ང་ཚོས་བལྟ་ཆོག  ལོ་གཉིས་གསུམ་རྗེས་བོད་དོན་ལ་འགྱུར་བ་ཕལ་ཆེར་འགྲོ་རྒྱུ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་དངོས་པོའི་མཐུན་རྐྱེན་དེ་དག་གཙོ་བོ་ལུས་པོའི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་མ་གཏོགས་བསམ་བློའི་འཕྲོད་བསྟེན་ལ་ཕན་ཐོགས་མེད་པ་རེད་ཅེས་གསུངས།ཁ་སང་ཕྱི་ཚེས་ ༢༦ ཉིན།  རྒྱ་གར་བྱང་ཕྱོགས་ཀ་ཤི་མིར་མངའ་སྡེའི་ཀར་གྷིལ(Kargil)རྫོང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡུལ་དེའི་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨི་ནཱ་ཡ་ཏི་ཨེ་ལི་ (Haji Inayat Ali) ལགས་ནས་གདན་ཞུས་གསོལ་འདེབས་དོན་ལྟར་མང་ཚོགས་དང་སློབ་ཕྲུག་སྟོང་ཕྲག་བརྒལ་བར་བཀའ་སློབ་གནང་སྐབས། ད་ལྟའི་དུས་ལ་ཞི་བདེ་དགོས་གལ་ཆེ་བའི་སྐོར་ལ་ཁོང་གིས། ད་ལྟའི་འཛམ་གླིང་གི་གནས་སྟངས་འདི་ལྟ་བུའི་འོག་ནས་བརྗོད་ན་ཞི་བདེ་དེ་དགོས་མཁོ་ཧ་ཅང་ཡོད། འོན་ཀྱང་རང་བྱུང་གོད་ཆག་སོགས་ཀྱི་དཀའ་ངལ་ཡོད་བཞིན་དུ་དེའི་ཁར་ང་རང་ཚོས་ཆེད་མངགས་དཀའ་ངལ་འཕར་མ་བཟོ་བཞིན་ཡོད། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ང་རང་ཚོས་བཟོས་པའི་དཀའ་ངལ་ཆགས་ཡོད། དེ་ནི་ང་ཚོས་རིམ་པ་གཉིས་པའི་གནས་སྟངས་དེར་ཧ་ཅང་གཙིགས་ཆེར་འཛིན་བཞིན་པ་དེའི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད། ད་ཆ་མིས་བཟོས་པའི་དཀའ་ངལ་དེ་དག་སེལ་ཐབས་ཀྱི་ཐབས་ལམ་གང་ཡོད་བརྗོད་ན་རིམ་པ་གཉིས་པའི་གནས་སྟངས་འོག་ནས་དེང་སྐབས་དཀའ་ངལ་དེ་དག་འཕྲད་བཞིན་ཡོད་སྟབས། ང་ཚོས་གཞི་རིམ་གྱི་རིམ་པ་དང་པོའི་གནས་སྟངས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དེའི་འོག་ནས་རིམ་པ་གཉིས་པར་བརྟེན་པའི་དཀའ་ངལ་དེ་དག་སེལ་ཐུབ་ཀྱི་ཡོད་སྟབས། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་གཞི་རྩའི་ཐོག་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་རེད་ཅེས་བརྗོད་བཞིན་ཡོད། གོང་དུ་བརྗོད་པ་ལྟར་རིམ་པ་གཉིས་པའི་གནས་སྟངས་འོག་ནས་ཆོས་ལུགས་མི་འདྲ་བ་ཡོད། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་ཕན་ཚུན་