རྒྱ་གཞུང་གི་རོཊ་དངུལ་ཐོབ་པར་མགོ་འཁྲིད་ལྔའི་འདྲ་པར་དང་རྒྱལ་དར་བཤམ་པའི་ཆ་རྐྱེན་འདུག

ཉེ་སྔོན་བཙན་བྱོལ་ནང་ལོ་ངོ་ ༡༥ ལྷག་རིང་བསྡད་པའི་བོད་རིགས་བུ་མོ་ཞིག་ཕ་ཡུལ་ལ་གཉེན་འཕྲད་དུ་ཕྱིན་པ་དང་། ཕ་ཡུལ་དུ་ཟླ་ཤས་བསྡད་རྗེས་ཕྱིར་དྷ་རམ་ས་ལར་འབྱོར་བ་དང་བསྟུན་འདི་གའི་གསར་འགོད་པས་ཁོང་མོའི་ཕ་ཡུལ་གྱི་མཐོང་ཐོས་མྱོང་གསུམ་གྱི་སྐོར་ལ་བཅར་འདྲི་ཞུས།དྲི་བ། ཐོག་མར་ཁྱེད་རང་རྒྱ་གར་ལ་ག་དུས་སླེབས་པ་དང་སློབ་སྦྱོང་གང་ནས་བྱས་པ་སོགས་ངོ་སྤྲོད་མདོར་བསྡུས་ཤིག་དང་མཉམ་དུ། ཉེ་སྔོན་ཁྱེད་ཕ་ཡུལ་དུ་ཕྱིན་སྐབས་ལམ་བར་ནས་ཡིག་ཆ་སོགས་ཀྱི་ཐོག་ནས་དཀའ་ངལ་འདྲ་འཕྲད་སོང་ངམ།

ལན། ང་ཕྱི་ལོ་༢༠༠༣ ལོའི་ལོ་མགོར་རྒྱ་གར་དུ་ཡོང་ཏེ་སུ་ཇཱ་དང་གོ་པཱ་པུར་སློབ་གྲྭ་སོགས་སུ་སློབ་སྦྱོང་བྱས་པ་ཡིན།  ཕ་ཡུལ་ལ་མ་སོང་བའི་སྔོན་ཚུན་ནས་ལམ་བར་གྱི་གནད་དོན་མང་པོ་ཞིག་མི་གཞན་གྱི་ཁ་ནས་རྒྱུས་ལོན་བྱས་ཏེ་གྲ་སྒྲིག་བྱས་ཡོད་པ་སོང་ཙང་དམིགས་བསལ་གྱི་དཀའ་ངལ་གང་ཡང་འཕྲད་མ་སོང་།

དྲི་བ།  ཁྱེད་རང་ལོ་མང་གི་རྗེས་སུ་ཕྱིར་ཕ་ཡུལ་དུ་འབྱོར་སྐབས། ཁྱེད་ཀྱི་འཆར་སྣང་ངོས་ཀྱི་མཛེས་སྡུག་ལྡན་པའི་ཕ་ཡུལ་དང་ཕ་ཡུལ་གྱི་མཐོང་བ་དངོས་གཉིས་བར་ཁྱད་པར་ག་རེ་འདུག

ལན། ང་རྒྱ་གར་དུ་ཡོང་ནས་ཧ་ལམ་ལོ་བཅུ་དྲུག་ལ་ཉེ་བའི་རྗེས་སུ་ཕ་ཡུལ་ལ་ཕྱིར་ལོག་དུས་ཕ་ཡུལ་ནི་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་འགྱུར་འདུག  འགྱུར་བ་རེ་རེ་བཞིན་ཞུས་ན་འདིར་བཤད་ཚར་བ་མི་འདུག  ཧ་ཧ་ཀུ་རེ་ཡིན། ད་སྐབས་དྲ་རྒྱའི་བརྒྱུད་ལམ་ལས་ཕ་ཡུལ་གྱི་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་ཚོའི་མཉམ་དུ་ཁ་བརྡ་མང་པོ་བྱས་ཏེ། ཉིན་རྒྱུན་ཕ་ཡུལ་གྱི་གནས་ཚུལ་ལ་རྒྱུས་ལོན་དང་ཤེས་རྟོགས་ཐུབ་ཀྱི་ཡོད་པས་འཆར་སྣང་དང་དངོས་ཡོད་ཀྱི་ཕ་ཡུལ་གཉིས་བར་ཁྱད་པར་ཆེན་པོ་ཅང་མི་འདུག་བསམ་པ་ཞིག་རེད།

