རྒོལ་རྩོམ་ཞེས་པ་དེ་ག་འདྲ་ཞིག་ལ་ངོས་འཛིན་དགོས་པ་རེད། དེས་ཕན་ནུས་ཅི་ཙམ་ཐོན་གྱི་འདུག

རྒོལ་རྩོམ་ཉམས་ཞིབ་པ་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྒོལ་རྩོམ་རྩོམ་རིག་ནི་རྒྱལ་ཁབ་ཀྱི་འཐབ་རྩོད་དང་འབྲེལ་བའི་ཆབ་སྲིད་གཅིག་པུ་ཙམ་མ་ཡིན་པར་སྤྱི་ཚོགས་དང་རིག་གནས་གོམས་སྲོལ་སོགས་ཀྱི་གཉའ་གནོན་གང་ལ་ཡང་རྒོལ་བའི་རྩོམ་ཡིག་ལ་གོ་དགོས་སྐོར་བརྗོད་བྱུང་།

དྲི་བ། བོད་ལ་མཚོན་ན་རྒོལ་རྩོམ་(Resistance Literature)ཞེས་པ་དེ་རྩོམ་རིག་གི་བརྡ་ཆད་གསར་པ་ཞིག་ཆགས་ཀྱི་ཡོད་དུས་ཐོག་མར་ཉིད་ཀྱིས་བོད་ཡིག་ནས་རྩོམ་རིག་འདིར་མིང་ག་འདྲ་ཞིག་བཏགས་ན་འགྲིག་མིན་དང་རྩོམ་རིག་དེ་ག་འདྲ་ཞིག་ལ་ངོས་འཛིན་དགོས་པའི་སྐོར་ནས་ངོ་སྤྲོད་ཐུང་ཐུང་ཞིག་གནང་རོགས།

ལན། སྤྱིར་ང་རང་ལ་མཚོན་ན་དབྱིན་ཡིག་གི(Resistance)ཞེས་པ་དེ་བོད་ཡིག་ནས་འདི་རེད་ཅེས་ཁ་མཚོན་ཆོད་པོས་བཤད་ཁག་པོ་རེད། དབྱིན་ཡིག་ནང་ཐ་སྙད་འདི་ལ་གོ་བ་འདྲ་མི་འདྲ་དང་གང་ས་གང་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། མང་པོ་ཞིག་གིས་བོད་ཡིག་ནང་འཐབ་རྩོད་རྩོམ་རིག་དང་ཆབ་སྲིད་རྩོམ་རིག དེ་བཞིན་རྒོལ་རྩོམ་རྩོམ་རིག་ཅེས་མིང་བཏགས་ཡོད་པ་འདུག་མོད། འཐབ་རྩོད་རྩོམ་རིག་ཟེར་དུས་གཙོ་ཆེ་ཤོས་དབྱིན་ཡིག་གིས་(Struggle)ཞེས་པར་གོ་བཞིན་འདུག རྒོལ་རྩོམ་ཞེས་པ་དེ་རྒྱལ་ཁབ་ཀྱི་འཐབ་རྩོད་དང་འབྲེལ་བའི་རྩོམ་རིག་གཅིག་པུ་ཙམ་མ་ཡིན་པར་གནད་དོན་གང་ཡང་རུང་བ་ཞིག་ལ་མོས་མཐུན་མེད་པའི་ངང་ནས་ངོ་རྒོལ་ཡོད་པའི་རྩོམ་ཡིག་ཚང་མར་གོ་བཞིན་ཡོད་པ་རེད། དཔེར་ན་རྒྱལ་ཁབ་ཞིག་གིས་རྒྱལ་ཁབ་ཅིག་ལ་བཙན་གནོན་བྱས་པར་རྒོལ་བའི་རྩོམ་ཡིག་དང་བུད་མེད་ཐོབ་ཐང་འཐབ་རྩོད་སྐོར་ལ་བྲིས་པའི་རྩོམ་ཡིག དེ་བཞིན་རྒྱ་གར་ནང་ལ་མཚོན་ན་རིགས་དམན་པའི་མི་རིགས་ཚོར་གཉའ་གནོན་བྱས་པར་བྲིས་པའི་རྩོམ་ཡིག་སོགས་ལ་གོ་བཞིན་ཡོད་པ་དང་། རིག་གནས་དང་ཆོས་ལུགས་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་གཉའ་གནོན་འོག་ཚུད་པར་ངོ་རྒོལ་བྱས་པའི་རྩོམ་ཡིག་ལ་གོ་བཞིན་ཡོད་དུས། སྤྱིར་རྩོམ་རིག་དེ་འདི་ལྟ་བུ་ཞིག་ཡིན་པ་རེད་ཅེས་བསྡོམས་ཚིག་བཀོད་མི་ཐུབ་ན་ཡང་སྤྱི་ཡོངས་ནས་བལྟས་པ་ཡིན་ན་གཞན་གྱི་འདོད་མོས་མེད་པའི་ངང་ནས་གཉའ་གནོན་དང་བཙན་འཛུལ་སོགས་ཀྱི་འོག་ལ་ཚུད་པར་ངོ་རྒོལ་ཡོད་པའི་རྩོམ་རིག་ཚང་མར་གོ་བཞིན་ཡོད་པ་རེད།  གཞན་རྩོམ་རིག་འདིར་ད་སྔ་ནང་དོན་གྱི་ངོ་གདོང་ཁོ་ན་ནས་ངོ་རྒོལ་དང་འཐབ་རྩོད་རྩོམ་རིག་བརྗོད་པ་ལས་རྩོམ་ལུས་དང་ནང་དོན་སོགས་ཀྱི་ཁྱད་ཆོས་ལ་དཔྱད་པ་བྱས་ཏེ་རྒོལ་རྩོམ་ཞེས་པ་འདི་འདྲ་ཞིག་ཡིན་དགོས་པར་བསྟན་ཡོད་པ་ཉུང་ཉུང་རེད། ཅེས་བརྗོད་སོང་།

