སངས་རྒྱས་དང་སེམས་ཅན་གྱི་བར་ན་འགྲེང་བའི་ཀརྨ་པ།

-རྒྱལ་དབང་ཀརྨ་པའི་དགུང་གྲངས་སོ་གསུམ་པའི་འཁྲུངས་སྐར་ལ་བྲིས་པའི་ཐོལ་རྩོམ།

ཀླུ་སྨྱོན་ཧེ་རུ་ཀ

–གླེང་སློང་བའི་གཏམ་རྒྱུད།

སྔོན་མ་སྔོན་མ་ཞིག་ལ། རྒྱལ་དབང་ཀརྨ་པར་སངས་རྒྱས་དངོས་སམ་སངས་རྒྱས་གསོན་པོའི་དད་པ་ཡོད་པའི་ཁམས་པ་འགའ་མཚུར་ཕུར་ཀརྨ་པ་མཇལ་དུ་བསླེབས། ཀརྨ་པའི་གཟིམ་ཁང་གི་འདབས་དེར་གྲྭ་པ་ཞིག་གིས་ངོ་སྤྲོད་འདི་ལྟར། འདི་ཀརྨ་པའི་གཟིམ་ཁང་རེད། ཁམས་པ་ཚོས་དད་པ་ཆེན་པོས་ཐལ་མོ་སྦྱར། ཡང་གྲྭ་པ་དེས། འདི་ཀརྨ་པའི་ཆབ་གསང་ཁང་པ་རེད། ཁམས་པ་ཚོ་ཧོན་འཐོར་ནས་ས་ལ་འགྱེལ་གྲབ་བྱས། དེ་ནི་ཁམས་པ་ཚོས་ཀརྨ་པ་སངས་རྒྱས་གསོན་པོ་འོད་ཀྱི་སྐུ་འམ་འཇའ་ལུས་ཀྱི་སྐུ་བཞེས་ལག་མཆོད་མི་དགོས་ཤིང་དགོས་ཀྱང་ཆབ་གསང་ལ་ཕེབ་མི་དགོས་པ་ཞིག་ཏུ་བསམས་ཡོད་པས་རེད། ངས་ཀྱང་སྔོན་མར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཟེར་དུས་དེ་འདྲ་ཞིག་ཏུ་བསམས་མྱོང་།

ཆོས་བརྒྱུད་དང་ཁོར་ཡུག་མི་གཅིག་པས་ཡིན་ནམ་གང་ལྟར་ང་ལོ་ཆུང་དུས་ཀརྨ་པར་དོ་སྣང་དེ་ཙམ་བྱེད་མ་མྱོང་། བོད་ཡིག་ཏུ་རྒྱལ་བའི་དབང་པོ་ཞེས་པ་དང་དབྱིན་ཡིག་ནང་His Holiness ཞེས་པའི་ཚིག་འདི་ཡང་གོང་ས་མཆོག་གཅིག་བུར་སྦྱོར་བ་ཞིག་ཡིན་བསམས་མྱོང་། དེ་དུས་ངའི་ཡིད་ངོར་དེང་སང་ནང་བཞིན་དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཞེས་པའི་ཆེ་བསྟོད་ཀྱི་ཡིག་ཕྲེང་རིང་པོ་དེ་འདྲ་ཤར་མ་མྱོང་། ངའི་ཀླད་པའི་ནང་གི་ཀརྨ་པའི་སྣང་བརྙན་ནི་རྗེ་ཙོང་ཁ་པའི་བླ་མ་ཆེས་ཐོག་མ་དེ་ཀརྨ་པ་རོལ་བའི་རྡོ་རྗེ་ཡིན་པ་ཙམ་ལས་ཀརྨ་པ་རིམ་བྱོན་གྱི་རྣམ་ཐར་ཞིབ་ཕྲ་མ་བཀླགས་ཤིང་། ཨ་ལགས་དུང་དཀར་ཚང་གི་དེབ་དམར་མཆན་འགྲེལ་ལྟ་བུ་ལས་ཀརྨ་པ་ལྟ་བུའི་སྐྱེས་ཆེན་དག་ཀྱང་ཆབ་སྲིད་ཀྱི་རྙོག་འཛིངས་ནང་ལྷུང་བའི་སྐོར་རབ་རིབ་ཅིག་ཡིན།

ངས་བལ་ཡུལ་དུ་ཀྲུང་གོའི་བོད་ལྗོངས་ཞེས་པའི་དུས་དེབ་ཅིག་ལས་ཀརྨ་པ་ལོ་གཞོན་ཞིག་གི་སྐོར་རྩོམ་ཡིག་ཅུང་ཡིད་དབང་འཕྲོགས་པ་ཞིག་བཀླགས་པ་ད་དུང་ཡང་དྲན་སོས། དེ་ནི་ཀརྨ་པས་རྒྱ་ནག་པེ་ཅིན་དུ་འགྲུལ་བཞུད་བྱས་པའི་སྐོར་གྱི་རྩོམ་ཡིག་ཅིག་རེད། མིང་མི་དྲན་ཡང་སྐབས་དེའི་རྒྱལ་ཁབ་ཀྱི་སྲིད་འཛིན་དང་ཐུག་འཕྲད་བྱས་པ་ཞིག་ཡིན་པ་ཡོད། སྐབས་དེར་ཀརྨ་པས་མཐོ་རིམ་དཔོན་རིགས་ཤིག་ལ་འཁྲིས་ཀྱི་ཤེལ་སྒམ་ཆེན་པོའི་ནང་བླུགས་པའི་ཉ་ཆུང་དེ་ཚོའི་སྐོར་ལ། ཉ་འདི་ཚོ་སྐྱིད་པོ་ཡོད་དམ་ཞེས་དྲིས་པར། དཔོན་རིགས་དེས། ཉ་འདི་ཚོར་ཟ་མ་ཡག་ཤོས་སྦྱིན་གྱི་ཡོད་པས་སྐྱིད་པོ་ཡོད་ལུགས་བརྗོད་པའི་ལན་དུ། ཉ་འདི་ཚོ་ཁོ་ཚོ་གང་ནས་ཡོང་བའི་རྒྱ་མཚོ་དང་མཚེའུ་དེ་གའི་ནང་ཕྱིར་གློད་པ་ཡིན་ན་རང་དབང་དང་བདེ་སྐྱིད་དེ་ལས་ཆེ་བ་ཞིག་འཐོབ་རྒྱུ་ཡིན་ལུགས་བརྗོད་འདུག ཀརྨ་པའི་སྐད་ཆ་དུམ་བུ་དེ་ཁོ་ནས་ངའི་ཡིད་དབང་འཕྲོགས་སོང་། ཇི་འདྲའི་རླབས་ཆེན་གྱི་སྐྱེས་བུ་ཞིག ཇི་འདྲའི་སྙིང་སྟོབས་ཅན་གྱི་བྱིས་པ་ཞིག ཇི་འདྲའི་ལྷག་བསམ་ལྡན་པའི་སྤྲུལ་སྐུ་ཞིག

སྤྱི་ལོ་ཉིས་སྟོང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ང་རང་བདག་ཅག་གི་སྟོན་པའི་འཁྲུངས་གནས་ལུམྦྷི་ནིར་ཡོད། ཉིན་མོར་ས་སྐྱའི་སྨོན་ལམ་ལ་མཉམ་ཞུགས་དང་དགོང་མོར་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གཞོལ་བའི་དུས་ཤིག་ཀྱང་ཡིན། སྟོང་ལོ་གསར་པ་ཞེས་པའི་སྐད་གྲགས་ཅན་དེ་བསླེབས་སོང་། འཛམ་གླིང་གི་མི་ཆེན་དུ་གྲགས་པ་མང་པོར་བརྙན་འཕྲིན་དང་རླུང་འཕྲིན་ཚགས་པར་སོགས་བརྒྱུད་ནས་འགྲོ་བ་མིའི་རིགས་ལ་བཀྲ་ཤིས་བདེ་ལེགས་དང་དགའ་བསུ་འཚམ་འདྲི་བྱེད་བཞིན་འདུག ཡིན་ཡང་ང་ནི་དོན་དག་གློ་བུར་བ་ཞིག་གིས་དམ་ལ་བཏགས་བྱུང་། དེ་ནི་མི་ཆེན་དེ་དག་གི་སྟོང་ལོའི་འཚམ་འདྲི་མ་ཡིན་པར་རི་བོ་ཧི་མ་ལ་ཡའི་ཕར་རྒྱབ་ནས་ལོ་ན་གཞོན་པའི་རྒྱལ་བ་ཀརྨ་པ་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས་པའི་སྐོར་གྱི་གསར་འགྱུར་བདེན་རྫུན་གང་ཡིན་མི་ཤེས་པ་དེས་ཡིན།

གང་ལྟར་ང་ཚོའི་དཔའ་མཛངས་ལྡན་པའི་ལོ་གཞོན་ཀརྨ་པ་སྐུ་འཁོར་བལ་ཡུལ་ནས་རྒྱ་གར་དུ་ཕེབས་ཏེ་རྡ་རམ་ས་ལར་༧གོང་ས་མཆོག་མཇལ་བའི་གསར་འགྱུར་གཅིག་རྗེས་གཉིས་མཐུད་དུ་ཐོན། འཛམ་གླིང་གསར་འགྱུར་ཆེ་གྲས་མང་པོ་ཞིག་གིས་ཀྱང་གནས་ཚུལ་ཚ་ཚ་འུར་འུར་དུ་སྤེལ། མི་རྣམས་ཀྱིས་ཁ་གདངས་ཤིང་མིག་ཅེར། སེམས་པ་གཏད་ཅིང་རྣ་བ་བླགས། དད་པ་སྐྱེས་ཤིང་བསྔགས་བརྗོད་བྱས། ཡིན་ཡང་བཀའ་བརྒྱུད་པའི་བླ་མ་རེ་ཟུང་གིས་ཀརྨ་པས་བོད་ནང་གི་རྒྱལ་ཁབ་རིམ་པའི་བླ་ཆེན་གྱི་གོ་གནས་གལ་ཆེན་ཞིག་བློས་བཏང་སོང་ཞེས་འཁང་ར་ཏོག་ཙམ་བྱས་པའི་སྐོར་ཡང་ཐོས། དེ་བདེན་མིན་མ་ཤེས། གཏམ་འཆལ་ཡིན་ཡང་སྲིད། འོན་ཀྱང་བླ་མ་སྲིད་དོན་པ་ཚོར་མཚོན་ན་འདི་ནི་བསུབ་ཏུ་མེད་པའི་གྱོང་གུན་ཞིག་ཡིན་ཡང་སྲིད།

ས་སྐྱའི་སྨོན་ལམ་གྲོལ་ནས་ཕྱིར་བལ་ཡུལ་རྒྱལ་སར་འབྱོར་རྗེས་ཀྱི་མདུན་ཕྲག་ཁ་ཤས་ཀྱི་རྗེས་སུ། ངའི་ལག་པར་ཀརྨ་པས་འཛམ་གླིང་གི་རི་བོ་མཐོ་ཤོས་ཧི་མ་ལ་ཡ་བརྒལ་སྐབས་སུ་བྲིས་པའི་སྙན་ངག་གམ་རྨི་ལམ་རྗེས་དྲན་གྱི་རྩོམ་ཡིག་ཅིག་འབྱོར། དེ་ནི་འདི་ལྟ་སྟེ།

༄༅། །རབ་དགའི་སྨོན་ལམ་སྐལ་བཟང་སྦྲང་རྩིའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །

ༀ་སྭསྟི།

གསང་གསུམ་ཐུགས་རྗེ་རབ་དཀར་གཡས་འཁྱིལ་དུང་།།

འགྱུར་མེད་ལྷག་བསམ་དཔུང་གིས་འབུད་པ་ཡིས།།

ཟླ་མེད་གྲགས་པའི་དབྱངས་སྙན་རྣ་བའི་རོས།།

དགེ་ལེགས་ཤིས་པའི་པདྨོ་འཛུམ་གྱུར་ཅིག།

 

མ་སྨད་མཚན་གྱི་དཔག་བསམ་བདུད་རྩིའི་ལྗོན།།

དྲི་མེད་ཡོངས་འདུའི་བསུང་ཞིམ་མངར་བའི་དབྱངས།།

གཏན་བདེའི་ནོར་བའི་འདབ་བཟང་ཕང་ཕུན་ཅན།།

རྣམ་རྒྱལ་སྲིད་ན་རབ་ཏུ་མཛེས་གྱུར་ཅིག།

 

ཞི་བསིལ་གངས་རིའི་མེ་ཏོག་མངར་བའི་ཕྲེང་།།

སྤོས་དཀར་བསུང་ཞིམ་འཐུལ་བའི་སྨན་ལྗོངས་སུ།།

ལུགས་གཉིས་ཟླ་ཟེར་སྣང་བའི་འཇོ་སྒེག་གིས།།

ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག།

 

གངས་ལྗོངས་བསོད་ནམས་དགའ་སྟོན་སྣང་བའི་དཔྱིད།།

འཕགས་མཆོག་ཕྱག་ན་རབ་དཀར་པདྨོ་འཛིན།།

མཚན་དཔེའི་འཇོ་སྒེག་ཡིད་ཅན་མིག་གི་གཏེར།།

རབ་བརྟན་རྡོ་རྗེའི་སྤུན་ཟླར་འཕྲོས་གྱུར་ཅིག།

 