དྲི་བ། ཕ་ཡུལ་གྱི་འགྱུར་བ་གཙོ་བོ་དེ་ག་རེའི་ཕྱོགས་ནས་འགྲོ་བཞིན་ཡོད་པ་དང་དེའི་རྒྱུ་རྐྱེན་གང་ལ་ཐུག་འདུག་བསམ་གྱི་འདུག

ལན། ཕ་ཡུལ་གྱི་འགྱུར་བ་གཙོ་བོ་དེ་ཟེར་ནའང་མི་ཤེས་མོད། གང་ལྟར་དཔལ་འབྱོར་གྱི་འགྲན་རྩོད་ཆེན་པོ་འདུག་ལ། རོང་འབྲོག་ཀུན་གྱི་འཚོ་བ་ལ་དེང་རབས་ཀྱི་རྣམ་པ་ཤུགས་ཆེན་པོ་འདུག  དེ་དང་བསྟུན་ནས་ཞིང་འབྲོག་གཉིས་ཀའི་ལས་ཀ་མང་པོ་ཞིག་ཀྱང་སྟབས་ཇེ་བདེར་སོང་འདུག དེའི་རྒྱུ་རྐྱེན་འདི་རེད་ཞེས་ངས་ཁ་མཚོན་བཅད་ནས་བཤད་མི་ཐུབ་མོད། འོན་ཀྱང་། རང་གི་བསམ་ཚུལ་ཞིག་བཤད་ན། ཉེ་བའི་ལོ་ཤས་རིང་ནས་རྒྱ་ནག་གི་མི་གྲངས་འབོར་ཆེན་བོད་ཀྱི་ས་ཆ་ཁག་དུ་གནས་སྤོར་བྱས་བ་དང་བསྟུན། ས་ཆ་དེ་དག་ལ་ལམ་ཁ་དང་ཁང་པ་སོགས་མཐུན་རྐྱེན་གང་ལེགས་སྦྱར་བ་དང་། འགྲིམ་འགྲུལ་སྟབས་ཇེ་བདེར་བཏང་ནས་བོད་ནང་གི་གཏེར་ཁ་ཕར་དབོར་འདྲེན་དང་། རྒྱ་ནང་གི་དངོས་ཟོག་ཚུར་ཁྱབ་བདལ་དུ་བཏང་བ་སོགས་ལ་བརྟེན་ནས་བོད་མི་ནང་ཁུལ་ལའང་དཔལ་འབྱོར་གྱི་འགྲན་རྩོད་ཆེན་པོ་བྱུང་འདུག་པ་འདྲ་ཚོར་སོང་།

དྲི་བ། དེང་སང་བོད་ཁུལ་དུ་རྒྱ་ནག་གཞུང་གིས་དབུལ་སྒྲོལ་མཁྲེགས་གཏོར་ཟེར་བའི་རོགས་སྐྱོར་གྱི་ལས་གཞི་ཞིག་སྤེལ་བཞིན་པ་དེས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱུང་གི་འདུག་གམ།

