མཚན་རྟཊ་བསྐྱོན་པའི་གསར་འགོད་གསལ་བསྒྲཊ།

བཙན་བྱོལ་བོད་མིའི་འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་ཉིན་གྲངས་ ༡༠༠ ནང་ཚུད་མཇུག་བསྡུ་ཐུབ་དགོས་ཀྱི་ཡོད་པ་རེད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ། ཉིན་ཤས་སྔོན་མཇུག་བསྡུས་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཁག་ཅིག་གནང་ཡོད་པ་དེར་སྲིད་སྐྱོང་མཆོག་ནས་མཚན་རྟགས་བསྐྱོན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་སོ་སོར་དམིགས་ཡུལ་ཞིག་ཡོད་པས། དམིགས་ཡུལ་དེ་ཚོ་ཆ་ཚང་གནང་རྒྱུ་ལས་འོས་བསྡུའི་ཆབ་སྲིད་ལ་ཐེ་གཏོགས་མི་བྱེད་པ་དང་། གལ་སྲིད་བྱས་ཚེ་ཡུལ་མིའི་ཁྲིམས་དང་འགལ་བ་ཡིན་པས། དེས་ཚོགས་པ་ལ་གནོད་ཀྱི་ཡོད་པ་མ་ཟད་སྤྱི་ཚོགས་ནང་ལའང་ཕན་གྱི་མེད་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱིས་བསྣམས་ཕེབས་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁག་ལ་མཚན་རྟགས་བསྐྱོན་རྗེས་ཁོང་གིས། དེ་སྔ་འོས་བསྡུ་དངོས་གཞིའི་སྐབས་ཟླ་ ༦ དང་དེའི་སྒང་ལ་སྔོན་འགྲོ་བསྡོམས་ན་ཉིན་གྲངས་ ༢༠༠ ལྷག་འགོར་གྱི་ཡོད་པ་རེད། ད་ལན་གྲོས་ཚོགས་འདིའི་ཐོག་ནས་འགྱུར་བ་ཆེ་ཤོས་ཅིག་ནི་འོས་བསྡུ་ཉིན་ ༡༠༠ ནང་ཚུད་དུ་ཚར་དགོས་ཀྱི་ཡོད་པས། དུས་ཡུན་གྱི་ཆ་ནས་ལྡབ་གཅིག་གིས་ཉུང་དུ་བཏང་ཡོད་པ་དང་། གཞན་དེ་ཕྱི་ལོ་ ༢༠༡༡ དང་དམིགས་བསལ་ ༢༠༡༦ ལོའི་འོས་བསྡུའི་སྐབས་ཆོལ་ཁའི་འཐེན་འཁྱེར་རམ་ཕྱོགས་ཞེན་མང་པོ་བྱུང་བ་རེད། བསྐྱར་བཅོས་ཁྲིམས་འཆར་ནང་ཆོལ་ཁ་དང་ཆོས་བརྒྱུད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འོས་བསྡུའི་སྐབས་ལ་འོས་མི་འདོན་རྒྱུ་དང་། འོས་བསྡུ་དང་འབྲེལ་བའི་གསལ་བསྒྲགས་བྱེད་མི་ཆོག་པ་སོགས་ཁ་གསལ་པོ་ཆགས་ཡོད་པ་རེད་ལ། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་གང་འདྲ་ཞིག་ལ་བཞེངས་རུང་གང་ཟག་སོ་སོ་ནས་བཞེངས་པ་དང་སོ་སོས་ཁྱབ་བསྒྲགས་བྱས་ནས་འོས་རྩོད་པ་ལས་ཚོགས་པ་གང་འདྲ་ཞིག་ཡིན་ན་ཡང་འོས་མི་འདོན་མ་ཆོག་པ་གསལ་པོ་ཆགས་ཡོད་པ་རེད། ཅེས་གསུངས་སོང་།