ལེགས་བྱས་གཙུག་ལག་ཉི་གཞོན་གདལ་བའི་རྒྱུན།།

བློ་གསལ་པདྨོ་རྫིང་བཟང་ལ་རྩེན་པའི།།

ལེགས་ལམ་གེ་སར་སྦྲང་རྩིའི་དབྱངས་སྙན་གྱིས།།

ཤེས་བྱའི་དཔལ་ལ་ཟིལ་དངར་འཐུང་གྱུར་ཅིག།

 

གཞན་ཡང་འཛམ་གླིང་ཡངས་པའི་ནོར་འཛིན་ཁྱོན།།

མི་ཕམ་ཕན་དང་བདེ་བའི་གྲིབ་བསིལ་གྱི།།

གཞན་ཕན་ཟླ་གཟུགས་བགྲང་ཡས་ལེགས་འཆར་བས།།

ཞི་བདེའི་ཀུ་མུད་དགའ་ཚལ་བཞད་གྱུར་ཅིག།

 

ཚོགས་གཉིས་སྤྲིན་དཀར་བླ་བྲེ་ལས་འོང་པའི།།

བདེན་ཚིག་མུ་ཏིག་གྲུ་ཆར་སིམ་མ་ཡིས།།

རིས་བྲལ་སྐལ་བཟང་གདུལ་བྱའི་སྐྱེད་ཚལ་དུ།།

ཕན་བདེའི་གེ་སར་དགོད་པའི་གཉེན་དུ་ཤོག།

དེ་ལྟར་སྨོན་ཚིག་ལྷག་བསམ་གྱི་བསུང་ཞིམ་འདི་ནི་ཨོ་རྒྱན་ཕྲིན་ལས་སུ་འབོད་པ་མགྲིན་བཟང་གླང་པོའི་བརྟུལ་ཞུགས་ཅན་གྱིས་བོད་ཡུལ་ནས་བཙན་བྱོལ་དུ་ཡོང་སྐབས་ནུབ་ཅིག་འཁྲུལ་སྣང་ལ་ཟླ་ཟེར་དྭངས་མའི་ཆུ་གཏེར་མཚོ་སྐྱེས་འཛུམ་ཕྲེང་གཡོ་བའི་གདན་ལ་རབ་དཀར་དར་གྱི་མཛེས་པའི་བྲམ་ཟེ་གསུམ་གྱིས་རྔ་བོ་ཆེ་དང་སྒྲ་སྙན་འཇོ་སྒེག་གིས་རྩེན་པའི་གླུ་དབྱངས་འདི་ལྟ་བུ་ཞིག་ཐོས་འཛིན་གྱི་ཡུལ་དུ་གྱུར་པས་བོད་ཁ་བ་གངས་ཅན་གྱི་སྐྱེ་འགྲོ་སྤྱི་ལ་ཕན་པའི་ལྷག་བསམ་གདུང་སེམས་ཀྱིས་རྩེ་གཅིག་ཏུ་སྨོན་པ་བཀྲ་ཤིས་ཁ་བའི་ཕྲེང་མཛེས་བྷོ་ཊའི་ཞིང་དུ་མ་སྨད་ཐུགས་བསྐྱེད་ཀྱི་ཉི་ཟེར་མྱུར་དུ་འཆར་བར་གྱུར་ཅིག  ༢༠༠༠/༠༡/༢༤/

རྩོམ་ཡིག་འདི་ཀློག་བཞིན་ཀློག་བཞིན་ངའི་ལུས་ཀྱི་བ་སྤུ་གཟེངས་ཤིང་མིག་ནས་མཆི་ནང་མཆི་ཞགས་འཁོར། ལག་པ་གཉིས་ལ་རང་དབང་མེད་པར་ཅིག་འབྲི་བར་སྐུལ་བྱུང་། ལམ་སེང་ཤོག་བུ་དང་སྨྱུ་གུ་གྲ་སྒྲིག་བྱས་ཏེ་གོང་གི་སྙན་རྩོམ་དེར་ཚིག་འགྲེལ་ཞིག་བྲིས། རྩོམ་ཡིག་དེ་འབྲི་བར་ཆུ་ཚོད་གཉིས་ཙམ་ནང་ཤར་མར་བྲིས་ཏེ་ཞུ་དག་ཐེངས་ཤིག་བྱས། ངའི་སེམས་པ་ལྷོད་ལ་བབས་ཤིང་ལུས་ལ་ནུས་ཤུགས་འབར། ཟླ་ཤས་རྗེས་རྩོམ་ཡིག་འདི་བལ་ཡུལ་དུ་འདོན་བཞིན་པའི་ཧི་མ་ལ་ཡའི་མེ་ལོང་ཞེས་པའི་བཀའ་བརྒྱུད་པའི་དུས་དེབ་ཅིག་ཏུ་བཀོད། དུས་དེབ་དེ་ཕལ་ཆེར་ཀརྨ་སྲི་ཞུ་ཚོགས་པས་འདོན་སྤེལ་བྱེད་བཞིན་པ་འདྲ།

སྤྱི་ལོ་ཉིས་སྟོང་གཅིག་ལོའི་ལོ་གསར་སྐབས་ཡིན་ནམ་དུས་ཚོད་དེ་འདྲ་ཞིག་ལ་ངས་བོད་པའི་སྤྱི་ཚོགས་ཁྲོད་སྟོན་པའི་འཁྲུངས་སྐར་ཤོག་བྱང་བསྐུར་པའི་ལས་འགུལ་གསར་བ་ཞིག་སྤེལ། ལས་འགུལ་དེའི་ཆེད་དུ་ང་གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞིག་ཞུས་ཤིང་། སྐུ་སྒེར་ཡིག་ཚང་དང་ཆོས་དོན་ལས་ཁུངས་ནས་རྒྱབ་སྐྱོར་ཆེན་པོ་གནང་། སྐབས་དེར་རྒྱུད་སྟོད་དུ་བཞུགས་པའི་ཀརྨ་པའི་དྲུང་དུ་ཐོག་མར་བཅར། ཀརྨ་པའི་ཞབས་ཞུ་བ་ཞིག་གིས། ཁྱེད་ཀྱིས་ཀརྨ་པའི་སྙན་རྩོམ་ལ་ཚིག་འགྲེལ་ཡག་པོ་ཞིག་བརྩམས་འདུག་ཅེས་བརྗོད། ངའི་རྩོམ་ཡིག་དེས་ཀརྨ་པ་དང་ངའི་བར་དུ་སྦྲེལ་ཐག་ཅིག་བསྐྲུན་ཟིན་པའི་ཚོར་བ་ཞིག་སྐྱེས། དེ་དུས་དེང་དུས་དང་མི་འདྲ་བའི་པར་ཆས་ཀྱི་མཐུན་རྐྱེན་དཀོན་རྒྱུ་རེད་དེ་ངས་ཀརྨ་པར་མཉམ་པར་ཞིག་བསྒྲོན་ཆོག་པའི་ཞུ་བ་འཐེན་ཡོད་དམ། ཡོད་སྲིད་ཀྱང་ང་ལ་ཁོང་དང་མཉམ་པར་མི་འདུག གཅིག་བྱས་ན་གནས་སྤོ་ལན་མང་བྱས་པས་བརླགས་ཟིན་པའམ། ཡང་ན་དཔེ་སྒྲོམ་གྱི་ག་ཤེད་ཅིག་ན་དེབ་ཅིག་གི་བར་དུ་བསྐུངས་བསྡད་ཡོད་ཀྱང་སྲིད།