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་ཚང་མས་ཞལ་གཅིག་གྲགས་ཐོག་ནས་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་སོགས་བསླབ་བྱ་ཡོད་པ་མཚུངས་པ་རེད། དེར་བརྟེན་ཆོས་ལུགས་གཙོ་ཆེ་བ་ཚང་མར་མི་ཞི་བདེ་བག་ཕེབས་ལྡན་པ་ཞིག་བཟོ་རྒྱུའི་ནུས་པ་ཡོད་པ་མ་ཟད། མི་སྒེར་ཞི་བདེ་བག་ཕེབས་བྱུང་ན་ཁྱིམ་ཚང་ཞི་བདེ་བག་ཕེབས་ལྡན་པ་ཡོང་ཐུབ། དེ་ལྟར་བྱུང་ན་སྤྱི་ཚོགས་ཁྱོན་ཡོངས་ནང་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་སྐྲུན་ཐུབ་རྒྱུའི་ནུས་པ་ཏན་ཏན་ཡོད། ཅེས་གསུངས་འདུག

ཆོས་ལུགས་ཚང་མ་མཐུན་སྒྲིལ་ཏན་ཏན་ཡོང་ཐུབ་སྐོར་༧གོང་ས་མཆོག་གིས། ང་ཚོས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཆེད་འབད་བརྩོན་བྱེད་དགོས། དེ་འདྲ་ཡོང་ཐུབ་རྒྱུ་རེད་དམ་མ་རེད་ཅེས་པ་འདི་དྲི་བ་ཆེན་པོ་ཞིག་རེད། སྲིད་པ་ཞིག་ཏན་ཏན་རེད། རྒྱ་གར་དཔེ་མཚོན་ཞིག་ཡིན། རྒྱ་གར་ནང་མཚོན་ན་ལོ་ངོ་སྟོང་གཉིས་ཙམ་རིང་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་འཆམ་མཐུན་ངང་འདིར་གནས་བཞིན་ཡོད། འདིར་ཁ་ཆེའི་སྤུན་མཆེད་ཕོ་མོ་ཧ་ཅང་མང་པོ་འདུག ངོས་ཀྱི་བསམ་པར་ཁ་ཆེ་མང་ཤོས་རྒྱ་གར་ནང་ཡོད་འདུག འོན་ཀྱང་ཆོས་ལུགས་གཞན་དང་ལྷན་འཆམ་མཐུན་ངང་མཉམ་གནས་བྱེད་བཞིན་ཡོད། སྐབས་རེར་རྙོག་དྲ་ཕྲན་བུ་ཡོང་བཞིན་ཡོད་པ་ནི་ཆོས་ཉིད་རེད། དེ་དག་ཀྱང་གཙོ་ཆེར་ཆབ་སྲིད་མི་སྣ་ཚོས་ཆབ་སྲིད་ཀྱི་ཁེ་ཕན་ལ་བསམ་བློ་བཏང་ནས་རྙོག་དྲ་ཡོང་བཞིན་ཡོད། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་གར་ཡུལ་འདིའི་ནང་ལོ་ངོ་སྟོང་གསུམ་ཙམ་རིང་ཆོས་ལུགས་མཐུན་སྒྲིལ་ཧ་ལས་པ་རེད། དེང་སྐབས་རྒྱ་གར་དེང་རབས་ཅན་གྱི་སྤྱི་ཚོགས་འདིའི་ནང་དུའང་ཆོས་ལུགས་མཐུན་སྒྲིལ་ཡག་ཐག་ཆོད་རེད། རྒྱ་གར་ནང་ཁ་ཆེའི་ཆོས་ལུགས་ཤི་ཡ་ (Shia) དང་སུན་ནི་ (Sunni) གཉིས་དབར་འཁྲུག་རྩོད་བྱུང་བའི་སྐད་ཆ་ནམ་ཡང་གོ་མྱོང་མེད། དཀའ་ངལ་རྩ་བ་ནས་མེད། འོན་ཀྱང་རྒྱལ་ཁབ་འགའ་ཤས་ནང་ཤི་ཡ་ (Shia) དང་སུན་ནི་ (Sunni) གཉིས་བར་འཁྲུག་རྩོད་བྱེད་བཞིན་ཡོད། ཅེས་གསུངས།