དྲི་བ། རྒོལ་རྩོམ་མམ་འཐབ་རྩོད་རྩོམ་རིག་ཞེས་པ་དེ་མི་རིགས་གཞན་པས་རྩོམ་རིག་ཁྲོད་ག་དུས་ནས་གླེང་མགོ་ཚུགས་ཡོད་པ་དང་རྩོམ་རིག་གི་རིགས་ཚན་བྱེ་བྲག་པ་དེ་གནས་བབ་ག་འདྲ་ཞིག་གི་འོག་ནས་དར་བ་རེད།ལན། རྒོལ་རྩོམ་རྩོམ་རིག་ཟེར་བ་དེ་གནའ་རབས་ཀྱི་རྩོམ་རིག་ཁག་གི་ནང་དུ་ཡོད་ཡོད་པ་ཞིག་རེད་དེ། རྩོམ་རིག་འདི་ཤུགས་ཆེན་པོ་དར་བའི་དུས་སྐབས་དེ་དུས་རབས་ ༡༩ དང་ ༢༠ པའི་ནང་འཛམ་གླིང་གི་ཡུལ་གྲུ་མང་པོར་བཙན་རྒྱལ་རིང་ལུགས་ཧ་ཅང་དར་ཁྱབ་ཆེན་པོ་ཕྱིན་ཏེ། འཛམ་གླིང་གི་བརྒྱ་ཆ་ ༨༠ ལྷག་བཙན་རྒྱལ་རིང་ལུགས་པའི་མི་སེར་སྤེལ་ཡུལ་གྱི་དབང་འོག་ཏུ་ཤོར་ཡོད་པ་རེད། དཔེར་ན་ཡོ་རོབ་ཀྱིས་ཨ་ཧྥི་རི་ཁ་གླིང་དང་བྱང་ཨ་མི་རི་ཁ་དང་ལྷོ་ཨ་མ་རི་ཁ་གླིང་སོགས་བཙན་འོག་ཏུ་བསྡུས་ཡོད་པ་རེད་ལ། ཨེ་ཤ་ཡའི་ནང་དུ་དེ་དང་དེ་བཞིན་རྒྱལ་ཁབ་མང་པོ་བཙན་རྒྱལ་རིང་ལུགས་པའི་འོག་ཏུ་ཤོར་ཡོད་དུས། དུས་རབས་ ༡༩ དང་ ༢༠ བར་ལ་ངོ་རྒོལ་དང་འཐབ་རྩོད་ཀྱི་རྣམ་པ་ཅན་གྱི་རྩོམ་རིག་ཤུགས་ཆེན་དར་ཡོད་པ་དང་། ལྷག་པར་དུ་དུས་རབས་ ༢༠ ནང་བཙན་གནོན་འོག་གི་རྒྱལ་ཁབ་ཁག་གི་ནང་ཡོད་པའི་རྩོམ་པ་པོ་མང་པོས་རྩོམ་ཡིག་བརྒྱུད་ནས་ངོ་རྒོལ་དང་འཐབ་རྩོད་བྱས་ཏེ། དབང་བསྒྱུར་དང་ཆབ་སྲིད་ཀྱི་ལྟ་གྲུབ་སོགས་ལ་ངོ་རྒོལ་ཡོད་པའི་རྩོམ་རིག་དེ་ཧ་ཅང་ཤུགས་ཆེན་པོ་དར་བ་རེད། དེ་ལ་རྩོམ་རིག་མཁས་པ་དང་དཔྱད་བརྗོད་པ་ཚོས་མི་སེར་སྤེལ་བའི་རིང་ལུགས་ཕྱི་མའི(Postcolonialism)རྩོམ་རིག་ཞེས་དེའི་སྒང་ལ་དཔྱད་ཞིབ་ཤུགས་ཆེན་བྱས་ཏེ་ལྟ་གྲུབ་སོགས་ཀྱི་རྨང་གཞི་འདིང་མཁན་དེ་ཨལ་རྗེ་རཱན(Algerian)ནས་ཡིན་པའི་ཧྥ་རོན་ཛི་ཧྥ་ནོན(Frantz Fanon)ཞེས་པ་ཞིག་ཡོད་པ་རེད། ཁོ་རང་སྨན་པ་དང་སེམས་ཁམས་རིག་པའི་སྐོར་ལ་མཁས་དབང་ཡིན་ན་ཡང་། ཁོང་གིས་ཉམ་ང་བའི་གོ་ལ་(The Wretched of the Earth)ཞེས་པའི་དེབ་ཅིག་བྲིས་ཏེ་དེབ་དེའི་ནང་གཙོ་བོ་ཁོ་རང་སེམས་ཁམས་རིག་པའི་སྨན་པ་ཡིན་དུས་སྐབས་དེར་ཨལ་རྗེ་རཱན་མི་རིགས་དེ་ཧྥ་རན་སའི་བཙན་གནོན་འོག་ཡོད་སྟབས། གཉའ་གནོན་མྱོང་བཞིན་པའི་ཨལ་རྗེ་རཱན་གྱི་མི་ཚོའི་སེམས་ཁམས་དང་ལྟ་བ་འཁུར་སྟངས་སོགས་ག་འདྲ་ཡོད་པའི་སྐོར་ལ་བྲིས་ཡོད་པ་རེད། དེ་གཞིན་པ་ལི་སི་ཏེན་(Palestine)ནས་ཡིན་པ་སྐུ་ཞབས་ཨེ་ཝར་ཌི་(Edward Said)ལ་མཚོན་པ་ལི་སི་ཏེན་གྱི་མི་རིགས་ཨེ་ཟི་རལ་གྱི་བཙན་གནོན་འོིག་བསྡད་མྱོང་ཡོད་དུས། ཁོང་གིས་ཤར་ཕྱོགས་རིང་ལུགས་(Orientalism)ཞེས་པའི་དེབ་ཅིག་བྲིས་ཡོད་པ་རེད། དེབ་དེའི་ནང་བཙན་གནོན་བྱེད་མཁན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྩོམ་རིག་ལ་ཞིབ་མཇུག་བྱས་ཏེ། བཙན་གནོན་མཁན་དག་གིས་རྒྱལ་ཁབ་ཅིག་དབང་དུ་བསྡུ་བའི་སྐབས་མཚོན་ཆ་གཅིག་པུ་ཙམ་མིན་པར་རིག་གནས་དང་བསམ་བློ་ག་འདྲ་ཞིག་འཁུར་ཡོད་པ་སོགས་ཀྱི་སྐོར་ནས་ཞིབ་མཇུག་བྱས་ཏེ་རྩོམ་རིག་དེར་ཐོག་མའི་རྨང་གཞི་ལྟ་བུ་སྐྲུན་ཡོད་པ་རེད། གཞན་རྒྱ་གར་གྱི་རྩོམ་རིག་མཁས་དབང་དང་ནུབ་ཕྱོགས་གཙུག་ལག་ལག་སློབ་གཉེར་ཁང་ཁག་ཏུ་དགེ་རྒན་ཡིན་པའི་གྷ་ཡཱ་ཊི་རེ་སི་པཱིག(Gayatri Spivak)དང་ཧོ་མེ་བྷ་བྷ་(Homi Bhabha)། ཨ་རིའི་མི་རིགས་ནག་པོ་ཡིན་པའི་ཧཱན་རེ་ལོ་སི་གྷ་ཊི(Henry Louis Gates)སོགས་ཀྱིས་མི་སེར་སྤེལ་བའི་རིང་ལུགས་ཕྱི་མའི་རྩོམ་རིག་ཞེས་བཙན་རྒྱལ་རྒྱལ་ཁབ་ཁག་གི་གཉའ་གནོན་འོག་ཡོད་པའི་མི་རིགས་ཁག་གི་རྩོམ་ལ་ཞིབ་མཇུག་བྱས་ཏེ་རྨང་གཞི་གསར་བ་ཞིག་སྐྲུན་པས། དེང་སང་མི་སེར་སྤེལ་བའི་རིང་ལུགས་ཕྱི་མའི་རྩོམ་རིག་ལྟ་གྲུབ་དང་མི་སེར་སྤེལ་བའི་རིང་ལུགས་ཕྱི་མའི་དགག་སྒྲུབ་རྩོམ་རིག་ཅེས་འཛམ་པོའི་གླིང་སྤྱི་ལ་ཡོད་བསྡད་པའི་རྩོམ་རིག་གི་ཚན་པ་ཤུགས་ཆེན་པོ་ཞིག་ཆགས་ཡོད་པ་རེད། མི་སེར་སྤེལ་བའི་རིང་ལུགས་ཀྱི་རྩོམ་རིག་འདི་དག་ལ་ཞིབ་ཚགས་ཀྱིས་བལྟས་པ་ཡིན་ན་སྤྱི་ཡོངས་ནས་འཐབ་རྩོད་དང་རྒོལ་རྩོམ་རྩོམ་རིག་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

