རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོཊ་ཞུཊ་རྒྱལ་ཁབ་ནང་བདམས།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་འོས་བསྡུའི་ཁྲོད་རྒྱ་གར་ལ་འོས་གྲངས་མང་ཤོས་ཐོབ་སྟེ་ལྷན་ཚོགས་ཁོངས་བདམས་ཐོན་བྱུང་ཡོད་འདུག

རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་ཚན་པའི་(Asia-Pacific Category) ཚོགས་མི་འོས་བསྡུའི་ནང་རྒྱ་གར་ལ་འོས་གྲངས་ ༡༨༨ ཐོབ་སྟེ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་བདམས་ཐོན་བྱུང་ཡོད་འདུག  ཐེངས་འདིའི་འོས་བསྡུའི་ནང་རྒྱ་གར་དང་། ཧྥི་ཇི། (Fiji) བྷང་ལ་ཌེ་ཤི བྷ་རེན། (Bahrain) ཧྥི་ལི་པིན་བཅས་ཡོད་པ་དང་། ཁྱོན་འོས་ཤོག་ ༡༩༣ ལས་རྒྱ་གར་ལ་འོས་གྲངས་ ༡༨༨ ཐོབ་ཡོད་འདུག

རྒྱ་གར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་སི་ཡཌ་ཨཀ་བྷ་རུ་ཌིན་(Syed Akbaruddin)གྱིས་པི་ཊི་ཨ་ཡི་(PTI)གསར་ཁང་ལ། རྒྱལ་ཁ་འདིས་རྒྱལ་སྤྱིའི་ནང་གི་རྒྱ་གར་གྱི་གོ་བབ་མཚོན་ཐུབ་ཀྱི་ཡོད། ཅེས་བརྗོད་འདུག་ལ། ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཚོགས་ཞུགས་རྒྱལ་ཁབ་གསར་པ་ ༡༨ བདམས་ཐོན་བྱུང་ཡོད་པ་དང་། ལྷན་ཚོགས་ནང་ཞུགས་རྒྱུར་འོས་ཤོག་ ༡༩༣ ལས་ཉུང་མཐར་འོས་གྲངས་ ༩༧ ཐོབ་དགོས་ཀྱི་ཡོད་འདུག ད་ལན་བདམས་ཐོན་བྱུང་བའི་ཚོགས་ཞུགས་རྒྱལ་ཁབ་རྣམས་ནས་ཕྱི་ལོ་ ༢༠༡༩ ནས་ལོ་གསུམ་རིང་ཕྱག་ལས་གནང་དགོས་ཀྱི་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོར་སི་ཡཌ་གྷ་རུ་ཌིན་ལགས་ཀྱིས་སྒེར་གྱི་ཊེ་ཝི་ཊིར་ནང་དུ། མཉམ་འབྲེལ་རྒྱལ་ཚོགས་ནང་ཡོད་པའི་ང་ཚོའི་གྲོགས་པོ་ཚང་མར་ཐུགས་རྗེ་ཆེ་ཞུ། རྒྱ་གར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་བདམས་ཐོན་བྱུང་ཡོད་པ་དང། འོས་གྲངས་ཡང་མང་ཤོས་ཐོབ་ཡོད། ཅེས་བརྗོད་ཡོད་འདུག ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཚན་པའི་འོས་ཞུགས་རྒྱལ་ཁབ་རྣམས་ཀྱི་ཁྲོད་ནས་རྒྱ་གར་ལ་འོས་གྲངས་ ༡༨༨ དང་། ཧྥི་ཇི་ལ་ ༡༨༧། བྷང་ལ་ཌེ་ཤི་ལ་ ༡༧༨། བྷ་རེན་དང་ཧྥི་ལི་པིན་ལ་ ༡༦༥ རེ་བཅས་ཐོབ་ཡོད་པ་དང་།  འོས་ཞུགས་རྒྱལ་ཁབ་ཚང་མར་ཉུང་མཐའི་འོས་གྲངས་ ༩༧ ཐོབ་ཡོད་སྟབས། ཚང་མ་ལྷན་ཚོགས་ཀྱི་ཚོགས་མི་ལ་བདམས་ཐོན་བྱུང་། སྤྱིར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་སུ་རྒྱལ་ཁབ་ ༤༧ ཡོད་འདུག