ཡང་གཞོན་སྐྱེས་ཚོར་ཤེས་ཡོན་སློབ་སྦྱོང་གལ་གནད་ཆེན་པོ་ཡིན་པའི་སྐོར་ལ་ཁོང་གིས། རྒྱ་གར་རང་བཙན་ཐོབ་རྗེས་ཤེས་ཡོན་གྱི་མཐུན་རྐྱེན་ཐོག་ཡར་རྒྱས་ཧ་ཅང་ཕྱིན་ཡོད། གཞུང་གི་ལས་བྱེད་དང་ཆོས་ལུགས་དབུ་ཁྲིད། དེ་བཞིན་མི་རབས་རྒན་པ་ཚོས་གཞོན་སྐྱེས་ཚོའི་ཤེས་ཡོན་ཐོག་འགན་ཁུར་མང་ཙམ་བཞེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེང་དུས་ཤེས་ཡོན་ལམ་ལུགས་ཟེར་བ་འདི་གཙོ་བོ་ནུབ་ཕྱོགས་ནས་དར་བ་ཞིག་རེད། ཐོག་མར་དབྱིན་ཇིས་རྒྱ་གར་ནང་གསར་གཏོད་བྱས་པ་ཞིག་རེད། ཤེས་ཡོན་ལམ་ལུགས་དེ་ནི་གཙོ་བོ་ཕྱི་དངོས་པོའི་མཐུན་རྐྱེན་གྱི་རིན་ཐང་གཙིགས་ཆེར་འཛིན་པ་ལྟ་བུ་འདུག དེ་ཙམ་གྱི་མི་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་འདང་གི་མི་འདུག ཕྱི་དངོས་པོའི་མཐུན་རྐྱེན་དེ་དག་གཙོ་བོ་ལུས་པོའི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་མ་གཏོགས་བསམ་བློའི་འཕྲོད་བསྟེན་ལ་ཕན་ཐོགས་མེད། དེང་དུས་ཤེས་ཡོན་ལམ་ལུགས་ལ་མཚོན་ན་ཨ་རི་དང་ཡུ་རོབ་སོགས་ནང་ཡར་རྒྱས་ཧ་ཅང་ཚད་མཐོན་པོར་སོན་ཡོད། འོན་ཀྱང་རྙོག་གྲ་དང་གྲ་མ་འགྲིག་པ་ཧ་ཅང་མང་པོ་འདུག མིའི་བསམ་བློའི་ནང་ཁོང་ཁྲོ་དང་ཕྲག་དོག་སོགས་ཧ་ཅང་ཤུགས་ཆེན་པོ་འདུག ངོས་ལ་ཨ་སྒོར་དུང་ཕྱུར་བདག་པོ་ཡིན་པའི་གྲོགས་པོ་མང་པོ་ཡོད། ཁོང་ཚོ་ཧ་ཅང་ཕྱུག་པོ་རེད། འོན་ཀྱང་མི་ཞིག་ཡིན་པའི་ཆ་ནས་སེམས་ནང་དུས་རྟག་ཏུ་མ་སྐྱིད་པ་ཧ་ཅང་བྱས་ནས་སྡོད་ཀྱི་འདུག དེ་ལས་ལྡོག་སྟེ་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡིན་ཡང་སེམས་པ་ཧ་ཅང་སྐྱིད་པོ་ཡོད་མཁན་དེ་འདྲ་ཡོད། དེར་བརྟེན་ཕྱི་དངོས་པོ་རྐྱང་རྐྱང་གིས་སེམས་ནང་ཞི་བདེ་སྐྲུན་མི་ཐུབ། བསམ་བློའི་ནང་ཞི་བདེ་ཡོང་བར་ཆོས་ལུགས་མི་འདྲ་བ་དེ་དག་གིས་ཕན་ཐོགས་བྱེད་ཐུབ། ལྷག་པར་རྒྱ་གར་སྲོལ་རྒྱུན་ནས་དར་བའི་རིས་མེད་ཀྱི་ལྟ་ཚུལ་ལ་ཆོས་ལུགས་ཚང་མར་གུས་བརྩི་ཞུ་དགོས་པ་མ་ཟད། ཆོས་ཁས་མི་ལེན་མཁན་ལའང་གུས་བཀུར་ཞུ་རྒྱུའི་ལམ་སྲོལ་ཞིག་ཡོད། རྒྱ་གར་གྱི་རྩ་ཁྲིམས་ལ་མཚོན་ནའང་རིས་མེད་ཀྱི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་རེད། རིས་མེད་ཀྱི་ལྟ་གྲུབ་དེའི་ཐོག་ནས་ཕྱི་དངོས་པོ་རྐྱང་པས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྲུན་ཐུབ་རྒྱུ་མིན་པ་ར་སྤྲོད་གསལ་པོ་བྱེད་དགོས། རྒྱ་གར་གནའ་རབས་ཀྱི་བློའི་རྣམ་གཞག་དང་བྱེད་ལས། ཆགས་སྡང་སོགས་ཉོན་མོངས་པའི་བློར་གཉེན་པོ་ཇི་ལྟར་བསྟེན་དགོས་པའི་སྐོར་ཧ་ཅང་ཕྱུག་པོ་ཡོད། ང་ཚོས་ལེགས་བཤད་དེ་དག་ཤེས་ཡོན་གྱི་ངོ་བོར་བརྩིས་ནས་སློབ་ཚན་ནང་འཇོག་ཐུབ་པ་བྱེད་དགོས། དེང་སྐབས་ངོས་ཀྱིས་ལུས་པོའི་འཕྲོད་བསྟེན་གལ་ཆེ་ཡིན་པ་ལྟར་བསམ་བློའི་འཕྲོད་བསྟེན་ཡང་གལ་ཆེར་འཛིན་དགོས་པ་ཤོད་བཞིན་ཡོད། དེར་བརྟེན་ངོས་ཀྱི་འགན་ཁུར་མཐའ་མ་དེ་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་བསྐྱར་གསོ་བྱ་རྒྱུ་དེ་རེད། ཅེས་གསུངས།

ཕྱི་ཚེས་ ༢༥ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་ཟངས་དཀར་ནང་རྟེན་གཞི་བྱས་པའི་ལམ་སྒྲོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་གནང་སྐབས། དཀའ་ངལ་འཕྲད་རྒྱུའི་རྒྱུ་རྐྱེན་གཙོ་བོ་དེ་བླང་དོར་གྱི་གནས་ལ་རྨོངས་པའི་མ་རིག་པའི་དབང་གིས་ང་ཚོར་དཀའ་ངལ་འདི་འཕྲད་པ་རེད། དེ་ལྟར་ཡིན་སྟབས་རྒྱ་རིགས་གྲོགས་པོ་ཚོའི་བླང་དོར་གྱི་གནས་ལ་རྨོངས་པའི་མི་ཤེས་པ་དེ་དག་སེལ་ནས་བོད་པའི་དཀའ་ངལ་སེལ་ཡག་ཅིག་རེད། རང་རྒྱལ་གཞན་ཕམ་ཟེར་གྱི་མེད། ང་ཚོར་དཀའ་ངལ་དེ་དག་རྨོངས་པའི་དབང་གིས་འཕྲད་པ་རེད། རྒྱ་རིགས་མང་པོ་ཞིག་གིས་བོད་ཀྱི་དངོས་ཡོད་གནས་ཚུལ་མ་ཤེས། སྤྱིར་སྟངས་མིའི་བསམ་བློའི་འགྲོ་སྟངས་དེའང་མ་ཤེས་པར་དྲག་རྩུབ་ཁོ་ན་བྱས་ནས་མིའི་བསམ་བློར་འགྱུར་བ་གཏོང་ཐུབ་རྒྱུ་རེད་བསམ་པ་དྲན་བཞིན་ཡོད། དེ་ཚོ་མ་ཤེས་པའི་དབང་གིས་རེད། དེའི་ཁུངས་འཁྱོལ་ཐུབ་ཐབས་མེད། དེ་རིང་ཁ་སང་གི་རྒྱ་ནག་དང་ལོ་བཞི་བཅུའི་གོང་གི་རྒྱ་ནག་བར་འགྱུར་བ་ཧ་ཅང་ཕྱིན་ཡོད། དེར་བརྟེན་ལེགས་ཉེས་འབྱེད་པའི་བླང་དོར་གྱི་མིག་ཐོབ་ནས་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་འདིས་རྒྱ་ནག་ལ་ཕན་ཐོགས་རླབས་ཆེན་ཞིག་བྱེད་ཐུབ། རྒྱ་ནག་དཔལ་འབྱོར་ཡར་རྒྱས་ཧ་ཅང་ཆེན་པོ་འགྲོ་སྐབས་འདིར་བོད་ལ་ཚུར་དེང་རབས་ཅན་གྱི་དངོས་པོ་ཡར་རྒྱས་ཡོང་རྒྱུར་ཏན་ཏན་ཕན་ཐོགས་ཆེན་པོ་བྱེད་ཐུབ་རྒྱུ་རེད། དེར་བརྟེན་ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་ཡང་ང་ཚོས་རང་བཙན་མ་རྩད་པར་དབུ་མའི་ལམ་ཞེས་པ་འདི་གཉིས་ཕན་གྱི་བསམ་བློར་གཞི་བཅོལ་བ་རེད། རྒྱལ་ཁབ་ལ་ཡིན་ནའང་ཕན་རྒྱུ་དང་། བོད་པ་ལ་ཡིན་ནའང་ཕན་རྒྱུ་རེད། ངོས་རང་རྟག་ཏུ་ཡུ་རོབ་སྤྱི་མཐུན་ཚོགས་པར་ཡིད་འཕྲོག་བཞིན་འདུག