ཚོགས་པ་ཁག་གིས་འོས་བསྡུའི་ནང་ཐེ་གཏོགས་བྱེད་མི་ཆོག་པའི་གྲོད་ཆོད་ལ་རྒྱབ་སྐྱོར་བྱས་པའི་རྒྱུ་མཚན་སྐོར་ལ་ཁོང་གིས། གཞི་རྩའི་བཙན་བྱོལ་མི་འབུམ་གཅིག་དང་ཕྱེད་ཀ་ཙམ་ཡོད་པ་རྣམས་རྒྱལ་ཁབ་ ༣༠ ལྷག་ནང་ཡོད་ན་ཡང་། སྤྱི་ཚོགས་བརྒྱུད་ལམ་ལ་བརྟེན་ནས་མི་མང་གིས་དོ་སྣང་བྱས་ཚེ་བདུན་ཕྲག་གཅིག་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་གང་དེའི་སྐོར་ཤེས་རྟོགས་མི་ཐུབ་པ་མེད་པས། ཚོགས་པ་ཁག་གིས་ཐེ་གཏོགས་མེད་པར་འོས་མི་གང་ཟག་སྒེར་ངོས་ནས་ཁྱབ་བསྒྲགས་དང་འོས་གཞིར་ལངས་ན་འདང་ངེས་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་མཚམས་རེར་ཆབ་སྲིད་ཚོགས་པའི་དགོས་དོན་དང་རྩ་དོན་ལས་དགོས་དོན་གཙོར་འཛིན་པ་དང་། ཡང་ཚོགས་པ་ལས་སྒེར་བ་གལ་ཆེན་དུ་བརྩིས་ནས་རྩ་དོན་ལ་གནོད་པའི་ལས་ཀ་བྱེད་སྲིད་པས། ཆབ་སྲིད་ཚོགས་པ་མེད་པའི་དམངས་གཙོའི་ལམ་དུ་ཕྱིན་པ་ཡིན་ན་ཕུགས་ནས་ལྷིང་འཇགས་པ་དང་ཞི་འཇམ་པོ་ཞིག་འབྱུང་ཆེད་ཁྲིམས་འཆར་བྱུང་བ་དེར་རྒྱབ་སྐྱོར་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས། སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་གི་འོས་མི་གང་ཞིག་ལ་འོས་གྲངས་བརྒྱ་ཆའི་ ༦༠ ཡན་ཐོབ་ཚེ་དངོས་གཞིའི་འོས་བསྡུའི་ནང་ཞུགས་མི་དགོས་པར་སྲིད་སྐྱོང་ལ་འོས་འདེམས་བྱུང་ཡོད་པ་དང་། ཡང་སྲིད་སྐྱོང་གི་འོས་མི་གང་ཞིག་ལ་འོས་ཐོབ་བརྒྱ་ཆའི་ ༥༡ ཡན་ལོན་ཏེ་འོས་མི་འགྲན་ཞུགས་པ་གཞན་མེད་ཚེ་གང་ཟག་དེ་སྲིད་སྐྱོང་ལ་འདེམས་ཐོན་བྱུང་གི་ཡོད་སྐོར་གསུངས་སོང་།

གསར་འགོད་པས་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་རྒྱབ་སྐྱོར་བྱེད་མཁན་དེབ་སྐྱེལ་མེད་པའི་ཚོགས་པ་ལྟ་བུ་རེ་རིམ་གྱིས་བསླེབས་ཡོང་གི་ཡོད་སྐོར་དྲིས་པར་སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་གང་ཞིག་ལ་ས་གནས་སོ་སོ་ནས་མི་སྒེར་གྱི་ངོས་ནས་རྒྱབ་སྐྱོར་བྱེད་པ་ལས་ཚོགས་པ་དང་སྒྲིག་འཛུགས། འཕྲེད་དར་སོགས་འཁྱེར་ཏེ་ཚོགས་པའི་མིང་འཁྱེར་ན་ཡོང་གི་ཡོད་པ་མ་རེད། ཁྱད་པར་ནི་གང་ཟག་སྒེར་ངོས་ནས་འོས་མིར་བཞེངས་ཡོད་པར་བརྟེན་མཐའ་མ་དེར་འོས་སུ་ལ་ཐོབ་ཀྱང་མི་སྒེར་པ་ཆགས་འགྲོ་བ་ཡིན་པས། འོས་མི་སྒེར་བ་བར་ལ་འོས་ཀྱི་འཐབ་རྩོད་བྱེད་པ་ལས་ཚོགས་པ་ཁག་གིས་འོས་འདོན་བྱས་ཏེ་འོས་ཤོག་ལ་འཐབ་རྩོད་བྱེད་པ་ཞིག་མིན་པ་དང་། ཆབ་སྲིད་ཚོགས་པ་ཁག་གིས་རྒྱབ་སྐྱོར་བྱས་ནས་བསླེབས་པ་ཡིན་ན་འོས་ཐོབ་པ་དང་ཡང་ན་ཤོར་བའི་རྗེས་སུའང་ཚོགས་པ་དེ་གནས་ཀྱི་ཡོད་པས་དེ་ནི་འགོག་རྐྱེན་ཞིག་ཏུ་འགྱུར་གྱི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༠༣

Leave a Reply

One thought on “མཚན་རྟཊ་བསྐྱོན་པའི་གསར་འགོད་གསལ་བསྒྲཊ།

  1. གཞུང་པ་ཚེ་དབངབསོད་ནམས་

    བཅའ་ཁྲིམས་ནོར་བུ་མ་ནོར་ལམ་སྟོན་ལ་།
    ཡིད་ཆེས་བློ་འགེལ་བརྩི་བཀུར་ཉམས་ལེན་དགོས་།
    འོས་སྒྲིག་གསར་པའི་ལམ་སྟོན་འགན་ཁུར་འོག་།
    སྲིད་སྤྱིའི་འོས་བསྡུའི་བར་ཆད་སེལ་བ་ཤོག།

    རང་དབང་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་འོག་།
    ཤར་བསྐྱོད་ཐུབ་ལ་མང་གཙོའི་འགན་ཁུར་དགོས་།
    ཁྲིམས་འགལ་སྒྲིག་འགལ་མང་གཙོའི་འགོག་རྐྱེན་ལ་།
    ཉེས་ཁྲིམས་དམ་པོས་ཁྲིམས་འོག་ཚུད་པ་དགོས་།