དྲི་བ། མི་སེར་སྤེལ་བའི་རིང་ལུགས་ཀྱི་རྩོམ་རིག་ཁྲོད་དུ་ནུབ་ཕྱོགས་མ་ཡིན་པའི་གཉའ་གནོན་དང་བཙན་འཛུལ་མྱོང་བཞིན་པའི་མི་རིགས་དང་རྒྱལ་ཁབ་ཁག་གི་རྩོམ་ཡིག་ལ་ལྟ་ཚུལ་དང་དཔྱད་ཞིབ་ག་འདྲ་བྱེད་བཞིན་ཡོད་པ་དང་རྒོལ་བ་དང་རྩོམ་རིག་ཞེས་པའི་ཐ་སྙད་གཉིས་ག་དུས་ཤིག་ནས་མཉམ་དུ་ཆགས་པ་རེད།

ལན། སྤྱིར་ན་མི་སེར་སྤེལ་བའི་རིང་ལུགས་ཀྱི་རྩོམ་རིགས་དེ་དག་འཐབ་རྩོད་དང་རྒོལ་རྩོམ་ཁོ་ནར་དམིགས་གཏོད་ཀྱི་ཡོད་ན་ཡང་། དཀའ་ངལ་གཞན་ཞིག་ལ་མི་སེར་སྤེལ་བའི་རིང་ལུགས་ཀྱི་རྩོམ་རིགས་ནི་ཡོ་རོབ་རྒྱལ་ཁབ་ཁག་གིས་བཙན་གནོན་བྱས་མྱོང་བའི་རྒྱལ་ཁབ་ཁག་གི་རྩོམ་རིག་ཁོ་ན་ཞིག་ཆགས་ཀྱི་ཡོད་པ་རེད། དེ་མིན་དེང་སང་རྒྱ་ནག་གི་བཙན་གནོན་འོག་ཐོན་པའི་བོད་ཀྱི་རྩོམ་པ་པོ་ཚོའི་རྩོམ་ཡིག་དང་གཞན་རྒྱལ་ཁབ་མང་པོའི་འོག་ནས་དབང་བསྒྱུར་ལ་འཐབ་རྩོད་བྱས་འདུག་མཁན་གྱི་མི་རིགས་དང་རྒྱལ་ཁབ་མང་པོ་ཡོད་ན་ཡང་། དེ་དག་གི་རྩོམ་ཡིག་དེ་མི་སེར་སྤེལ་བའི་རིང་ལུགས་ཀྱི་རྩོམ་རིག་ཁྲོད་དུ་ཁྱོན་ནས་ཡོང་ཐུབ་ཀྱི་མེད་པ་རེད། དཔེར་ན། དེང་སང་སི་པན་ནང་དུ་འཐབ་རྩོད་བྱེད་མཁན་ཚོ་དང་སེངྒ་ལའི་འོག་གི་ཏ་མུལ་མི་རིགས། གཞན་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ནང་དེ་ལྟ་བུའི་བཙན་གནོན་ལ་ངོ་རྒོལ་གྱི་རྩོམ་ཡིག་མང་པོ་བྱུང་གི་ཡོད་ན་ཡང་། དེ་དག་ཁྱོན་ནས་ད་ལྟ་བཤད་བཞིན་པའི་མི་སེར་སྤེལ་བའི་རིང་ལུགས་ཕྱི་མའི་རྩོམ་རིགས་ཁྲོད་ངོས་འཛིན་ཐུབ་ཀྱི་མེད་པ་རེད། མི་སེར་སྤེལ་བའི་རིང་ལུགས་ཕྱི་མའི་རྩོམ་རིགས་དེ་ས་ཁུལ་བྱེ་བྲག་པ་ཞིག་དང་དུས་ཚོད་བྱེ་བྲག་པ་ཞིག་གི་འོག་ནས་བྱུང་བའི་རྩོམ་རིག་ཁོ་ནར་ངོས་འཛིན་གྱིས་དེ་ལ་ཞིབ་མཇུག་དང་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། སྤྱིར་འཐབ་རྩོད་དང་ངོ་རྒོལ་གྱི་རྩོམ་རིག་དེ་དག་རྒྱལ་ཁབ་ཀྱི་འཐབ་རྩོད་དང་འབྲེལ་བའི་རྩོམ་རིག་གཅིག་པུ་ཙམ་མ་ཡིན་པར་གནད་དོན་གང་ཡང་རུང་བ་ཞིག་ལ་ངོ་རྒོལ་གྱི་ལས་འགུལ་བརྒྱུད་ནས་བྲིས་པའི་རྩོམ་རིག་ལ་གོ་དགོས་པ་ཞིག་རེད། ཡིན་ན་ཡང་། གནད་དོན་ཞིག་ལ་དབྱིན་ཡིག་གི་(Resistance) ཞེས་པའི་ཐ་སྙད་དང་རྩོམ་རིག་གཉིས་མཉམ་དུ་ག་འདྲ་བྱས་ཆགས་པ་དང་། ཐ་སྙད་དེ་འཚོལ་བ་ཡིན་ན་མང་ཆེ་བ་དམག་ཆེན་གཉིས་པའི་སྐབས་ཀྱི་ངོ་རྒོལ་ལས་འགུལ་(Resistance Movement)ཞེས་པར་གོ་བ་དང་། དེའི་སྔོན་ལ་ཐ་སྙད་དེ་མེད་པ་མ་ཡིན་པར་ཡོད་ན་ཡང་ཆབ་སྲིད་དང་ཤུགས་ཆེན་པོར་འབྲེལ་ནས་ཡོད་པའི་ཚིག་ཅིག་རེད་མི་འདུག དེ་བཞིན་ཐ་སྙད་དེ་རྩོམ་རིག་དང་རྒོལ་རྩོམ་ཞེས་ག་དུས་འབྲེལ་བ་ཆགས་པ་རེད་ཅེས་ན། པ་ལི་སི་ཐན་གྱི་རྩོམ་པ་པོ་གྷ་སཱན་ཀཱ་ནཱ་ཧྥ་ནེ(Ghassan Kanafani)ཡིས་ཕྱི་ལོ་༡༩༦༠ ནང་སྐབས་དེའི་ཨེ་ཟི་རལ་འོག་ན་ཡོད་པའི་པ་ལི་སི་ཏེན་གྱི་རྩོམ་རིག་ལ་དཔྱད་པ་བྱས་ཏེ་རྩོམ་རིག་དེར་རྒོལ་རྩོམ་རྩོམ་ཡིག་ཅེས་བྲིས་ཡོད་པ་དང་། ཁོ་རང་ལ་མཚོན་ན་རྩོམ་པ་པོ་ཞིག་ཡིན་པ་མ་ཟད་རྩོམ་རིག་དཔྱད་བརྗོད་པ་ཞིག་ཀྱང་རེད་འདུག ཕལ་ཆེར་ཐོག་དང་པོ་རྒོལ་བ་དང་རྩོམ་རིག་ཞེས་རིང་ལུགས་ཤིག་བཟོ་མཁན་ཁོ་རང་ཆགས་བསྡད་ཡོད་པ་རེད། ཁོ་རང་གིས་ཚིག་དེ་གང་ལ་གོ་ཡི་འདུག་ཅེས་ན་རྒྱལ་ཁབ་ཀྱི་འཐབ་རྩོད་ལ་གོ་བཞིན་ཡོད་པ་རེད། སྤྱིར་རྒོལ་བ་ཞེས་པ་དང་རྩོམ་རིག་གཉིས་དེ་ལྟ་བུ་ཞིག་གི་ངོས་ནས་འབྲེལ་བ་ཆགས་ཡོད་ན་ཡང་། ད་ལྟའི་ཆར་རྒོལ་རྩོམ་ཞེས་པ་རྒྱལ་ཁབ་ཀྱི་འཐབ་རྩོད་དང་ཆབ་སྲིད་ཁོ་ན་ཞིག་ཏུ་ངོས་འཛིན་བྱས་པ་མ་ཡིན་པར། རྒོལ་བ་དང་འཐབ་རྩོད་རིགས་ཀྱི་རྩོམ་ཡིག་མང་པོ་ཞིག་ལ་གོ་བཞིན་ཡོད་པ་རེད། ཅེས་བརྗོད་སོང་།