འོན་ཀྱང་རྒྱ་ནག་མགོ་འཁྲིད་མཁྲེགས་འཛིན་ཅན་དེ་འདྲས་དགོས་དབང་གིས་ཆེད་མངགས་ཏཱ་ལའི་བླ་མ་ཁ་བྲལ་བ་རེད། རང་བཙན་རྩོད་མཁན་རེད། ཅེས་ཟེར་བཞིན་ཡོད་ཀྱང་། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཡོད་པ་དེ་ཐོབ་ཐབས་བྱེད་བཞིན་པ་ལས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་དགོས་ནམ་ཡང་ཟེར་གྱི་མེད་པ་འཛམ་གླིང་ཚང་མས་ཤེས་གསལ་རེད། ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་དང་ངོས་རང་ལྷན་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གྲུབ་མཚམས་ཕོ་བྲང་དཀར་པོ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད་ཨ་རིའི་སྲིད་འཛིན་མཆོག་གིས་བོད་མིའི་དབུ་མའི་ལམ་གྱི་ལངས་ཕྱོགས་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་བསྒྲགས་ཡོད། དེར་བརྟེན་ང་ཚོས་རང་བཙན་རྩོད་ཀྱི་མེད་པ་འཛམ་གླིང་ཀུན་གྱིས་ཤེས་གསལ་རེད། སྔ་ལོ་ནས་བཟུང་རྒྱ་ནག་གཞུང་གིས་ངོས་ལ་ཐད་ཀར་སྐྱོན་བརྗོད་བྱེད་རྒྱུ་ཉུང་དུ་ཕྱིན་སོང་། ང་ཚོས་བལྟས་ཆོག ལོ་གཉིས་ཙམ་རྗེས་འགྱུར་བ་ཕལ་ཆེར་འགྲོ་རྒྱུ་རེད། ཅེས་གསུངས།

ཧི་མ་ལ་ཡ་རི་རྒྱུད་དུ་བོད་སྐད་བོད་ཡིག་སློབ་པའི་འགན་བོད་མི་ཚོར་ཡོད་སྐོར་ཁོང་གིས། ཧི་མ་ལ་ཡ་ས་ཁུལ་འདི་དག་བོད་ཀྱི་ནང་པའི་ཆོས་བྱེད་མཁན་ཆགས་ཡོད། བོད་ཀྱི་ནང་པའི་ཆོས་ཀྱི་རྩ་བ་ཐུག་ས་དེ་བཀའ་འགྱུར་བསྟན་འགྱུར་ཆགས་ཡོད། བཀའ་འགྱུར་བསྟན་འགྱུར་ནང་ཡོད་པའི་ཡི་གེ་བོད་ཡིག་རེད། འབྲས་ལྗོངས་བ་ཚོས་འབྲས་ལྗོངས་པའི་སྐད་ལ་འགྱུར་དགོས་ཡོད་ཟེར་བ་ལྟ་བུ། ཡང་ལ་དྭགས་འགའ་ཤས་ཀྱི་ལ་དྭགས་སྐད་ནང་འགྲོ་དགོས་ཡོད་ཟེར་མཁན་དེ་འདྲ་བྱུང་བ་རེད། སྐབས་དེར་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཆ་ཚང་ལ་དྭགས་སྐད་ནང་བསྒྱུར་ཐུབ་རྒྱུ་མ་རེད། འབྲས་ལྗོངས་སྐད་ནང་བསྒྱུར་ཐུབ་རྒྱུ་མ་རེད། ཅེས་ངོས་ཀྱིས་དེ་འདྲ་བཤད་པ་ཡིན། བཀའ་འགྱུར་བསྟན་འགྱུར་མི་དགོས་ན་དེ་ག་རང་རེད། དགོས་པ་ཡོད་ན་བོད་ཡིག་དང་བོད་སྐད་མ་ཤེས་པར་ཐབས་མེད་པ་ཞིག་རེད། དེར་བརྟེན་བོད་སྐད་དང་བོད་ཡིག་སློབ་སྦྱོང་སྤྲོད་རྒྱུར་བོད་རིགས་ཚོར་དམིགས་བསལ་ལས་འགན་ཞིག་ཡོད། བར་སྐབས་ཤར་མོན་ནས་ནུབ་ལ་དྭགས་བར་དགོན་པ་ཁག་དེ་དག་སློབ་གཉེར་ཁང་ཞིག་བཟོ་དགོས་འདུག་ཅེས་ཚོགས་པ་ཞིག་བཙུགས་འདུག དེ་སྔ་ཁོ་ཚོར་ངོས་རང་ལྡི་ལི་ནས་ཐུག་འཕྲད་བྱུང་བ་ལྟར་བསྔགས་བརྗོད་ཆེན་པོ་ཞུས་པ་ཡིན། ང་ཚོའི་ཁ་དཔེར། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་གཞན་ལ་ཤོར་དུས་སེམས་པ་གཏིང་ནས་སྐྱོ་བྱུང་ཞེས་པ་འདི་ལྟར་ཆགས་རྒྱུ་རེད། ཅེས་དང་། ད་ལྟ་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱའི་ནང་ཡོད་པའི་རིག་གནས་དེ་དག་སོ་སོའི་རིག་གནས་རེད། བཀའ་འགྱུར་བསྟན་འགྱུར་ཡོད་སྐབས་དོ་སྣང་དེ་ཙམ་མེད་པ་བྱས། རིམ་བཞིན་བོད་སྐད་རྩ་བ་ནས་བརྗེད། བོད་ཡིག་ཁྱོན་ནས་མ་ཤེས་པ་ཞིག་ཆགས་སྐབས་གཞི་ནས་མཁས་དབང་དེ་འདྲས་སངས་རྒྱས་པའི་ལྟ་གྲུབ་སྐོར་ཤོད་སྐབས་གཞི་ནས་འགྱོད་པ་སྐྱེ་རྒྱུ་ཞིག་ཆགས་རྒྱུ་རེད། དེར་བརྟེན་ཁོང་ཚོར་བོད་ཡིག་སློབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ལ་དྭགས་ས་ཁུལ་ལ་མཚོན་ན་ལོ་ལྔ་བཅུ་དྲུག་ཅུའི་ནང་ཡར་རྒྱས་ཧ་ཅང་ཕྱིན་ཡོད། ཟངས་དཀར་ལ་མཚོན་ནའང་ཡར་རྒྱས་འགྲོ་བཞིན་ཡོད། འདིར་ཤེས་ཡོན་ཡར་རྒྱས་གཏོང་ཆེད་ལམ་སྒྲོན་སློབ་གྲྭ་འདི་བཙུགས་པ་རེད། ཧ་ཅང་ཡག་པོ་རེད། བསྔགས་བརྗོད་ཡོད། ཤེས་ཡོན་ཟེར་བ་དེར་ཆོས་ལུགས་སྐད་ཆ་གང་ཡང་མེད། ཆོས་ལུགས་གང་བྱས་མིན་སོ་སོའི་སྒེར་གྱི་གནས་ཚུལ་རེད། ཤེས་ཡོན་བརྗོད་སྐབས་ཀུན་ལ་ཁྱབ་པ་ཞིག་རེད། ཁྱེད་རང་ཚོས་ལོ་ལྟར་གྲངས་ཉུང་མི་རིགས་ཀྱི་ཚུལ་དུ་ཁ་ཆེའི་སློབ་ཕྲུག་གཉིས་ལ་སློབ་འཇུག་གོ་སྐབས་སྤྲོད་རྒྱུ་འདི་ཧ་ཅང་ཡག་པོ་བྱུང་འདུག སློབ་གྲྭའི་དགེ་ལས་ཡོངས་ལ་མཐུན་རྐྱེན་འཛོམས་པོ་དེ་ཙམ་མེད་ཀྱང་འདིར་བསྡད་ནས་ཕྲུ་གུ་ཚོར་སློབ་སྦྱོང་སྤྲོད་རྒྱུའི་འགན་ཁུར་བླངས་པ་དེར་ངོས་ཀྱིས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཞེས་གསུངས་འདུག

