ་སུངས་ཀྱིས་རྒྱ་གཞུང་གི་དཔལ་འབྱོར་བཅོས་སྒྱུར་གྱི་མདུན་ལྗོངས་མོག་མོག་པོར་བཟོ་བ།

རྒྱ་ནག་གི་མཐོ་སློབ་ཚོང་ལས་སྒེར་གཉེར་ཞིབ་འཇུག་མཐུན་ཚོགས་ཀྱི་ཉིས་སྟོང་བཅོ་བརྒྱད་ཀྱི་ལོ་འཁོར་ཚོགས་འདུའི་སྟེང་དུ། ཚོང་ལས་སྒེར་གཉེར་ཁུལ་ཡར་རྒྱས་སུ་འགྲོ་བར་དཀའ་ངལ་ཅི་ཅི་ཡོད་མེད་གླེང་སྐབས། ཧྥི་ཏན་སློབ་ཆེན་གྱི་དཔལ་འབྱོར་སློབ་གླིང་གི་སློབ་གཙོ། ཀྲང་ཅིན(张军)གྱིས་འདི་ལྟར་བརྗོད། “དང་པོ། རྒྱ་ནག་གཞུང་ཁག་ལ་སྒུལ་ཤུགས་མི་འདུག གཉིས་པ། བཅོས་སྒྱུར་བྱེད་པའི་སྤྲོ་སེམས་ཁོལ་བའི་རྣམ་པ་དེ་ནི་སྤྱི་ཡོངས་ནས་ཉམས་འདུག” ཀྲང་ཅིན་ལྟར་ན། ཁེ་ཕན་ཚོགས་ཁག་གི་སྟོབས་ཤུགས་ལ་བརྟེན་ནས། བཅོས་སྒྱུར་བྱེད་པའི་ལས་གཞི་མང་པོ་ཞིག་ལམ་ལྷོངས་མ་བྱུང་བར་འདོད། “ང་རང་གིས་སྲིད་གཞུང་གི་ལས་ཁུངས་སུ་ཡོད་པའི་ལས་བྱེད་པ་རེ་རེར་བཅོས་སྒྱུར་གྱི་ལས་གཞི་ཞིག་འགོག་པའི་ནུས་པ་ཡོད་པར་འདོད།” “གནས་སྟངས་འདི་འདྲ་ཞིག་གི་འོག་ནས། བཅོས་སྒྱུར་བྱེད་པ་ནི་ཧ་ཅང་དཀའ་བའི་ལས་ཤིག་རེད།”