དྲི་བ།  ཁྱེད་ཀྱིས་ཉམས་ཞིབ་བྱེད་བཞིན་པའི་རྒོལ་རྩོམ་རྩོམ་རིག་དེ་བོད་པའི་རྩོམ་རིག་ཁྲོད་ཀྱི་རྒོལ་རྩོམ་ཡིན་ནམ། ཡང་ན་སྤྱི་ཡོངས་ཀྱི་རྒོལ་རྩོམ་རེད་དམ། ད་སྔ་རྩོམ་རིག་གི་ལམ་ནས་འཐབ་རྩོད་དང་ངོ་རྒོལ་བྱས་ཏེ་གྲུབ་འབྲས་ཐོན་ཡོད་པ་དང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་ཚོའི་རྒོལ་རྩོམ་གྱིས་བོད་ཀྱི་རྩ་དོན་ལ་ཕན་ནུས་ག་ཚོད་ཐོན་གྱི་འདུག

ལན། སྤྱིར་ང་རང་གིས་ཉམས་ཞིབ་བྱེད་སའི་རྒོལ་རྩོམ་དེ་སྤྱི་ཡོངས་ལྟ་བུ་ཞིག་རེད་དེ་བོད་པའི་རྒོལ་རྩོམ་སྒང་ལ་ཤུགས་ཆེན་པོ་བྱེད་ཀྱི་ཡོད། ཡིན་ན་ཡང་བོད་པའི་རྩོམ་རིག་ཁྲོད་རྒོལ་རྩོམ་ཞེས་བརྗོད་དུས་ག་འདྲ་ཞིག་ཏུ་ངོས་འཛིན་སོགས་གསལ་བོ་མེད་དུས། ཐོག་མར་གཞན་གྱི་རྩོམ་རིག་ཁྲོད་དུ་རྒོལ་རྩོམ་ཞེས་པར་གོ་བ་ག་འདྲ་ཞིག་ལེན་བཞིན་ཡོད་པ་དང་གཞན་གྱི་རྩོམ་རིག་ཁྲོད་རྒོལ་རྩོམ་ལ་ཉམས་ཞིབ་ག་འདྲ་བྱས་ཡོད་པའི་སྐོར་སོགས་ལ་སློབ་སྦྱོང་དང་རྨང་གཞི་ཞིག་གཏིང་ནས། དེ་ཡི་ལག་ཆ་དེ་འཁུར་ཡོང་ནས་བོད་པའི་རྩོམ་རིག་ཁྲོད་ཀྱི་རྒོལ་རྩོམ་ལ་ལྟ་ཡི་ཡོད། སྤྱི་ཡོངས་ནས་དེ་གཉིས་གར་འདྲ་མཉམ་ལྟ་བུ་ཞིག་གི་ངོས་ནས་ཉམས་ཞིབ་བྱེད་ཀྱི་ཡོད། ཅེས་དང་།  གཞན་རྩོམ་རིག་གི་སྐོར་ནས་བཤད་ན་རྩོམ་རིག་གི་ལམ་ནས་འཐབ་རྩོད་བྱས་ཏེ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་སོང་བ་དེ་འདྲ་ཁག་པོ་རེད་དེ། སྤྱིར་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་ཁྲོད་འཐབ་རྩོད་བྱེད་སྟངས་མང་པོ་ཞིག་ཡོད་པ་ལས་རྩོམ་རིག་དེ་འཐབ་རྩོད་ཀྱི་བརྒྱུད་ལམ་ཞིག་ཆགས་ཀྱི་ཡོད་པ་རེད། དཔེར་ན་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཁྲོད་ཆོས་དང་རིག་གཞུང་ཉར་ཚགས་བྱས་ཏེ་འཐབ་རྩོད་བྱེད་པ་དང་དམག་འཁྲུག་གི་ལམ་ནས་འཐབ་རྩོད་བྱེད་པ། ལས་འགུལ་འདྲ་མིན་སྤེལ་ནས་འཛམ་གླིང་སྤྱི་ལ་གོ་རྟོགས་སྤེལ་ནས་འཐབ་རྩོད་བྱེད་སོགས་བྱེད་ཀྱི་ཡོད་པ་ལྟར་རྩོམ་རིག་ཀྱང་འཐབ་རྩོད་བྱེད་ཐབས་ཀྱི་བརྒྱུད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་བཞིན་བོད་ནང་ལ་མཚོན་ན་རྩོམ་རིག་གི་ལམ་ནས་འཐབ་རྩོད་བྱས་ཏེ་གྲུབ་འབྲས་འདི་རེད་ཅེས་བཤད་མི་ཐུབ་ན་ཡང་། བོད་ནང་གི་རྩོམ་པ་པོ་མང་པོའི་རྩོམ་བྲིས་ཏེ་བཙོན་ཁང་དུ་ཚུད་པ་དང་ཁོ་ཚོའི་རྩོམ་ཡིག་དེ་དག་རྒྱལ་སྤྱིའི་སྒང་ལ་སླེབས་བཞིན་པ་དེས་ནུས་པ་ཞིག་ཐོན་གྱི་ཡོད་པ་སྟོན་གྱི་ཡོད་པ་རེད། རྩོམ་རིག་གི་ནུས་པ་དང་གྲུབ་འབྲས་ཞེས་པ་དེ་ལྟ་བུ་ཞིག་ལ་གོ་དགོས་པ་མ་གཏོགས་རྩོམ་ཡིག་རང་བྲིས་ཏེ་བོད་རང་བཙན་ཐོབ་དགོས་པ་ཞིག་མ་རེད། གཞན་ཞོགས་དུང་ལྟ་བུ་ཁོ་ཚོའི་དེབ་དེ་དག་རྒོལ་རྩོམ་རེད་ཅེས་དམིགས་བསལ་ཞུ་ཡི་མེད་མོད། ཞོགས་དུང་གི་གནམ་ས་གོ་འབྱེད་སོགས་ལ་མཚོན་ན་དམིགས་བསལ་གྱིས་ཆབ་སྲིད་དང་འབྲེལ་བའི་འཐབ་རྩོད་རྩོམ་ཡིག་ཆགས་ཀྱི་ཡོད་པ་རེད་ལ། རྩོམ་པ་པོ་ཁོ་ཚོ་ལྟ་བུར་མཚོན་ན་བོད་ནང་གི་གཞོན་སྐྱེས་ཚོའི་ཁྲོད་གུས་བཀུར་བྱེད་མཁན་མང་པོ་བྱུང་གི་ཡོད་དུས་དེ་དག་ཀྱང་འཐབ་རྩོད་ལ་ཞབས་འདེགས་དང་ཕན་ནུས་ཅན་ཞིག་ཏུ་གྱུར་བཞིན་ཡོད་པ་རེད། ལྷག་པར་དུ་རྩོམ་རིག་གི་འཐབ་རྩོད་དེ་ཕྱིའི་གཟུགས་པོས་འཐབ་རྩོད་ཅིག་མ་ཡིན་པར་ནང་བསམ་བློའི་འཐབ་རྩོད་ཅིག་ཆགས་ཀྱི་ཡོད་དུས། མི་རིགས་ཤིག་ལ་མཚོན་ན་དང་པོ་ཕྱི་ཚུལ་གྱི་དོན་དག་མང་པོ་ཞིག་སྒྲུབ་པར་ནང་གི་བསམ་བློ་ཡག་པོ་ཞིག་སྐྲུན་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད།   ཅེས་བརྗོད་སོང་།

དྲི་བ། བོད་ཕྱི་ནང་གཉིས་སུ་ཆབ་སྲིད་གཅིག་པུ་ཙམ་མ་ཡིན་པར་དངོས་ཡོད་ལ་གདོང་གཏད་དེ་རྒོལ་རྩོམ་འབྲི་མཁན་གྱི་རྩོམ་པ་པོ་གང་དུ་མང་པོ་ཡོད་པ་དང་སྤྱི་ཡོངས་ནས་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་རྩོམ་རིག་ལ་དོ་སྣང་བྱེད་མཁན་ཉུང་བ་ཡོད་པ་དེའི་རྒྱུ་རྐྱེན་གང་ལ་ཐུག་པ་རེད།

ལན། སྤྱི་ཡོངས་ནས་བོད་ནང་དུ་རྩོམ་རིག་གི་སྐོར་ལ་དོ་སྣང་ཆེན་པོ་ཡོད་དུས་བོད་ནང་དུ་རྒོལ་རྩོམ་ཕྱོགས་ལ་མང་པོ་བྱུང་ཡོད་རྒྱུ་རེད་བསམ་གྱི་འདུག ལོ་རབས་བརྒྱད་བཅུ་བ་ནས་དོན་གྲུབ་རྒྱལ་དང་ལྗང་བུ་སོགས་རིག་གནས་གསར་བརྗེ་རྗེས་ཀྱི་དེང་རབས་ཤེས་ཡོན་ཐོན་མཁན་གྱི་མི་རབས་དང་པོ་ཆགས་ཀྱི་ཡོད་པ་དང་། སྐབས་དེར་དོན་གྲུབ་རྒྱལ་གྱིས་ལང་ཚོའི་རྦབ་ཆུ་བྲིས་ཏེ་བོད་ཀྱི་དེང་རབས་རང་མོས་སྙན་ངག་གསར་གཏོད་བྱས་པ་རེད་ཅེས་བརྗོད་བཞིན་ཡོད་ན་ཡང་། ངས་དེ་ལས་གལ་ཆེ་བ་ཞིག་ནི་རྩོམ་པ་པོ་དེ་དག་གིས་སྐབས་དེའི་དུས་ཚོད་ཉག་ཕྲ་བོ་དེ་འདྲ་ཞིག་གི་འོག་རྩོམ་ཡིག་ནང་དུ་མི་རིགས་ཞེས་པའི་འདུ་ཤེས་དེ་གླེང་སློང་དང་མི་རིགས་ཤིག་ལ་མཚོན་ན་འདས་མ་འོངས་ད་ལྟ་ཡོད་ཚད་ཀྱི་དམིགས་འདུན་གཅིག་པ་ཡིན་པ། ང་ཚོ་ཚང་མས་འགན་འཁུར་དགོས་པ་སོགས་ཀྱི་སྐོར་ལ་དྲིས་པ་དེ་ཁོ་ཚོའི་རྩོམ་ཡིག་གི་ཞབས་འདེགས་ཆེ་ཤོས་ཤིག་མཐོང་གི་འདུག སྐབས་དེར་བོད་པ་ཚོ་རིག་གནས་གསར་བརྗེ་སོགས་ཀྱིས་ལངས་རྒྱུ་མེད་པ་ཞིག་བཟོས་ཡོད་དུས་བོད་པ་མང་པོ་ཞིག་སྐད་ཆ་བཤད་རྒྱུར་སྐྲག་ནས་ཡོད་པ་རེད་ལ། ཏུན་ཞའོ་ཕིང་གི་སྐབས་ལ་སྨྲ་བརྗོད་རང་དབང་ཅུང་ཙམ་སྤྲད་པ་རེད་དེ་བོད་པ་ཚོའི་ནང་དུ་སྔོན་ཆད་རྒྱ་ཡིག་ནང་དུ་བྲིས་པའི་རྩོམ་ཡིག་ཁག་བསྒྱུར་བ་ལས་རང་ངོས་ནས་རྩོམ་ཡིག་བྲིས་ཏེ་རང་གི་བསམ་ཚུལ་དང་མི་རིགས་སོགས་གླེང་ཐུབ་མཁན་བྱུང་མེད་པ་རེད། དོན་གྲུབ་རྒྱལ་གྱིས་མི་རིགས་དང་ལ་རྒྱ་ཟེར་བ་སོགས་གླེང་སློང་བྱས་པ་དེ་ཞབས་འདེགས་ཆེན་པོ་ཞིག་མཐོང་གི་འདུག དེ་མིན་ཁོང་གིས་རང་མོས་སྙན་ངག་གསར་གཏོད་བྱས་པ་རེད་ཟེར་བ་སོགས་མ་གཞི་དོན་གྲུབ་རྒྱལ་གྱིས་རང་མོས་སྙན་ངག་བྲིས་མེད་ན་ཡང་། སྐབས་དེར་མང་པོ་ཞིག་གིས་རྒྱ་ཡིག་ཤེས་ཡོང་གི་ཡོད་དུས་རྒྱ་ནག་གིས་ནུབ་ཕྱོགས་ཀྱི་རྩོམ་རིག་ནང་འདྲེན་བྱེད་ཀྱི་ཡོད་སྟབས་ཁོས་མ་བྲིས་ན་ཡང་གཞན་གྱིས་བྲིས་ཡོང་བ་ཞིག་མཐོང་གི་འདུག