ལན། སྤྱིར་དབུལ་སྐྱོར་ལ་རྣམས་གྲངས་མང་པོ་ཞིག་ཡོད་ས་རེད། དེའི་ནང་ནས་དབུལ་ཕོངས་ཀྱི་ཁྱིམ་ཚང་ཁག་ལ་ཁང་པ་གསར་རྒྱག་བྱེད་པ་དང་། ཚོང་གཉེར་ཀྱི་ལས་གཞི་གང་ཞིག་བྱེད་པར་མ་རྩ་གང་ཙམ་ཞིག་རོགས་རམ་བྱེད་པ། དེ་མིན་སྨན་བཅོས་བལྟ་སྐྱོང་། དབང་བོ་སྐྱོན་ཅན་དང་། རྒན་རྒོན་ལ་དམིགས་བསལ་ཀྱིས་ཕོག་ཉུང་ངུ་རེ་སྤྲོད་པ་སོགས་གང་འཚམ་གྱིས་རོགས་སྐྱོར་བྱེད་བཞིན་འདུག་ལ།  དངོས་ཡོད་ཀྱི་དཀའ་ཁག་ཅན་དག་ལ་ཕན་ཐོགས་ཀྱང་ཡོང་གི་འདུག་མོད།  འོན་ཀྱང་ཁོང་ཚོ་ལ་གཅིག་གྱུར་གྱི་ཆ་རྐྱེན་ཞིག་ཡོད་པ་ནི་མའོ་ཙེ་ཏུང་ནས་ཞི་ཅིན་ཕིན་བར་གྱི་མགོ་འཁྲིད་མི་ལྔའི་འདྲ་པར་དང་རྒྱ་ནག་གི་དར་ཆ་བཅས་ཁྱིམ་དུ་བཤམས་དགོས་ཀྱི་འདུག དེ་ལྟར་མ་བཞག་པ་ཡིན་ན་ལན་རེར་གློ་བུར་དུ་ཞིབ་གཤེར་བྱེད་དུ་ཡོང་གི་ཡོད་འདུག  རོགས་སྐྱོར་འདི་ལོ་ངོ་ག་ཙམ་ཞིག་གི་བར་དུ་རྒྱུན་སྲིང་བྱེད་ཐུབ་མིན་དང་། འདིའི་རྒྱབ་ལྗོངས་ན་ཁ་ལན་སྐྱིན་པ་ཅི་ཞིག་ཡོད་མིན་ལ་བོད་མི་ཚོས་བློ་དོགས་བྱེད་བཞིན་པ་ཡང་འདུགདྲི་བ།  ཁྱེད་རང་བོད་ནང་གི་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་ཕྱིན་ཏེ་མཐོ་རིམ་སློབ་མ་གང་འཚམ་ཞིག་ལ་འབྲེལ་འདྲིས་བྱུང་ཡོད་ས་རེད། གྲོང་ཁྱེར་ཁག་ན་སློབ་ཆེན་འགྲིམ་བཞིན་པའི་བོད་རིགས་གཞོན་སྐྱེས་ཚོས་སློབ་སྦྱོང་ཐད་དོ་འཁུར་གནང་སྟངས་ག་འདྲ་འདུག

ལན། ང་ནུབ་བྱང་གི་སློབ་ཆེན་གསར་རྙིང་གཉིས་ཀར་ཕྱིན་པ་ཡིན། སློབ་གྲྭ་གཉིས་ཀའི་མཐུན་རྐྱེན་དང་ཁོར་ཡུག་སོགས་ཧ་ལས་བ་རེད། ནུབ་བྱང་གསར་བའི་ནང་དངོས་གཞིའི་སློབ་མ་དང་། རྙིང་པའི་ནང་རབ་འབྱམས་དང་འབུམ་རམས་སློབ་མ་སོགས་འདུག  ནུབ་བྱང་ན་ང་ལ་སློབ་མ་གཅིག་ལས་གཞན་ངོ་ཤེས་ཅང་མེད་པས་དེར་ཡོད་བོད་རིགས་གཞོན་སྐྱེས་སྤྱི་ཡོངས་ཀྱི་གནས་སྟངས་ལ་རྒྱུས་མངའ་དེ་ཙམ་བྱེད་ཐུབ་མ་སོང་མོད། སློབ་མ་ཚང་མས་སློབ་སྦྱོང་གི་འགན་འཁུར་ཧ་ཅང་ལྕི་བས་མང་ཆེ་བར་རང་འགན་རང་འཁུར་གྱི་འདུ་ཤེས་ཆེན་པོས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་བཞིན་ཡོད་འདུག

དྲི་བ། བོད་ཕྱི་ནང་གཉིས་ཀྱི་ན་གཞོན་ཚོའི་བསམ་བློའི་ཁ་ཕྱོགས་ཐད་མི་འདྲ་ས་ག་རེ་མཐོང་སོང་།

ལན། བསམ་བློའི་ཁ་ཕྱོགས་ཟེར་ན་གཞི་རྒྱ་ཆེན་པོ་ཞིག་ཡིན་པས་གསལ་བོ་ཞིག་བཤད་ཤེས་ཀྱི་མི་འདུག་མོད། ནང་གསེས་ཀྱིས་ཆབ་སྲིད་ཐད་ནས་བཤད་ན། བོད་ནང་གི་ན་གཞོན་མང་ཆེ་བར་ཕྱི་སྡོད་པ་ཚོ་དང་བསྡུར་ན་ཆབ་སྲིད་ཀྱི་གོ་རྟོགས་དེ་ཙམ་མི་འདུག དེ་ནི་གཙོ་བོ་ཁོར་ཡུག་གི་རང་དབང་ཡོད་མེད་ཞིག་གིས་རེད་བསམ་གྱི་འདུག  དེ་མིན་ཁོར་ཡུག་གི་མིའི་ཤུགས་རྐྱེན་ལས་འཚོ་བའི་གོམས་གཤིས་ཐད་ཀྱང་བསམ་ཕྱོགས་དང་ལག་ལེན་མི་མཐུན་པ་མང་པོ་ཡོང་གི་འདུག