ཐ་ན་གཞུང་ཕྱོགས་ཀྱི་བློ་འདོན་པ་ཚོས་ཀྱང་བཅོས་སྒྱུར་བྱེད་དཀའ་བ་དེ་ངོས་ལེན་བྱེད་ཅིང་། ནུབ་ཕྱོགས་ཀྱིས་ཀྱང་ལོ་ངོ་སུམ་ཅུའི་རིང་དུ་རྒྱ་ནག་ལ་བཟུང་བའི་སྲིད་ཇུས་དེར་འགྱུར་བ་བཏང་། སྔོན་ཆད། ནུབ་ཕྱོགས་པའི་འདོད་ཚུལ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཐད་ལ་རོགས་འདེགས་བྱས་ཏེ། རྒྱ་ནག་དཔལ་འབྱོར་གོ་ལ་གཅིག་གྱུར་གྱི་གྲས་སུ་ཚུད་པར་གནང་ཏེ། འབྱོར་འབྲིང་མང་ཚོགས་ཀྱིས་དམངས་གཙོ་དང་། ཁྲིམས་ཀྱི་དབང་སྒྱུར་བཅས་ལ་རེ་འདུན་བཏོན་ཏེ། རྒྱ་ནག་དམངས་གཙོར་འགྱུར་བར་འདོད་ཀྱི་ཡོད། འོན་ཀྱང་། འདོད་ཚུལ་དེ་ནི་དངོས་ཡོད་དང་མི་མཐུན་པའི་རྨི་ལམ་ཞིག་ཡིན་པ་དོན་དངོས་ཀྱི་གནས་ཚུལ་མང་པོ་ཞིག་གིས་བདེན་དཔང་བྱས་ཡོད། དེའི་རྒྱུ་མཚན་ནི། རྒྱ་ནག་གི ”ཐོག་མར་ཕྱུག་པོར་གྱུར” པའི་མི་ཕལ་མོ་ཆེ་ནི། རང་ཉིད་ཀྱི་ནུས་པ་དང་རྣམ་དཔྱོད་ལ་བརྟེན་ནས་ཕྱུག་པོར་གྱུར་པ་ཞིག་མིན་པར། དབང་ཆར་བརྟེན་ནས་ཕྱུག་པོར་གྱུར་པ་ཞིག་ཡིན། དེ་ཡང་། པེ་མེ་ཤིན་གྱིས་བརྗོད་དོན། “སྒེར་གཉེར་ཁེ་ལས་པ་རྣམས་ལ་རྒྱུ་འབྱོར་བ་དང་དབང་གོ་ས་ཐོབ་རྗེས། དབང་ཆེན་མ་རྩ་རིང་ལུགས་དེ་རང་དབང་མ་རྩ་རིང་ལུགས་ཅན་དུ་བསྒྱུར་བར་སྟོང་བསམ་མ་འཆང་། ཚོགས་པ་ཆུང་ཆུང་དུ་འཛུལ་བའི་མི་ཡོད་ཚད་ཀྱིས་རང་བཞིན་གྱིས་དམིགས་བསལ་གྱི་དབང་ཆ་དང་སྔོན་མའི་ལམ་སྲོལ་དེ་ཉར་ཚགས་བྱེད་ཀྱི་རེད། གང་ལྟར། དབང་ཆ་མ་རྩ་རིང་ལུགས་ཀྱི་དམིགས་བསལ་དབང་ཆའི་ཁེ་ཕན་ནི། རང་དབང་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་ཁེ་ཕན་བློས་གཏོང་བྱེད་པ་དེ་ཡིན།”