ཐེངས་འདིའི་ལྷན་ཚོགས་ཐོག་ཨ་ཧྥེ་རི་ཁེན་རྒྱལ་ཁབ་ཀྱི་ཚན་པའི་ནང་། བྷུར་ཀི་ཎ་ཧྥ་སོ་དང་། ཁེ་མེ་རུན། ཨེ་རི་ཊེ་རི་ཡ། སོ་མ་ལི་ཡ། ཊོ་གྷོ་བཅས་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་ནས་རྒྱ་གར་དང་ཧྥི་ལི་པིན་སི། བྷང་ལ་ཌེ་ཤི། ཧྥི་ཇི།  བྷ་རིན། ཤར་ཡུ་རོབ་རྒྱལ་ཁབ་ཀྱི་ཚན་པའི་ནང་། བྷལ་གྷ་རི་ཡ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ལེ་ཊིན་དང་ཁེ་རི་བྷིན་ཚན་པའི་ནང་། ཨར་ཇིན་ཊི་ན་དང་། བྷ་ཧ་མ་སི། ཡུ་རུ་གྷ་ཡེ། ནུབ་ཡུ་རོབ་དང་གཞན་གྱི་ཚན་པའི་ནང་། ཨོ་སི་ཊི་རི་ཡ་དང་། ཌན་མག ཨི་ཊ་ལི་སོགས་ཁྱོན་རྒྱལ་ཁབ་ ༡༨ གསར་དུ་བདམས་ཐོན་བྱུང་ཡོད་འདུག

རྒྱ་གར་གྱིས་དེ་སྔོན་ཕྱི་ལོ་ ༢༠༡༡ ནས་ ༢༠༡༤ དང་ ༢༠༡༤ ནས་ ༢༠༡༧ བཅས་སྐབས་གཉིས་ཀྱི་རིང་འཕྲོ་མཐུད་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་སུ་ཚུད་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ལྟར་ན་མུ་མཐུད་ནས་ཚོགས་ཞུགས་ཆོག་གི་མེད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་(United Nations Human Right Coouncil)ནི་ཕྱི་ལོ་ ༢༠༠༦ ཟླ་ ༣ པའི་ཚེས་ ༡༥ ཉིན་གསར་འཛུགས་གནང་ཡོད་པ་དང་། ལྷན་ཚོགས་འདིའི་ལས་འགན་གཙོ་བོ་ནི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། དེ་བཞིན་ཚོགས་འདུའི་རང་དབང་སོགས་ཚུད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་དར་འཕེལ་གཏོང་རྒྱུ་དེ་ཡིན་པ་རེད། ལྷན་ཚོགས་འདིའི་ཚོགས་ཞུགས་རྒྱལ་ཁབ་ ༤༧ རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ ༡༩༣ གྱིས་མང་མོས་འོས་བསྡུའི་ལམ་ནས་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་། གལ་ཏེ་ཚོགས་ཞུགས་རྒྱལ་ཁབ་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ན་རྒྱལ་ཁབ་དེ་ཚོགས་ཁོངས་ནས་ཕྱིར་འཕུད་གཏོང་ཉེན་ཡོད་འདུག དཔེར་ན་ཕྱི་ལོ་ ༢༠༡༦ ལོར་ཨུ་རུ་སུ་ལྷན་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཡིན་སྐབས་སི་རི་ཡའི་རྒྱལ་ས་ཨེ་ལེ་པོ་(Aleppo) ནང་བྱུང་བའི་དོན་རྐྱེན་དེའི་རྐྱེན་པས་ལྷན་ཚོགས་ནས་མང་མོས་འོས་བསྡུའི་ལམ་ནས་ཕྱིར་འཕུད་བཏང་ཡོད་པ་རེད།

རྒྱ་ནག་ལྟ་བུར་མཚོན་ན། རྒྱལ་ཁབ་མི་ཉུང་བ་ཞིག་དང་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐྱོ་བོ་ཡིན་པའི་སྐྱོན་བརྗོད་མི་ཉུང་བ་ཞིག་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་རང་ལ་སྙན་ཞུ་མང་པོ་ཕུལ་ཡོད་ཀྱང་། ལྷན་ཚོགས་མགོ་བཙུགས་ནས་ད་ལྟ་བར་དུ་རྒྱ་ནག་སྐབས་བཞིའི་རིང་ལྷན་ཚོགས་ཀྱི་ཁོངས་སུ་ཚུད་ཡོད་འདུག

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༠/༡༥

Leave a Reply