ཀརྨ་པ་རྒྱ་གར་དུ་ཕེབས་དགོས་དོན་གཙོ་བོ་ཀརྨ་ཀམ་ཚང་གཙོ་བོར་གྱུར་པའི་བཀའ་བརྒྱུད་པའི་དབང་ལུང་ཁྲིད་གསུམ་ཞུ་ཆེད་ཡིན་གསུངས་པ་ཞིག་དྲན། གོང་ས་མཆོག་གིས་ཐུགས་ཁུར་བཞེས་ཏེ་ཁྲ་འགུ་རིན་པོ་ཆེ་ཁོང་གི་ཡོངས་འཛིན་དུ་བསྐོ་བཞག་གམ་བློ་འདོན་གནང་བ་ཡིན་ནམ། སྤྱིར་ན་ཀརྨ་པ་ཕྱི་ལོགས་སུ་ཕེབས་ནས་བཀའ་བརྒྱུད་པའི་བླ་མ་སུ་སུའི་དྲུང་ནས་བཀའ་བརྒྱུད་པའི་ཆོས་སྐོར་ཞུས་མིན་ང་ལ་ཆ་རྒྱུས་ཆེན་པོ་མེད། ཁོང་གི་བཀའ་བརྒྱུད་པའི་ཆོས་སྐོར་ཞུ་སའི་རྩ་བའི་བླ་མ་གཙུག་གི་ནོར་བུ་སུ་ཡིན། ཁོང་ཕྱི་ལོགས་ལ་ཕེབས་པའི་རྗེས་སུ་རྡོ་རྗེ་གདན་དུ་བཀའ་བརྒྱུད་པའི་སྨོན་ལམ་ཞིག་གཟབ་རྒྱས་ངང་འཚོག་རྒྱུ་བྱུང་། དེ་བཞིན་ཁོང་གི་རྗེས་འཇུག་པ་ཚོར་དཀར་ཟས་བསྟེན་དགོས་པའི་བཀའ་སློབ་ནན་ཏན་དུ་གསུངས། ཡང་སྨོན་ལམ་སྐབས་དབུ་རེག་དང་ཆོས་གོས་ཚད་ལྡན་མནབས་དགོས་པའི་བཀའ་སློབ་བཟང་པོ་ཡང་ཡང་གནང་། ད་དུང་ཁོར་ཡུག་སྲུང་སྐྱོབ་སྐོར་ཡང་ཕྱག་ལས་གནང་། ཁོང་གི་ལྗགས་རྩོམ་དབྱིན་དེབ་ཁག་ཅིག་བཞུགས། བོད་ཡིག་ནང་ག་འདྲ་ཡོད་མེད་ངས་མ་མཇལ།

ལོ་རེ་ནས་ལོ་རེར་ཀརྨ་པའི་མཛད་འཕྲིན་རྒྱས་ཤིང་མཚན་སྙན་ཇེ་ཆེ་ཇེ་ཆེར་གྱུར། བསྟོད་པའི་རྩོམ་ཡིག་འཕུར་ཞིང་འབུལ་བ་རྒྱུན་ཆད་མེད། སུ་ཞིག་གིས་ཇུས་འགོད་དང་གང་ཞིག་གི་རྒྱུ་རྐྱེན་ཡིན་མིན་མི་ཤེས་ཀྱང་། རྒྱ་གར་གཞུང་གིས་ཁོང་གི་བླ་བྲང་ལ་དངུལ་དམར་བདག་ཉར་བྱས་འདུག་ཟེར་ནས་སྐུ་ངལ་ཚད་མེད་དུ་བཟོས་པ་ཡང་འདིར་དྲན་ཡོང་། རྗེ་མར་པ་ཐུན་མོང་སྣང་ཚུལ་དུ་རྒྱུ་ནོར་དང་བུད་མེད་ཆང་སོགས་ལ་ཤིན་ཏུ་མཉེས། མི་ལ་རས་པ་དེ་ལས་ལྡོག འོ། མི་ལ་རས་པ་ཡང་ཆང་ལ་དགའ་རབས་མཉེས་པ་འདྲ། ཡིན་ཡང་། གསེར་དང་མི་རྒན་ལོ་མི་མཉམ། གསུངས། ཡིན་ཡང་མར་པས་མི་ལས་ཕུལ་བའི་ཟངས་གཞོང་མར་ཁུས་བཀང་བ་དེས་ལན་ནམ། མར་མིའི་རྗེས་འཇུག་བཀའ་བརྒྱུད་པ་ཚོར་སྦྱིན་བདག་སྟོབས་ཆེན་འདུག དཔེར་ན་ཁ་ན་སྒྲའི་བཀའ་བརྒྱུད་དགོན་པ་དེར་ཤང་ཀང་གི་ཕྱུག་ཆེན་ཨང་གཉིས་པ་ཞིག་སྦྱིན་བདག་ཡིན་རབས་འདུག མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས། །ཉམས་བྱེད་འདོད་ཡོན་བདུད་ཀྱི་གཡབ་མོ་འབྱུང་། །ཞེས་པ་ཞིག་ཀྱང་དྲན། གང་ལྟར་བསྟན་པའི་སྦྱིན་བདག་མེད་ན་བསྟན་པ་གནས་ཐབས་མེད་པ་འདྲ། མཐར་རྒྱ་གར་གཞུང་ནས་ཀརྨ་པ་དངུལ་དམར་བདག་ཉར་གྱི་ནག་ཉེས་ཅི་ཡང་བསགས་མེད་ལུགས་བརྗོད། དེ་ནི་ཀརྨ་པ་གཅིག་པོའི་རྒྱལ་ཁ་ཞིག་མིན། དངུལ་དམར་བདག་ཉར་བྱས་དང་བྱེད་བཞིན་པའི་རང་རེའི་དགོན་སྡེ་བླ་བྲང་མང་པོའི་རྒྱལ་ཁ་ཞིག་ཀྱང་ཡིན། ངས་ནམ་རྒྱུན་འདི་ལྟར་བསམས། ཀརྨ་པར་སྒོར་མོ་དགོས་དོན་མེད། གང་དུ་བསླེབས་ན་བཞེས་པ་འབུལ་མཁན་ཡོད། གཟིམ་ཁང་གྲ་སྒྲིག་བྱེད་མཁན་ཡོད། གལ་སྲིད་ཅ་ལག་ཅིག་སྣང་བར་འགྲོ་ན་དེ་ཉོ་མཁན་ནི་ཡོད། དགོན་པ་སྐྱོང་དགོས་ནི་མེད། བུ་དང་ཆུང་མ་ནི་མེད། ནམ་རྒྱུན་ཁོང་ལ་བདག་པའི་དངོས་པོ་རེད་བསམས་པ་ཞིག་ནི་ཁོང་གི་སྤུས་ཀ་ཞན་པའི་གཟན་ཤམ་དང་སྟོད་འགག་དེ་ཚོ་ཙམ་ཞིག་རེད། ཀརྨ་པ་དང་གྲྭ་རྐྱང་ཞིག་གི་གྱོན་ཆས་ལ་ཁྱད་པར་ཅི་ཡང་མེད། ཀརྨ་པ་གྲྭ་པ་གྲྭ་རྐྱང་ཞིག་རེད། ཟ་མའི་ནང་ན་ཤ་ནི་མེད། ང་ཚོའི་ཁ་ལ་བྱང་བའི་ལྟོ་སྐྱ་གོས་ཧྲུལ་ཞེས་པ་དེ་རེད།