དྲི་བ། སྔོན་ཆད་དང་བསྡུར་ན་བོད་ནང་གི་ཕ་མ་བུ་ཕྲུག་བར་དང་། སྤུན་མཆེད་མཛའ་གྲོགས་སོགས་ཀྱི་འབྲེལ་འདྲིས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐད་ཆ་མང་པོ་གོ་རྒྱུ་འདུག ཁྱེད་རང་གིས་ག་འདྲ་ཞིག་མཐོང་སོང་།

ལན། དེ་ནི་གཙོ་བོ་ད་སྐབས་བརྡ་འཕྲིན་དུས་རབས་ཡིན་པས་གནས་ཚུལ་ཡག་ཉེས་ཅི་ཞིག་ཡིན་རུང་བྱུང་མ་ཐག་དུ་གོ་འགྲོ་གི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ད་སྐབས་བོད་ནང་གཅིག་པུ་མ་ཡིན་པར་ས་ཕྱོགས་གང་དུའང་རང་གི་ཉེ་མཁྲིས་ཀྱི་མི་རྣམས་ལས་ཁ་པར་ནང་གི་སྐད་ཆ་དང་རྩེད་མོ་ལ་གཡེང་ནས་ཁ་བརྡ་ཇེ་ཉུང་དུ་འགྲོ་བཞིན་པ་གསལ་བོ་རེད། ཁ་བརྡ་ཇེ་ཉུང་དུ་ཕྱིན་ན་རྒྱང་ཐག་ཇེ་རིང་ཡིན་པས། གནས་སྟངས་དེ་བོད་ནང་དུ་ཡང་གཅིག་མཚུངས་ཀྱིས་བརྡ་འཕྲིན་སྤྱད་དྲག་པའི་རྐྱེན་གྱིས། སྤུན་མཆེད་དང་མཛའ་གྲོགས་བར་ཁ་བརྡ་དང་འབྲེལ་འདྲིས་ཇེ་ཉུང་དུ་འགྲོ་གིན་ཡོད་པས་འབྲེལ་བ་སྔོན་ཆད་བརྡ་འཕྲིན་མ་དར་གོང་དང་གཅིག་མཚུངས་མིན་པ་འདྲ། དེ་མིན་གཞན་ཅང་མཐོང་མ་བྱུང་།

དྲི་བ། ང་ཚོས་ནམ་རྒྱུན་བཙན་བྱོལ་ནང་གི་བོད་སྐད་ཡིག་གི་གནས་ཚད་དེ་བོད་ནང་དང་བསྡུར་ན་ཧ་ཅང་སྐྱོ་བོ་ཡིན་པ་ཞིག་བཤད་ཀྱི་ཡོད་པ་རེད། ཁྱེད་རང་བཙན་བྱོལ་ནང་ལོ་མང་བསྡད་རྗེས་བོད་དུ་ཕྱིན་སྐབས། བོད་ནང་གི་གཞོན་སྐྱེས་ཚོས་བོད་སྐད་ཡིག་ལ་བཅངས་བའི་ལར་ཞེན་དང་། ཁ་ཡོད་ལག་ཡོད་ཀྱིས་བོད་སྐད་ཡིག་ལ་དོ་འཁུར་གནང་ཚད་ག་འདྲ་འདུག