ཕྱི་ཚེས་ ༢༤ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་། གསོ་རིག་ཉམས་ཞིབ་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་གནང་སྐབས། ས་ཆ་ཁུག་ཀྱོག་ཅིག་ཏུ་བོད་སྨན་དང་ཕྱི་ལུགས་སྨན་གྱི་མཐུན་རྐྱེན་འཛོམས་པའི་སྨན་ཁང་ཞིག་རྒྱག་ཐུབ་པ་བྱུང་བ་དེ་འབྲེལ་ཡོད་དབུ་ལས་ཚང་མས་དཀའ་ལས་བརྒྱབས་པ་ལ་བརྟེན་ནས་བྱུང་བ་ཡིན་སྐོར་བསྔགས་བརྗོད་དང་། ཡུལ་དེའི་སེར་སྐྱ་མི་མང་གིས་སྐྱབས་སུ་མཆི་ལབ་པ་མ་ཡིན་པར་བཀའ་གནང་བ་རྣམས་གང་ཐུབ་ཅི་ཐུབ་ཀྱིས་ལག་ལེན་དུ་འཁེལ་གྱི་ཡོད་པར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་འདུག

ཁོར་ཡུག་སྲུང་སྐྱོབ་ཐད་དོ་སྣང་དགོས་པའི་སྐོར་ལ་ཁོང་གིས། ངོས་རང་དྷ་སར་བསྡད་ནས་ལོ་ངོ་ ༦༠ མིན་ཙམ་ཕྱིན་པ་རེད། ངོས་རང་ཐོག་མར་དྷ་སར་འབྱོར་སྐབས་དགུན་དུས་ཁ་བ་ཧ་ཅང་མང་པོ་བབ་ཀྱི་འདུག དེ་ནས་ལོ་རེ་བཞིན་ཁ་བ་ཉུང་དུ་ཕྱིན་ནས་དེང་སྐབས་ཁ་བ་གང་ཙམ་ཉུང་ཉུང་རེད། དེར་བརྟེན་ངོས་ཀྱིས་ཁོང་ཚོར་ད་ལྟ་དྷ་སར་ཆུ་ཡོད་པ་དེ་རི་མགོར་དགུན་ཁ་གངས་བབས་པར་བརྟེན་ནས་ཆུ་འབེལ་པོ་ཡོང་བཞིན་ཡོད། གངས་ཉུང་དུ་ཉུང་དུ་འགྲོ་རྒྱུ་རེད། མ་འོངས་པར་གངས་རི་དེ་དག་མེད་པ་ཆགས་ཚེ་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། ད་ལྟ་ནས་ཆུ་མཛོད་རྒྱག་རྒྱུའི་ཐོག་བསམ་བློ་གཏང་ན་ཡག་པོ་རེད་ཅེས་དེ་འདྲ་ཤོད་བཞིན་ཡོད། ས་གནས་འདིར་མཚོན་ནའང་ད་ལྟ་ཕྱི་ལོ་ ༢༠༡༨ དང་ ༢༠༢༨། ༢༠༣༨ སླེབ་སྐབས་ཕལ་ཆེར་གངས་དེ་དག་ཉུང་དུ་འགྲོ་རྒྱུ་རེད། རིམ་བཞིན་ཟངས་དཀར་ཡུལ་དང་ལ་དྭགས་ས་ཁུལ་མང་པོ་ཞིག་ལ་ཆུ་ཧ་ཅང་དཀོན་པོ་ཆགས་རྒྱུའི་བཟོ་ལྟ་འདུག དེར་བརྟེན་ཁོར་ཡུག་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས། ད་ལྟ་ཆུ་ཕྲན་བུ་ཡོད་པའི་དུས་སྐབས་འདིར་ཤིང་སྣ་འདེབས་འཛུགས་བྱ་རྒྱུས་མཚོན་གང་དང་གང་བྱེད་རྒྱུ་ཡོད་པ་དེ་ཚོའི་ཐོག་བསམ་བློ་གཏོང་དགོས། ཁོར་ཡུག་སྐོར་གྱི་མཁས་དབང་དེ་འདྲ་སྐད་བཏང་ནས་སྐད་ཆ་དྲིས་དེ་འདྲ་བྱས་པ་ཡིན་ན་ཡག་པོ་ཡོད། ངོས་རང་དེ་སྔ་ཨེ་ཛི་རལ་ཡུལ་དུ་ཐེངས་འགའ་ཤས་ཕྱིན་པ་རེད། ཇིའུ་གཞིས་ཆགས་ཡོད་སའི་ས་ཁུལ་དུ་ཆུ་ཉུང་ཉུང་ཞིག་བེད་སྤྱོད་བྱས་ནས་ཤིང་སྣ་དང་སྔོ་ཚལ་འདེབས་འཛུགས་ཤུགས་ཆེན་བྱས་པར་བརྟེན་ལྗང་ཐང་ངེར་འདུག