ཀརྨ་པ་སྐུ་གོང་མས་འཛམ་གླིང་བསྐོར་ཏེ་ནང་ཆོས་དར་སྤེལ་གནང་མྱོང་། སྐུ་ཕྲེང་འདི་བས་ཀྱང་འཛམ་གླིང་ལ་འགྲུལ་བཞུད་བྱེད་ཐུབ་རྒྱུ་རེད་བསམས། ཡིན་ཡང་དེ་འདྲ་མ་རེད། ཁོང་ལོ་མང་རིང་རྒྱ་གར་བྱང་ཕྱོགས། རྡ་སའི་ཤར་ཕྱོགས། ནོར་གླིང་གི་ཉེ་འཁྲིས། རྒྱུད་སྟོད་ཀྱི་ཐོག་ཁ་དེར་བཅུག་པའམ་བཞུགས་པ་རེད། ལ་ལས་རྒྱ་གར་གཞུང་གིས་ཅིག་བྱས་རབས་ཟེར། ལ་ལས་བོད་མི་རང་གིས་ཅིག་ལན་རབས་བརྗོད། གང་ལྟར་ཀརྨ་པ་ལོ་དང་ཟླ་བ་མང་པོའི་རིང་རྡོ་ལ་བརྡར་རི་འདབས་དེར་གྲག་འགུལ་དེ་ཙམ་མེད་པར་བཞུགས་སོང་། དེ་ནི་དྲང་སོང་ཞིག་གནས་འདི་ནས་དེར་སྤོས་པ་དང་འདྲ་ལ། དེ་ནི་སྒོམ་ཆེན་ཞིག་ས་འདི་ནས་དེ་གར་ཕེབས་པ་དང་ཡང་འདྲ། ཁུ་སིམ་གྱི་ལོ་ཟླ་རིང་མོ་ཞིག་སྐྱེལ་དགོས་ན་ཅི་ལྟར་སྐྱེལ་དགོས། ཆོས་ཀྱི་སློབ་སྦྱོང་དང་ཉམས་ལེན། གཟིམ་ཆུང་ཐོག་ཁར་འཆམ་འཆམ་དང་ཤོད་དུ་མཇལ་བར་ཐུག་འཕྲད། མཇལ་བ་ཚར་རྗེས་ཡང་ཐོག་ཁར་ཕེབས། ཡང་གཟིམ་ཆུང་ཐོག་ཁར་འཆམ་འཆམ་དང་ཤོད་དུ་མཇལ་བར་ཐུག་འཕྲད། སྐོར་བ་ཡང་སྐོར་གྱི་ལས་རིམ་འདིས་ཀརྨ་པ་ལ་ཐུགས་སུན་ཚད་མེད་ཅིག་བཟོས་ཡོད་སྲིད། འདི་ནི་ཀརྨ་པས་རི་མོ་འབྲི་སྦྱོང་བྱས་པའི་བརྒྱུད་རིམ་དེར་འབྲེལ་བ་ཧ་ཅང་ཟབ་མོ་ཞིག་ཡོད་ཅེས་ཚིག་ཐག་བཅད་ནས་བརྗོད་ཆོག སྔོན་གྱི་བོད་པའི་སྒོམ་ཆེན་དབེན་པ་བ་ཚོས་ཆོས་ཀྱི་མགུར་ལེན་པ་དང་། རྒྱ་ནག་གི་རི་ཁྲོད་པ་ཚོས་རི་མོ་འབྲི་ཞིང་མིག་མངས་རྩེད། ང་ཚོའི་ཀརྨ་པས་ཀྱང་རྒྱུད་སྟོད་ཐོག་ཁ་དེར་རྒྱང་རིང་སྨུག་ཞགས་འཐིབས་པའི་ཡུལ་ལྗོངས་ལ་བལྟས་ནས། མགོ་ཐོག་གི་གནམ་སྔོན་སྤྲིན་དཀར་ལ་ཅེར་ནས། རྒྱབ་ལོགས་ཀྱི་རྔམ་བརྗིད་རི་ཚོགས་ལ་བརྙེས་ནས་ཆོས་ཀྱི་གསུང་མགུར་སྣ་ཚོགས་གྱེར་ཡོད་ངེས། ངས་དྲན་པ་ཞིག་སྟེ། ལོ་ཤས་སྔོན་རྡུང་ལེན་པ་གྲགས་ཅན་བདུད་བྷེ་གཤེགས་དུས་ཀརྨ་པས་ཁོང་ལ་རྗེས་དྲན་ཚིག་འགའ་གསུངས་མྱོང་། དེས་ང་ལ་ཀརྨ་པ་ཡང་བོད་ཀྱི་རྡུང་ལེན་ལ་དགའ་བ་དྲན་དུ་བཅུག རྡུང་ལེན་ལ་དགའ་ན་གླུ་གཞས་ལ་དགའ་ཆོག་ལ། གླུ་གཞས་ལ་དགའ་ན་གླུ་ཚིག་ལ་མྱོང་རོལ་བྱེད་ཐུབ།