<<རྒྱ་ནག་གཡོ་འཚོང་།>>ཞེས་པའི་དེབ་ལས། རྩོམ་པ་པོ་པེ་མེ་ཤིན་གྱིས་ནན་ཏན་གྱིས་དོན་གནད་ཅིག་བརྗོད་ཡོད། དེ་ཡང་མི་སྒེར་ཁེ་ལས་གཉེར་མཁན་དང་སྲིད་གཞུང་གི་དཔོན་རིགས་གཉིས་ལྐོག་འབྲེལ་བྱས་པར་བརྟེན་ནས། རང་དབང་མ་རྩ་རིང་ལུགས་པའི་མདུན་ལྗོངས་མོག་མོག་པོར་བཟོ་བཞིན་ཡོད་པ་དེ་ཡིན། “ལྐོག་འབྲེལ་དེའི་རིགས་ལ་ཚོགས་པ་གཞན་ཕར་སྐྲོད་པའི་ནུས་པ་ལྡན། རྒྱུ་མཚན་ནི། དེ་ལྟར་ལྐོག་འབྲེལ་བྱས་ཚེ། ཚོགས་མིའི་ཡོང་འབབ་རྒྱུན་གནས་བྱེད་ཐུབ་པར་མ་ཟད། མུ་མཐུད་ནས་ཚོགས་པ་རྒྱུན་སྤེལ་ཡང་བྱེད་ཐུབ། དེའི་མཇུག་འབྲས་ནི། རང་བདག་མ་རྩ་རིང་ལུགས་མ་ཡིན་པར། གཉེན་ཉེ་དང་ཁྱིམ་རྒྱུད་དབང་ཆེན་མ་རྩ་རིང་ལུགས་འབྱུང་གི་ཡོད་པ་དེ་ཡིན། རྒྱ་ནག་དམངས་གཙོར་འགྱུར་བའི་ལམ་ཁ་ནི་ཀྱག་ཀྱག་མེད་པའི་ལམ་དྲང་མོ་ཞིག་མིན། གལ་སྲིད། རང་དབང་མ་རྩ་རིང་ལུགས་དར་རྒྱས་སོང་བར་བརྟེན་ནས། རྒྱ་ནག་དམངས་གཙོར་འགྱུར་བར་ཕན་ཐོགས་ཀྱི་ཡོད་ན། དབང་ཆེན་མ་རྩ་རིང་ལུགས་ཀྱིས་རྒྱ་ནག་དམངས་གཙོར་འགྱུར་བར་འགོག་རྐྱེན་བཟོ་ངེས།” ད་དུང་ཁོས་འདི་ལྟར་བརྗོད་དོན། རྒྱ་ནག་སྲིད་གཞུང་རྙིང་པ་མགོ་སྟེང་བསློགས་ཀྱང་། མགྱོགས་པོར་དམངས་གཙོར་མི་འགྱུར་ཞིང་། དབང་ཆེན་མ་རྩ་རིང་ལུགས་ཀྱི་ཤུགས་རྐྱེན(ཚད་མཐོ་བའི་དབུ་ཕྱུག་གི་ཧེ་བག་དང་། ནག་ཚོགས་ཀྱིས་སྲིད་གཞུང་འཛིན་པ། དབང་ཤུགས་བདག་བཟུང་།)ལ་བརྟེན་ནས་བྱུང་བའི་ཁྲིམས་འགལ་གྱིས་ཕྱུག་བདག་ཏུ་གྱུར་པའི་སྲིད་གཞུང་རྙིང་པའིམི་སྣ་ནི། སྲ་བརྟན་དུ་གྱུར་མེད་པའི་དམངས་གཙོའི་སྒྲིག་གཞིའི་ཐད་ལ་ཤུགས་ཆེན་ཧ་ཅང་ཆེ་ངེས། ད་དུང་། རྒྱ་གཞུང་གིས་དམངས་གཙོའི་སྟོབས་ཤུགས་ལྟ་བུར་གྱུར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲོམས་རྩོད་པ་དང་། རང་དབང་ཅན་གྱི་ཆོས་ཚོགས་སོགས་ལ་དྲག་གནོན་བྱེད་ཀྱི་ཡོད་སྟབས། རྒྱ་ནག་སྤྱི་ཚོགས་ཀྱི་བདེ་ཐང་གི་སྟོབས་ཤུགས་དེ་ཉམས་དམས་སུ་གྱུར་ཡོད། གུང་ཁྲན་ཏང་ཕྱིར་བསྐྲད་པའི་ཉིན་དེར། བློ་གྲོས་དང་སྤོངས་པས་ཁེངས་པའི་གཞུང་དེ་འཛིན་སྐྱོང་བྱེད་མཁན་གྱི་མི་སྣ་ཞིག་རྙེད་རྒྱུ་མ་རེད།