དེ་མིན་པེ་ལི་སི་ཊན་(Palestine) ཡོད་སར་བྱེ་ཐང་(Desert) བྱས་ནས་འདུག ངོས་ཀྱིས་འདི་འདྲ་དྲན་བཞིན་འདུག གཅིག་བྱས་ན་ཨེ་ཛི་རལ་གྱི་ཁོར་ཡུག་མཁས་པ་དེ་འདྲ་དང་སྐད་ཆ་བཤད་ནས་བྱེད་རྒྱུ་གང་འདུག དེའི་ཐོག་བསམ་བློ་གཏོང་དགོས་པ་འདུག གཞན་ལོ་ ༢༠།༣༠ ཕྱིན་པའི་རྗེས་ལ་ཏན་ཏན་ཆུའི་དཀའ་ངལ་འཕྲད་རྒྱུ་རེད། ཁྱེད་རང་ཚོ་ཟངས་དཀར་བ་ཚང་མ་རྒྱབ་ཏུ་རྡོག་མཁྲེས་རེ་འཁུར་ནས་རྒྱ་གར་དམའ་སར་འགྲོ་རྒྱུ་འཁེལ་ཡོང་། ང་ཚོ་ལོ་བརྒྱ་ཕྲག་སྟོང་ཕྲག་རིང་འདི་འདྲ་བྱས་ནས་བསྡད་པ་ཡིན། ད་དུང་མུ་མཐུད་འདི་འདྲ་བྱས་ནས་སྡོད་ཐུབ་རྒྱུ་རེད། འགྲིག་འགྲོ་རྒྱུ་རེད་བསམ་པའི་བསམ་བློ་དེ་མ་གཏོང་། ཁོར་ཡུག་ལ་ཧ་ཅང་འགྱུར་བ་འགྲོ་བཞིན་ཡོད། གོ་ལའི་ཚ་དྲོད་འཕེལ་བཞིན་ཡོད་པ་རེད། འཛམ་གླིང་ཚ་དྲོད་ཧ་ཅང་རྒྱས་བཞིན་འདུག གོང་དུ་ཆོས་འཕེལ་བཟོད་པས་ངོས་རང་ཟངས་དཀར་ཁུལ་འདིར་ཡང་ཡང་ཡོང་རོགས་གསུངས་པ་མ་ཟད། དུས་འཁོར་དབང་ཆེན་བྱེད་རོགས་ཟེར་བ་དེ་འདྲ་ཧ་ལམ་ཁག་པོ་རེད། དུས་འཁོར་དབང་ཆེན་སྔ་མོ་འདིར་བྱས་པ་རེད། དུས་འཁོར་དབང་ཆེན་ཞུས་ནས་རྟོགས་པ་རྙེད་པ་ག་ཚོད་ཡོད་དམ། ད་ཕལ་ཆེར་ཡང་ཡང་ཡོང་ཐུབ་རྒྱུ་ཁག་པོ་རེད། ལོ་ཡང་མཐོ་རུ་འགྲོ་བཞིན་ཡོད། གང་ལྟར་ངོས་རང་འདིར་གཟུགས་པོ་དངོས་སུ་སླེབ་རུང་མ་སླེབ་རུང་ངོས་ཀྱིས་ཁྱེད་ཚོ་དད་ལྡན་སེམས་ཅན་སུ་གཅིག་ཀྱང་ངོས་ཀྱིས་དུས་ནམ་ཡང་བརྗེད་རྒྱུ་མ་རེད། སྤྱིར་སེམས་ཅན་ཐམས་ཅད། ཡང་སྒོས་ངོས་ལ་རེ་བ་དང་ཡིད་ཆེས། དད་པ་བྱེད་མཁན་ཚོ་ངོས་ཀྱིས་ནམ་ཡང་བརྗེད་མི་ཡོང་། ཞེས་གསུངས་སོང་།

སངས་རྒྱས་དཀོན་མཆོག་གིས་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༠༧/༢༧

Leave a Reply

One thought on “ང་ཚོས་བལྟ་ཆོག  ལོ་གཉིས་གསུམ་རྗེས་བོད་དོན་ལ་འགྱུར་བ་ཕལ་ཆེར་འགྲོ་རྒྱུ་རེད།

  1. རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲཛྙཱ པཱ་རཱ་མི་ཏཱ་ཧྲི་ད་ཡ། ལ་དྭགས་སྐད་དུ་འགྱུར་མཁན་དེ་ བོད་པའི་བཀའ་དྲིན་བསམ་མི་ཤེས་མཁན་ སྤྲང་པོ་གྲོད་ཁོག་རྒྱགས་པ་ཚོ་རེད། ཁོ་རང་ཚོ་ལུང་པ་ཤོར་བ་ཧ་གོ་གི་མེད།