བོད་ཀྱི་བླ་ཆེན་ཚོའི་ཁྲོད་ཀྱི་རི་མོ་བ་མང་ཤོས་བཀའ་བརྒྱུད་པའི་ཕྱོགས་ནས་ཡིན་པ་འདྲ། ཀརྨ་སྒར་བྲིས་དྲན་ཡོང་། དུས་རབས་འདིར་བཀའ་བརྒྱུད་པའི་བླ་མ་རི་མོ་བ་འགའ་རེ་འདུག ང་ཚོའི་ཀརྨ་པ་ཡང་དེ་ཚོའི་ཁྲོད་ཀྱི་གཅིག་ཡིན་ལ། དེ་ཚོ་དང་མི་འདྲ་བ་ཞིག་ཀྱང་ཡིན། ཀརྨ་པས་གནས་བརྟན་བཅུ་དྲུག་དང་རྗེ་མི་ལ་རས་པ་ལྟ་བུ་བྲིས་འདུག་ལ། རྒྱ་ནག་གི་ཀོན་ཡུན་ཀྲང་དང་རྒྱ་ཡིག་གི་སྨོན་ཚིག་ཀྱང་བྲིས་ཡོད། སྟག་དང་བྱེའུ་སྙིང་རྗེ་བོ་དེ་འདྲ་ཡང་བྲིས་ཡོད། ཁོང་གིས་བྲིས་པ་ཚང་མར་འདི་ཞེས་བསྟོད་པ་མ་གཏོགས་དེ་ཞེས་སྐྱོན་ནམ་ཞན་ཆ་ཞིག་བཙལ་ཀྱང་རྙེད་དཀའ། རི་མོ་རེ་རེའི་བཟོ་དབྱིབས་དང་ཚོན་མདངས་ཧ་ཅང་ལེགས། མི་བརྗེད་པར་གྱིས། ཀརྨ་པར་དུས་ཚོད་འབེལ་འབེལ་དུ་ཡོད་པ་འདྲ། ཁོང་གིས་ཁོང་གི་སེམས་ནང་གི་འཇིག་རྟེན་ཞིག་བཞེངས་འབྲི་བྱེད་ཀིན་འདུག དེ་ནི་བྷོ་ལ་ཐུའི་ཕུགས་བསམ་གྱི་རྒྱལ་ཁབ་དང་འདྲ།

ཀརྨ་པས་ལྷ་དང་ཀླུའི་སྐད་མཁྱེན་མིན་ངས་མི་ཤེས་ཀྱང་། ཁོང་གི་དབུས་སྐད་ཀྱི་སྒྲ་ཧ་ཅང་དག ད་དུང་གོང་ས་མཆོག་གི་གསུང་གདངས་ཤིག་ཀྱང་བཅོས་མིན་དུ་ཡོད། རྒྱའི་སྤྱི་སྐད་ཀྱི་སྒྲ་གདངས་བཟང་ཤིང་དབྱིན་སྐད་ཀྱང་ལེགས་པོར་མཁྱེན། ད་དུང་ཀོ་རི་ཡའི་སྐད་སྦྱོང་གིན་ཡོད་ལུགས་ཟེར། དེང་རབས་ཀྱི་བླ་མ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་མང་པོ་ཞིག་ཀརྨ་པར་ཚང་། སྐུ་བརྗིད། གསུང་སྙན། ཐུགས་ལྷོད། མཚན་སྙན་ཆེ། ཞི་ཞིང་དུལ། ཀརྨ་པས་མི་འདུལ་བའི་འགྲོ་བ་ཞིག་གང་ན་འདུག ངས་ལོ་ཤས་སྔོན། <ཀརྨ་པ། གོང་ས་མཆོག་གི་མ་འདས་སྤྲུལ་སྐུ> ཞེས་པའི་རྩོམ་ཡིག་ཅིག་འབྲི་མྱོང་།

ཐེངས་ཤིག་ཨ་རིའི་ཉིག་ཡོར་དུ་ཡོད་པའི་ལ་རྩེ་དཔེ་མཛོད་ཁང་གིས་བོད་ཀྱི་སྙན་ངག་པ་སྐོར་ཞིག་གདན་དྲངས་ཏེ་སྙན་ངག་གྱེར་འདོན་གྱི་ལས་རིིམ་ཞིག་སྤེལ། ཀརྨ་པ་གདན་དྲངས་ཤིང་གུས་པ་ཡང་མགྲོན་འབོད་བཞིན་བཅར། ཀརྨ་པས་གཙོས་པའི་སྐུ་མགྲོན་གྱིས་དཔེ་མཛོད་ཡོངས་སུ་ཁེངས། ངེད་ཅག་གིས་རང་རང་གི་སྙན་ངག་དག་གྱེར་དུས་ཀརྨ་པས་ཁུ་སིམ་མེར་གསན། མཇུག་དེར་ཁོང་ཡར་བཞེངས་ནས་ཀརྨ་པ་འཁྲུངས་ནས་ལོ་ངོ་དགུ་བརྒྱའི་རྗེས་དྲན་སྙན་ངག་ལྟ་བུ་ཞིག་གྱེར་སོང་། འདི་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་རེད། འདི་ནི་ཀརྨ་པ་སྐུ་ཕྲེང་རིམ་བྱོན་ནང་མ་བྱུང་བ་ཞིག་རེད། བར་གསེང་སྐབས་ང་ཚོས་ཀརྨ་པ་དང་ལྷན་དུ་ཟ་མ་ཟོས་ཤིང་ཁ་བརྡ་བྱས། ངས་ཁོང་ལ་བཀའ་འདྲི་ཞུས།

རྒྱལ་དབང་མཆོག་རྒྱུད་སྟོད་དུ་བཞུགས་ས་ག་འདྲ་ཡོད།

སྤྱིར་ན་ཡག་པོ་ཡོད་ཀྱང་དབྱར་ཁར་ཚ་ཞིང་དགུན་ཁར་གྲང་། རླུང་འཁོར་ཞིག་ཡོད་པས་ལས་ཀ་དེ་ཙམ་མི་བྱེད།

རྒྱལ་དབང་མཆོག་བཙན་བྱོལ་དུ་ཕེབས་ལམ་བརྩམས་པའི་སྙན་ངག་དེ་ཧ་ཅང་ལེགས། བོད་དུ་བཞུགས་དུས་སྙན་ངག་སྦྱོང་མྱོང་ངམ།