ལན། བོད་ཁུལ་གྱི་ས་ཆ་གཞན་དག་ལ་ང་འགྲོ་ཐུབ་མ་སོང་བས་མི་ཤེས་མོད། ང་ཚོའི་ཡུལ་ཕྱོགས་ན་སྔར་བཞིན་སྐད་ཡིག་ལ་དོ་སྣང་དང་གདེང་འཇོག་བྱེད་ཀྱིན་པའི་གནས་སྟངས་ཞིག་མིག་མཐོང་བྱུང་བ་དཔེར་མཚོན་དུ་དྲངས་ན། ཁུལ་ཐོག་གི་ཟ་ཁང་དང་ཚོང་ཁང་ཚང་མའི་སྒོ་བྱང་བོད་ཡིག་ཐོག་བྲིས་ཡོད་པ་དེ་རེད། ང་ཡུལ་ལ་མ་ཐོན་པའི་སྔོན་ཏག་ཏག་ལ་གསར་དུ་ཕྱེ་བའི་ཁ་ཆེ་ཟ་ཁང་ཞིག་གི་སྒོ་བྱང་ཐོག་རྒྱ་ཡིག་གཅིག་པུ་ལས་བོད་ཡིག་བྲིས་མེད་པས། ཉིན་དེ་ག་རང་ལ་གཞོན་སྐྱེས་སྐོར་ཞིག་གིས་སྒོ་བྱང་བཅགས་པ་རེད་ཟེར།  ཕྱི་ཉིན་བོད་ཡིག་ཡོད་པའི་སྒོ་བྱང་ཞིག་གསར་དུ་བཀལ་ཡོད་འདུག བཙན་བྱོལ་ནང་དང་བསྡུར་ན་སྤྱིའི་ཆ་ནས་བོད་ནང་གི་མི་ལ་སྐད་ཡིག་སྲུང་སྐྱོབ་དང་ལར་ཞེན་གྱི་འདུ་ཤེས་ཆེན་པོ་ཡོད་པ་གོང་གི་གནས་ཚུལ་ཆུང་ཆུང་དེ་ལས་རྒྱུས་ལོན་བྱེད་ཐུབ་པ་ཞིག་འདུག   དེ་དང་མཚུངས་བའི་གནས་ཚུལ་གཞན་ཡང་མང་པོ་གོ་རྒྱུ་འདུག

དྲི་བ། དེང་སང་བོད་ནང་ནས་བྱིས་པ་བོར་བརླག་ཕྱིན་པའི་འཚོལ་བརྡ་མང་པོ་མཐོང་རྒྱུ་འདུག གནད་དོན་དེའི་ཐད་བོད་ནང་གི་བོད་མི་ཚོས་སེམས་འཚབ་ཅི་ཙམ་གནང་གི་འདུག

ལན། བྱིས་པ་བོར་བརླག་གི་གནད་དོན་དེ་འདྲ་བོད་ནང་གི་ས་ཁུལ་འདྲ་མིན་ན་བྱུང་གི་ཡོད་ཀྱི་རེད། གཙོ་བོ་བོད་ནང་གི་ས་ཆ་མང་པོར་རྒྱ་ནང་གི་མི་འབོར་གང་བྱུང་དུ་གནས་སྤོ་བྱས་བ་ལ་བརྟེན་ནས་བྱིས་པ་བོར་བརླག་གཙོས་བའི་གནད་དོན་གཞན་དང་ནད་ཡམས་འདྲ་མིན་བྱུང་གི་ཡོད་དུས། བོད་རིགས་ལས་རྒྱ་མི་མང་བའི་ས་ཆ་གང་ཞིག་ཡིན་ནའང་བོད་མི་ཚོས་དངངས་འཚབ་དང་གཟབ་ནན་བྱེད་ཀྱིན་འདུག

དྲི་བ།  བོད་ནང་གི་བོད་མི་ཚོར་བཙན་བྱོལ་སྤྱི་ཚོགས་ལ་ལྟ་ཚུལ་ག་འདྲ་ཞིག་འཛིན་གྱི་འདུག

ལན། བོད་ནང་གི་སློབ་སྦྱོང་ལ་དོ་སྣང་ཡོད་མཁན་དག་གིས་མ་གཏོགས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་གསལ་བོ་ཤེས་མཁན་མང་པོ་ཞིག་མི་འདུག  ཤེས་མཁན་དག་གིས་གདེང་འཇོག་དང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག འོན་ཀྱང་བོད་མི་ཆེ་མ་ཆུང་གསུམ་ཀུན་གྱིས་རེ་སྒུག་དང་དོ་སྣང་བྱེད་ཡུལ་ཉག་གཅིག་ནི་ནམ་ཞིག་ལ་༧གོང་ས་མཆོག་བོད་ནང་དུ་ཆིབས་བསྒྱུར་བསྐྱང་ཐུབ་རྒྱུ་དེ་རེད་འདུག   རྒན་དར་གཞོན་གསུམ་ཀུན་གྱིས་སྨོན་ལམ་དང་རེ་བས་བལྟས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༧

Leave a Reply