དེར་བརྟེན། པེ་མེ་ཤིན་གྱིས་རྒྱ་ནག་གི་མ་འོངས་པའི་ཐད་ལ་སྐྱོ་སྡུག་གི་རྣམ་པ་འཛིན་གྱིན་ཡོད་དེ། “དཔོན་རིགས་ངན་འབྲེལ་བྱས་ཏེ་མི་ཉུང་ཤོས་ཤིག་ཕྱུག་བདག་ཏུ་བསྒྱུར་གྱི་ཡོད་པར་མ་ཟད། དབུལ་ཕྱུག་གི་ཧེ་བག་ཇེ་ཆེར་གཏོང་གི་ཡོད། རུལ་སུངས་ཀྱི་སྒེར་གཅོད་སྲིད་གཞུང་ཐོར་ནའང་། སྤྱི་ཚོགས་ཀྱི་གནས་བབ་དང་ཆ་རྐྱེན་དེས་རྒྱ་ནག་རང་དབང་དམངས་གཙོ་ཅན་དུ་འགྱུར་བར་ཕན་ཐོགས་ཐུབ་ཀྱི་མེད། གལ་སྲིད། སྒེར་གཅོད་སྲིད་གཞུང་ཐོར་ཡང། དཔོན་རིགས་ངན་འབྲེལ་གྱི་རྣམ་པ་དེ་ད་དུང་མུ་མཐུད་ནས་གནས་ཚེ། ཁོ་ཚོར་དབང་ཤུགས་དུས་རབས་ཀྱི་ཆབ་སྲིད་སྒྲོམ་གཞིའི་ཁྲོད་ནས་ཁེ་ཕན་རེག་སྟེ། སྐྱེས་མ་ཐག་གི་དམངས་གཙོའི་བྱིས་པ་དེར་གནོད་སྐྱེལ་ངེས། ར་ཤི་ཡ་དང་ཡུག་ཀ་རེན་རྒྱལ་ཁབ་གཉིས་ཀྱི་དམངས་གཙོའི་ཕམ་ཁའི་འཁྲབ་སྟོན་དེ་རྒྱ་ནག་གིས་ཕལ་ཆེར་བསྐྱར་དུ་སྟོན་ངེས།” རྒྱ་ནག་གི་མ་འོངས་པའི་གནས་སྟངས་ནི། ར་ཤི་ཡ་དང་ཡུག་ཀ་རེན་རྒྱལ་ཁབ་གཉིས་ལས་ཀྱང་སྐྱོ་ཞིང་སྡུག་ངེས་ཏེ། རྒྱལ་ཁབ་དེ་གཉིས་ལ་མཚོན་ན། ཐོག་མར་ཆབ་སྲིད་ལམ་ལུགས་ལ་བཅོས་སྒྱུར་གནང་བ་དང་། དེ་ནས་དཔལ་འབྱོར་ལམ་ལུགས་ལ་བཅོས་སྒྱུར་གནང་ཡོད་ཅིང་། དབང་འཛིན་པ་བཅོས་སྒྱུར་ལས་འགུལ་ཁྲོད་ནས་མངོན་གསལ་དོད་པོས་ཕྱིར་བུད་དེ། བཅོས་སྒྱུར་ཚོགས་པར་རྫུས་ནས་བཅོས་སྒྱུར་ལས་འགུལ་གྱི་ངོ་བོ་བསྒྱུར་ཡོད། འོན་ཀྱང་། རྒྱ་ནག་ནི་དེ་ལས་ལྡོག་སྟེ། “དྲུག་བཞི་དོན་རྐྱེན” རྗེས་ཀྱི་མི་ལོ་སུམ་ཅུའི་ནང་དུ། ཁེ་ཕན་ཚོགས་པ་ཆེན་པོ་ཞིག་ཏུ་གྱུར་ཡོད་པར་མ་ཟད། དབང་ཤུགས་དང་ཁེ་ཕན་ལ་གནོད་པའི་བྱ་བ་ཡོད་ཚད་ལ་དགག་གི་ཡོད་ཅིང་། ཁོ་ཚོ་ནི་བཅོས་སྒྱུར་གྱི་སྒུལ་ཤུགས་ཤིག་མིན་པར། བཅོས་སྒྱུར་གྱི་འགོག་རྐྱེན་ཞིག་ཏུ་གྱུར་ཡོད། མིག་སྔར་རྒྱ་ནག་ལ་ཁེ་ཕན་ཚོགས་ཁག་དེར་སྟངས་འཛིན་དང་བཀོད་འདོམས་བྱེད་པའི་སྟོབས་ཤུགས་གཞན་ཅི་ཡང་མེད། དེར་བརྟེན། བཅོས་སྒྱུར་གྱི་འགོ་བརྩམས་མ་ཐག་ནས། འདྲ་མཉམ་དང་དྲང་བདེན་གྱི་བཅོས་སྒྱུར་ཞིག་རྒྱ་ནག་ལ་ཡོང་སྲིད་པ་ཞིག་མ་རེད།

རྫོགས།

མ་རྩོམ་དྲ་ཐག http://www.chinainperspective.com/ArtShow.aspx?AID=193988

བསྐྱར་བཅོས།: ༢༠༡༨/༠༦/༡༣

Leave a Reply

2 thoughts on “སུས་རྒྱ་ནག་ཁ་འཐོར་དུ་གཏོང་གི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་་

    དཔོན་ངན་ངན་འབྲེལ་གྱིས་སྒེར་གཅོད་འགོ་འདྲེན་རིང་ལུགས་ཀྱིས་ལམ་ལུགས་
    རྒྱ་ནག་ཙམ་མིན་པ་ས་ཁུག་ལུང་ཁུག་ཚང་མར་གཅིག་རྒྱུར་དུ་ལག་ལྟར་བྱེད་བཞིན་
    པ་དབང་པོ་ནུས་ལྡན་ཚང་མས་མཐོང་བའི་ཡུལ་དུ་མེད་པ་ཡིན་ནམ?