སྙན་ངག་པ་ལྗང་བུ་ལ་བཅར་འདྲི་བྱས་པའི་སྐད་ཆ་ཞིག་གི་ནང་ལང་ཚོའི་རྦབ་ཆུ་མ་བྲིས་སྔོན་ནས་རང་མོས་སྙན་ངག་ལུགས་ཀྱིས་འབྲི་མཁན་བྱུང་ཡོད་ན་ཡང་རྩོམ་རིག་གི་སྡིང་ཆ་སོགས་ཀྱི་སྟེང་ཕྱི་ལ་མ་སྟོན་པ་ཙམ་ཞིག་རེད་འདུག གཞན་ཆབ་སྲིད་སོགས་ལ་ཁ་ཐུག་གིས་སྐྱོན་བརྗོད་མེད་པར་བྲིས་པའི་ནག་ཚང་ཞི་ལིའི་སྐྱིད་སྡུག་ལྟ་བུར་མཚོན་ན་བྱིས་པ་ཆུང་ཆུང་ཞིག་གིས་རང་གི་སྣང་ངོར་ག་རེ་ཡོད་པ་ཇི་བཞིན་བྲིས་པའི་གཏམ་རྒྱུད་དེ་དག་ཧ་ཅང་ཡག་པོ་འདུག ཁོ་ལ་མཚོན་ན་མི་ཆེན་པོ་རེད་ཆབ་སྲིད་སོགས་ཀྱི་གནས་སྟངས་ཇི་བཞིན་ཧ་གོ་ཡི་ཡོད་ན་ཡང་དེ་ལྟར་མ་བྲིས་པར་ཇི་མ་ཇི་བཞིན་བྱིས་པ་ཞིག་གི་ག་རེ་མཐོང་བ་བྲིས་ཡོད་པ་རེད། སྤྱིར་དྲང་བདེན་གྱིས་རྩོམ་ཡིག་བྲིས་པ་དེ་རྒོལ་རྩོམ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་བོད་ནང་ལ་མཚོན་ན་བར་སྐབས་ཤིག་ནས་ཆོས་ལུགས་ཁྲོད་ཀྱི་ཆོ་ག་ཕྱག་ལེན་དང་དད་མོས་བྱེད་སྟངས་དང་བོད་མིའི་འཚོ་གནས་བྱེད་སྟངས་སོགས་ཀྱི་སྐོར་ལ་རྒོལ་རྩོམ་མང་པོ་ཞིག་བྲིས་ཡོད་པ་རེད།  བཙན་བྱོལ་ནང་དུ་རྩོམ་རིག་ལ་དོ་སྣང་ཧ་ཅང་ཆུང་ཆུང་ཡིན་པ་དང་ལྷག་པར་དུ་སློབ་གྲྭ་ཁག་གི་ནང་དམིགས་བསལ་བོད་ཀྱི་རྩོམ་རིག་ལ་དོ་སྣང་མེད་བསྡད་པ་ཞིག་རེད། ཕྱོགས་གཅིག་ནས་དེང་སང་འཛམ་གླིང་གི་ས་ཕྱོགས་གང་སར་རྩོམ་རིག་ལ་དོ་སྣང་ཆུང་རུ་འགྲོ་བཞིན་ཡོད་པ་རེད། རྩོམ་རིག་སྦྱང་ནས་དཔལ་འབྱོར་མཁོ་སྒྲུབ་སོགས་ལ་ཁ་ཐུག་གིས་འབྲེལ་བ་མེད་པས་ཡིན་རྒྱུ་རེད་བསམ་ཡོད། དེང་སང་གཙུག་ལག་སློབ་གྲྭ་ཁག་ཡིན་ན་ཚན་རིག་དང་ཚན་རིག་གི་ཉམས་ཞིབ་ལྟེ་གནས་སོགས་ལ་དངུལ་ཧ་ཅང་འབོར་ཆེན་གཏོང་གི་ཡོད་པ་རེད། རྩོམ་རིག་དང་སྤྱི་ཚོགས་ཚན་རིག་ལ་དེ་ལྟ་བུའི་དངུལ་སྤྲོད་ཀྱི་མེད་པ་རེད། གཞན་རྩོམ་རིག་ཟེར་བ་དེ་བསམ་བློ་དང་སེམས་ཁམས་ལ་འབྲེལ་བའི་སྒྱུ་རྩལ་རིག་གནས་ཤིག་ཡིན་པས་ལས་དངོས་སུ་མིག་གིས་མཐོང་ནས་སྟོན་རྒྱུ་ཡོད་པ་ཞིག་མ་རེད། དེང་སང་འཛམ་གླིང་གི་མི་ཚང་མར་རྡོག་རྡོག་བྱས་ཏེ་སྔོན་ལ་དངོས་སུ་སྟོན་རྒྱུ་ཞིག་ཡོད་པ་དགོས་པ་སགས་ཀྱིས་མིན་ནམ་བསམ་ཡོད། ཅེས་བརྗོད་སོང་།