ང་བོད་དུ་ཡོད་དུས་སྙན་ངག་མེ་ལོང་མའི་རྩ་བ་ཚང་མ་བློ་འཛིན་བྱས་མྱོང་།

རྗེས་སུ་ཀརྨ་པ་ང་ཚོའི་ས་གནས་སུ་ཕེབས་ཏེ་སྒྲོལ་མའི་ལྗགས་ལུང་ཞིག་གསུངས། དེ་དུས་ངས་པར་བཏབ་པའི་ཁོང་གི་སྐུ་པར་དེ་ཧ་ལས་པའི་གཟི་བརྗིད་དང་ལང་ཚོས་ཁྱོགས་པ་ཞིག་ཏུ་མཇལ། ངས་ཀརྨ་པར་རང་གི་རི་མོ་འབྲི་སྤྱད་པུར་སྨྱུག་དེ་ཚོར་བྱིན་རླབས་ཤིག་གནང་རོགས་ཞུས་པ་བཞིན་ཐུགས་སྨོན་གནང་། ཀརྨ་པ་ས་སྐྱ་བདག་ཆེན་གྱི་ལས་ཁུངས་སུ་ཕེབས་ནས་བླ་ཆེན་རྣམ་གཉིས་ཀྱིས་མཇལ་འཕྲད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་གནང་། རྗེས་སུ་བཀའ་བརྒྱུད་པའི་མཁན་པོ་ཞིག་གིས་ང་ལ་ཀརྨ་པ་ངའི་སྙན་ངག་སོགས་བརྩམས་ཆོས་ལ་མཉེས་པོ་ཡོད་ལུགས་བརྗོད་ཀྱང་བདེན་མིན་མ་ཤེས། བདེན་ན་ང་ནི་ངོ་ཚས་གདུངས། ཡིན་ཡང་ཕྱོགས་གཞན་ཞིག་ནས་ང་ནི། འབྲེལ་ཚད་དོན་ལྡན་ཀརྨ་པ། ཞེས་པའི་ཚིག་འདིར་ཡིད་ཆེས་ཟབ་མོ་ཡོད། བོད་ཀྱི་བླ་ཆེན་ཞིག་ལ་ཀརྨ་པ་ལྟ་བུའི་བསོད་ནམས་ཆེན་པོ་ཞིག་དཀོན་ཚོད་རེད། དེ་ནི་སྐུ་ཕྲེང་འདི་གཅིག་པོར་ཞུས་པ་མ་ཡིན་པར་སྐུ་ཕྲེང་དང་པོ་ནས་བཅུ་བདུན་པ་བར་གྱི་ལོ་རྒྱུས་བཀླགས་ན་ངེས་ཤེས་འདྲོང་ཡོང་།

རྒྱལ་དབང་ཀརྨ་པའི་མཛད་རྗེས་ཧ་ཅང་གལ་ཆེ་བ་གཉིས་ནི། ཨ་དར་ཤ་དྷརྨའམ་དམ་ཆོས་བང་མཛོད་ཅེས་པའི་དྲ་ཚིགས་ཆེན་མོ་ཞིག་གསར་བཟོ་གནང་སྟེ། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། བོད་ཀྱི་ཤྰཀ་བརྒྱུད་བླ་མའི་གསུང་འབུམ་ཁག བོན་གྱི་བཀའ་བརྟེན་སོགས་ཅི་འདོད་དུ་མཇལ་ཐུབ་པ་འདི་དང་། སྐྱེ་བོ་འབུམ་ཕྲག་མང་པོ་དཀར་ཟས་རིང་ལུགས་པའི་ཕྱོགས་སུ་ཁྲིད་གནང་བ་འདི་ཡིན། ཁོང་གི་གསུང་གྲགས་ཆེན་ཞིག་སྟེ། “སྲོག་བླུའི་ལམ་ཁ་ཡག་ཤོས་ནི་རང་ཉིད་ཀྱིས་ཤ་མི་བཟའ་རྒྱུ་དེ་ཡིན།” དེ་བཞིན་ཁོང་གིས་རྗེ་མི་ལའི་རྣམ་ཐར་འཁྲབ་གཞུང་དུ་བརྩམས་གནང་སྟེ་འཁྲབ་སྟོན་བྱེད་དུ་བཅུག་པ་དང་། ལ་རྩེ་དཔེ་མཛོད་ཁང་གི་འགྱུར་རྩོམ་བརྒྱའི་སྦྱིན་བདག་གནང་། ཇིན་སི་མི་ཐིའི་ནང་བསྟན་གསུང་རབ་ཁང་ལ་ཡང་རོགས་མགོན་གནང་བ་སོགས་རེ་རེ་བཞིན་བརྗོད་མི་ནུས།

༧གོང་ས་མཆོག་དང་རྒྱལ་དབང་ཀརྨ་པའི་བར་དུ་བླ་སློབ་ཀྱི་འབྲེལ་བ་འགྲན་ཟླ་བྲལ་བ་ཞིག་བཞུགས་ཤིང་། གལ་སྲིད་ང་ཚོས་ཆོས་བརྒྱུད་དང་ཆོལ་ཁའི་ཕྱོགས་ཞེན་རིང་དུ་སྤངས་ཏེ་གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་ཞིག་འཚོལ་དགོས་ན། དེ་ནི་རྒྱལ་བ་ཀརྨ་པ་ལས་གཞན་ཞིག་རྙེད་རྒྱུ་སྲིད་མཐའ་ཙམ་དུ་བདོག ཀརྨ་པ་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོའི་བར་དུ་ཡང་མཐུན་འབྲེལ་ཧ་ཅང་ཡག་པོ་ཞིག་ཡོད་པས། ཀརྨ་པ་ནི་བོད་ཀྱི་བླ་ཆེན་བར་དང་ཆོས་བརྒྱུད་བར་གྱི་འོད་དུ་འཚེར་བའི་གསེར་གྱི་ཟམ་ཆེན་ཞིག་རེད་ཅེས་བརྗོད་ན་ཡང་དོན་དང་མཐུན།

ན་ནིང་ཡིན་ནམ་རྒྱལ་དབང་ཀརྨ་པས་ཁོང་གིས་ཁོང་གི་ཡབ་ཡུམ་གཉིས་ལོ་རྒས་ཀྱིན་ཡོད་པའི་སྐུ་པར་མཇལ་ནས་ཐུགས་ཚེགས་ཧ་ཅང་ཆེ་ལུགས་དང་། གང་མགྱོགས་ལོ་གསུམ་བཞིའི་ནང་བོད་དུ་ཡབ་ཡུམ་མཇལ་དུ་ཕེབ་ཀི་ཡིན་ལུགས་ལྟ་བུའི་བཀའ་མོལ་ཞིག་གསུངས། དེས་ང་ལ། སངས་རྒྱས་མི་གཟུགས་ཞེས་པའི་ཚིག་དུམ་ཞིག་དྲན་དུ་བཅུག ཡང་ཟླ་ཤས་སྔོན་ཀརྨ་པས་ཁོང་གི་ཉེ་འཁྲིས་ཀྱི་ཞབས་ཞུ་བ་དེ་འདྲ་བ་དམིགས་པ་མིན་ནམ་སྙམ་པའི་བཀའ་མོལ་ཅུང་ནན་པོ་ཞིག་བརྙན་ལམ་ནས་གསུངས་པ་མཇལ། ང་ཚོའི་ཀརྨ་པར་ཡང་ཁོང་གི་ཚོད་ཀྱི་སྐུ་ངལ་ཆེན་པོ་ཞིག་ཏན་ཏན་འདུག་སྙམ་པའི་བསམ་བློ་མ་འཁོར་རང་འཁོར་རེད། སངས་རྒྱས་འཁོར་བ་འཇིག་ཅེས་པ་དེ་དྲན་ནམ། སངས་རྒྱས་འཁོར་བར་བཞུགས་པའམ་འཁོར་བར་བཅུག་ན་འདི་འདྲ་རེད། གཞི་རྩའི་ཆ་ནས་ཀརྨ་པར་སྐུ་གཟུགས་ཀྱི་སྙུང་གཞི་ཆེན་པོ་དེ་འདྲ་ཡོད་པའི་ཚུལ་མི་མཇལ་ཀྱང་མི་ལུས་ཤིག་བླངས་ཕྱིན་ཆད་སྐྱེ་རྒ་ན་འཆི་མ་བརྒྱུད་པར་འགྲོ་ས་གཏན་ནས་མེད་པས། ཀརྨ་པ་ཡང་བསྙུན་བཅོས་ཤིག་གི་ཆེད་དུ་ཨ་མེ་རི་ཀར་བཞུགས་ནས་རྒྱུན་རིང་ཙམ་ཕྱིན་པ་དང་། ཁོང་གི་བླ་བྲང་ནས་ཁོང་རྒྱ་གར་ལ་ཕེབ་རྒྱུ་མ་རེད་ཅེས་པ་དེ་དཀྲོགས་གཏམ་ཡིན་ལུགས་དང་ཁོང་རྒྱ་གར་ལ་ཕེབ་རྒྱུ་རེད་ཅེས་གསལ་བསྒྲགས་སྤེལ་སོང་།

གཟའ་འཁོར་སྔོན་མ་ཞིག་ལ་ཉིག་ཡོར་དུ་བཀའ་བརྒྱུད་པའི་སྨོན་ལམ་མམ་མར་མེའི་སྨོན་ལམ་ཞིག་གི་སྟེང་ཀརྨ་པ་ཕེབས་ཏེ་གསུང་མགུར་ཞིག་གྱེར། ཀརྨ་པ་འཁྲབ་སྟོན་སྡིངས་ཆའི་སྟེང་དུ་ཕེབས། ཁོང་གི་མཐའ་སྐོར་དུ་སེར་མོ་བ་དང་སྐྱ་བོ་འགའ་ཡང་ཡོད། ཁོང་འཁྲབ་སྟོན་པ་གཙོ་བོ་དེ་གནང་། འདི་ཡང་བླ་ཆེན་ཞིག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་རེད། འདི་ནི་བླ་ཆེན་ཞིག་སངས་རྒྱས་དང་སེམས་ཅན་གྱི་བར་དུ་འགྲེང་བའི་དན་རྟགས་ཤིག་རེད། མཛད་སྒོ་དེར་བོད་ནས་ཐད་ཀར་ཨ་མདོའི་གཞས་པ་གཞས་མ་འགའ་མགྲོན་འབོད་བྱས་འདུག གཞས་པ་གཞས་མ་འདི་ཚོས་འགག་སྒོ་ཅི་ཙམ་བརྒྱུད་ཡོད་དམ་སྙམ་པ་ཞིག་ཀྱང་སྐྱེས། ཀརྨ་པ་སངས་རྒྱས་གསོན་པོ་ཞིག་ཡིན་ཆོག ཀརྨ་པ་སོ་སོ་སྐྱེ་བོ་ཞིག་ཡིན་ཆོག ངའི་སྣང་ངོར་ཀརྨ་པ་ནི་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་དང་། ཀརྨ་པ་ང་ཚོའི་མི་རབས་འདིའི་སྐྱིད་སྡུག་འཆར་སའི་མེ་ལོང་དྭངས་མོ་ཞིག ཀརྨ་པ་ནི་ང་ཚོའིི་མི་རབས་རྗེས་མ་ཚོས་ཡང་ཡང་དྲན་རྒྱུ་ཡིན་པའི་ངོ་མཚར་བའི་རི་ཆུའི་རི་མོ་ཞིག་རེད་ཨང་། ཀརྨ་པ་མཁྱེན་ནོ།།

བསྐྱར་བཅོས།: ༢༠༡༨/༠༦/༢༩

Leave a Reply

5 thoughts on “སངས་རྒྱས་དང་སེམས་ཅན་གྱི་བར་ན་འགྲེང་བའི་ཀརྨ་པ།

  1. འབྲོང་བུ་སོག་ཚ།

    རྒན་ཀླུན་སྨྱོན་ལགས་ཀྱིས་ལྗགས་རྩོམ་གནང་བའི་ཀརྨ་པའི་སྐོར་གྱི་ཉམས་མྱོང་རྣམས་ཕྱོགས་བསྡོམས་ཀྱི་སྙན་རྩོམ་འདི་ནི་ཆེས་བཟང་ཆ་ཆེ་བས་ཤིས་པའི་མེ་ཏོག་ལན་ཅིག་ཕྱེད་ལ་ཐོར།

    1. ཁ་བུ་རྙིང་ཞེན་པ་

      ཨེ་མ་ངོ་མཚར་ཆེ་པུ་རྒྱལ་བོད་ཀྱི་གདུང་འཛིན་བསྟན་པ་རིན་པོ་ཆེན་གྱི་སྒྲོན་མེ་སྙིགས་དུས་ཉམ་ཐག་འགྲོ་བས་མགོན་སྐྱབས་རྟ་བདུན་རྒྱལ་པོ་ཤར་བྱུང་། ཕྱི་ཀླ་ཀློ་བཙན་རྒྱལ་དམར་པོས་བཙན་དབང་དང་ནང་རང་གི་ནོར་བུ་ཀུན་བྱུང་རིག་གཞུང་གི་རྩ་བ་ཕ་སྐད་ལ་དབྱིངས་ཆུང་བས་རྐྱེན་ལས་ད་ཆར་རང་གི་སྐད་ཡིག་ནི་ཤིན་ཏུ་གཉན་འཕྲང་ཅན་བཟོད་དཀའ་བའི་གནས་སུ་ལྷུང་བས་རེ་བ་བྲལ་སྙམ་པས་གང་རི་ཕ་རྒན་ང་ཡང་ སྤོབས་པ་འ ཕར་བྱུང་ངོ་། བླ་མ་མཁྱེན་ནོ་སྐུ་ཚེ་རི་རྒྱལ་ལྷུན་པོ་རྟེན་ཅིང་མཛད་འཕྲིན་ཟླ་བས་ཡར་ངོ་ལྟར་རྒྱས་པ་ཤོག་། ༧ ཤཱཀྱ་སེང་གེ་རིང་ལུགས་རྒྱལ་གྱུར་ཅིག་།།

  2. བཀྲིས་ཚེ་རིང་།

    ཀླུ་སྨོན། ངོ་སྙན་སོང་། ད་དུང་ཡང་ཕྱོགས་ཞེན་དང་དྲག་འབྱར་གྱིས་མ་བསླད་པར་རྩོམ་མང་ཙམ་འབྲི་བའི་རེ་བ་ཡོད།

  3. ཨོ་རྒྱན་འོད་གསལ།

    བླ་མ་མཁྱེན་ནོ། འདི་འདྲའི་སྙན་མོ། སྐྱེ་བ་འདིར་ཀརྨ་པ་ལ་ཐེངས་གཅིག་མ་མཇལ་ན་སྐྱེ་བ་དགུ་བརྒྱ་དམྱལ་བ་ལ་སྐྱེས་པར་ཤོག ཀརྨ་པ་དེ་སྙིང་ནས་དྲན་བྱུང་།་