དྲི་བ། བོད་ཀྱི་གནའ་རབས་རྩོམ་རིག་དང་དེང་རབས་རྩོམ་རིག་ཁྲོད་རྒོལ་རྩོམ་བྲིས་པ་མང་ཤོས་གང་ཡིན་པ་དང་དེའི་རྒྱུ་རྐྱེན་ག་རེ་ཡིན་ནམ།

ལན། ང་ལ་མཚོན་ན་བོད་ཀྱི་རྩོམ་རིག་ལ་ཧ་ཅང་ཤུགས་ཆེན་པོ་དེ་འདྲ་སྦྱང་ཐུབ་མེད་དུས་ཕྱོགས་ཡོང་ནས་འདི་འདྲ་ཞིག་རེད་ཅེས་བསྡོམས་རྒྱག་རྒྱུ་ཧ་ཅང་ཁག་པོ་རེད་དེ། སྤྱི་ཡོངས་ནས་བལྟས་པ་ཡིན་ན་དེང་རབས་རྩོམ་རིག་ཁྲོད་རྒོལ་རྩོམ་ཤུགས་ཆེ་བ་ཡོང་བ་དེ་རང་བཞིན་རེད་བསམ་ཡོད། དཔེར་ན་རྒྱ་ནག་གི་བཙན་གནོན་འོག་ནས་མི་མང་པོ་ཞིག་ལ་གཉའ་གནོན་བཙན་དབང་ཐེབས་བཞིན་ཡོད་པ་རེད་ལ། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོ་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱས་ཏེ་རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་དམར་གསོད་གཏོང་བ་དང་འཛིན་བཟུང་བཙོན་བཅུག་སོགས་བྱས་ཡོད་དུས་རྩོམ་པ་པོ་མང་པོ་ཞིག་གིས་རང་བཞིན་གྱིས་གནད་དོན་དེ་དག་གི་སྐོར་ལ་རྩོམ་འབྲི་བཞིན་ཡོད་པ་རེད། ང་རང་གིས་ཉམས་ཞིབ་བྱེད་ས་གཙོ་བོ་ལུང་པ་ཕན་ཚུན་བར་གཉའ་གནོན་བར་ནས་བྲིས་པའི་རྒོལ་རྩོམ་སྐོར་ལ་ཤུགས་ཆེན་པོ་ཡིན་དུས། བོད་པ་ཚོ་སོག་པོ་དང་མན་ཇུ། གོ་མན་ཏང་སོགས་ཀྱིས་བཙན་གནོན་བྱས་ཡོད་པ་རེད་ལ། གཞན་དབྱིན་ཇི་དང་གོར་ཁ་སོགས་ཀྱི་དམག་འཁྲུག་དང་གནོན་ཤུགས་སླེབས་དུས། དེ་དག་དང་འབྲེལ་བའི་རྩོམ་སོགས་བཙལ་བ་ཡིན་མོད་ཁ་ཤས་རྙེད་སོན་བྱུང་སོང་། དཔེར་ན་གོར་ཁ་དམག་འཁྲུག་སྐབས་སུ་བྱུང་བའི་རྩོམ་པ་པོ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལགས་ཀྱི་བྱ་སྦྲེལ་གཏམ་རྒྱུད་ལྟ་བུ། རྩོམ་ཡིག་དེ་ལྟ་བུར་མཚོན་ན་རབ་རྟོག་རྩོམ་ཡིག་གི་ལམ་ནས་རྒོལ་རྩོམ་བྲིས་པ་ཞིག་རེད་འདུག གཞན་གནའ་རབས་རྩོམ་རིག་ཁྲོད་ཆབ་སྲིད་དང་མ་འབྲེལ་བའི་དམངས་ཁྲོད་རྩོམ་རིག་སོགས་ཀྱི་ཁྲོད་དུ་བྱུང་བའི་གནའ་རྒྱལ་ཚེ་ལོ་ཟེར་བ་དང་། བུ་མོ་གནའ་སྡུག་དང་སྣང་རའི་སངས་རྒྱས་ལྟ་བུར་མཚོན་ན་སྐབས་དེར་མ་པོ་ཧྥང་གིས་གཉའ་གནོན་བཏང་བ་སོགས་ཀྱི་སྐོར་ནས་རེད་ལ། ཡང་དེ་ལྟ་བུའི་དམངས་ཁྲོད་གླུ་གཞས་རྩོམ་རིག་ཁྲོད་དུ་ཕྱིའི་མི་ཞིག་ཡོང་ནས་དབང་བསྒྱུར་དང་གཉའ་གནོན་བྱས་པ་རང་ལས་དེང་སང་ལྟར་ང་ཚོ་རྒྱ་ནག་གིས་དབང་བསྒྱུར་བྱས་སོང་ལྟ་བུའི་ཆབ་སྲིད་ཀྱི་སྐད་ཆ་ཁྱོན་ནས་མེད་ན་ཡང་མི་སྒེར་བའི་ལོ་རྒྱུས་དང་སེམས་ཁམས་སོགས་སྐབས་དེའི་དཀའ་སྡུག་དེ་ཧ་ཅང་གསལ་བོར་རྟོག་ཐུབ་པ་རེད། དེ་དག་ཀྱང་རྒོལ་རྩོམ་མ་རེད་ཅེས་བཤད་ས་འགྲོ་བ་མ་རེད། གཞན་ཡང་མི་ལ་རས་པའི་མགུར་དང་རྒྱལ་བ་ཚང་དབྱངས་རྒྱ་མཚོའི་མགུར་རྩོམ་སོགས་ཀྱི་ཁྲོད་དུ་སྐབས་དེའི་སྤྱི་ཚོགས་དང་སེར་མོ་བའི་སྡེ་ཡི་བྱེད་སྟངས་མང་པོ་ཞིག་ལ་སྐྱོན་བརྗོད་ཀྱི་རྒོལ་རྩོམ་བྲིས་ཡོད་པ་རེད། དེང་སང་མི་མང་པོ་ཞིག་གིས་ཚང་དབྱངས་རྒྱ་མཚོའི་མགུར་རྩོམ་ལ་གོ་བ་མི་འདྲ་བ་གཞན་མང་པོ་ཞིག་འགྲེལ་བཤད་བརྒྱབ་འདུག་མོད། དེ་ཡང་དེང་རབས་རྩོམ་རིག་གི་ངོས་ནས་བལྟས་ན་ཀློག་པ་པོའི་འགན་ཆགས་བསྡད་ཡོད་དུས་འགྲིག་གི་ཡོད་པ་རེད། ཅེས་བརྗོད་སོང་།

དྲི་བ། ཁྱེད་ཀྱི་རྒོལ་རྩོམ་ཉམས་ཞིབ་ཁྲོད་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཀྱི་འདུག

ལན། སྤྱིར་དཀའ་ངལ་འདི་རེད་ཅེས་ཤུགས་ཆེན་པོ་དམིགས་བསལ་བཤད་རྒྱུ་མེད་མོད། རྒོལ་རྩོམ་ཞེས་པ་དེ་འདི་འདྲ་ཞིག་ལ་གོ་དགོས་པ་རེད་ཅེས་ད་སྔ་འཛམ་གླིང་ཁྱོན་ཡོངས་སུ་ཁ་གསལ་བོའི་བཤད་པ་དེ་འདྲ་མེད་པ་དང་། དེ་ག་འདྲ་ཞིག་ཏུ་གོ་དགོས་པ་ནང་དོན་ཙམ་ཞིག་ལ་བལྟས་ཏེ་དབྱེ་བ་འགར་བ་ལས་རྩོམ་གྱི་ཁྱད་ཆོས་དང་རྩོམ་ལུས་ཟེར་བ་སོགས་མེད་པ་དེ་དཀའ་ངལ་ཞིག་རེད། གཞན་དེ་མ་ཡིན་པར་རྒོལ་བ་ཞེས་པའི་ཚིག་དེ་རང་ལ་རྩོད་གཞི་མང་པོ་ཡོད་པ་རེད་ལ། ཅི་ལྟ་བུ་ཞིག་ལ་རྒོལ་བ་ཟེར་བ་རེད་ཅེས་དེང་སང་སྤྱི་ཚོགས་རིག་པ་བ་ཚོས་ཞིབ་འཇུག་ཤུགས་ཆེར་བྱེད་ཀྱི་ཡོད་པ་རེད། དེ་མིན་དཀའ་ངལ་ཆེན་པོ་གང་ཡང་འཕྲད་མ་སོང་ལ་བོད་ཡིག་གི་རྩོམ་ཡིག་བཀླགས་པ་ཡིན་ན་དེ་ལ་ཞིབ་འཇུག་བྱེད་ཐབས་ཀྱི་ལག་ཆ་དེ་ཕར་ཕྱོགས་ན་ཡོད་དུས་དམིགས་བསལ་དཀའ་ངལ་གང་ཡང་མི་འདུག་མོད། གནས་སྟངས་གཞན་ཞིག་ལ་བོད་མིའི་རྩོམ་རིག་ཁྲོད་ཀྱི་རྒོལ་རྩོམ་དེ་དག་ཆབ་སྲིད་ཀྱི་གནད་དོན་རྐྱེན་གྱིས་ཁ་གསལ་བོ་ཁྱོན་ནས་མི་འདུག མི་རིགས་གཞན་པའི་རྒོལ་རྩོམ་དེ་ཁ་གསལ་བོ་དང་གོ་བདེ་བོ་ཧ་ཅང་ཡོད་པ་རེད། ངས་བོད་པའི་རྒོལ་རྩོམ་དེ་དག་ལ་ཁ་གསལ་བོ་མེད་པ་དེ་བོད་པའི་རྒོལ་རྩོམ་གྱི་ཁྱད་ཆོས་དམིགས་བསལ་བ་ཞིག་ཏུ་བསམ་ནས་ཞིབ་འཇུག་བྱས་ཡོད་ལ། དེ་ང་རང་གིས་ཞབས་འདེགས་ཆུང་ཆུང་ཞིག་ཡིན་བསམ་ཡོད། ཅེས་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༢༨

Leave a Reply

7 thoughts on “རྒོལ་རྩོམ་ཞེས་པ་དེ་ག་འདྲ་ཞིག་ལ་ངོས་འཛིན་དགོས་པ་རེད། དེས་ཕན་ནུས་ཅི་ཙམ་ཐོན་གྱི་འདུག

  1. བཀླགས་ཡོད། རྩོམ་རིག་གི་རིག་ཚན་འདི་ལྟ་བུ་བོད་ཡིག་ནས་གླེང་སློང་ཐུབ་པ་ནི་ཞབས་འདེགས་རྒྱ་ཆེན་པོ་ཞིག་རེད། ཉམས་ཞིབ་པའི་ཉམས་ཞིབ་སྔར་ལས་གཏིང་ཟབ་པོ་དང་ཐབས་ལམ་རྒྱ་ཆེན་པོ་འགྲོ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། དེ་བཞིན་གསར་འགོད་པའི་ཤེས་རྒྱ་དང་སྙིང་སྟོབས་ལ་ཡི་རངས་ཞུ། ཐུགས་རྗེ་ཆེ།