རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་སྐུ་གྲོངས་པར་གདུང་སེམས་མཉམ་སྐྱེད་གནང་།

བོད་རྒྱ་འབྲེལ་མོལ་གྱི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་སྐུ་གྲོངས་བར་བོད་མིའི་སྒྲིག་འཛུགས་ནས་མཆོད་འབུལ་སྨོན་ལམ་ཚོགས་ཀྱི་འདུག

དེ་རིང་ཉིན་རྒྱབ་ཏུ་བཞུགས་སྒར་དྷ་རམ་ས་ལའི་གངས་སྐྱིད་བོད་ཐོག་ཁང་ཆེན་མོའི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དམ་པ་ཁོང་ལ་མཆོད་འབུལ་སྨོན་ལམ་ཚོགས་སོང་བ་དང་། དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་འབྲས་སྐྲན་གྱི་སྙུང་གཞིའི་འོག་ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་ཨ་རིའི་སྔ་དྲོའི་ཆུ་ཚོད་༦།༡༥ སྟེང་ཨ་རིའི་ཁ་ལི་ཧྥོར་ནེ་ཡ་མངའ་སྡེའི་སན་ཧྥ་རན་སེ་སི་ཁོ་གྲོང་ཁྱེར་ནང་འབྲས་སྐྲན་གྱི་སྙུང་གཞིའི་འོག་སྐུ་གྲོངས་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ངོ་དེབ་ཐོག་བཀའ་ཟུར་མཆོག་སྐུ་གྲོངས་བར་མྱ་ངན་གུས་འདུད་དང་ཤུལ་ལུས་ནང་མི་འབྲེལ་ཡོད་ཡོངས་ལ་གདུང་སེམས་མཉམ་སྐྱེད་གནང་བའི་ནང་། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་མི་དང་འཛམ་གླིང་ཁྱོན་དུ་གནས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་མྱ་ངན་གུས་འདུད་ཞུ་བཞིན་ཡོད། དམ་པ་ཁོང་ནི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་དབུ་ཁྲིད་མཁན་གཙོ་གྲས་ཤིག་ཡིན་སྟབས། ཁོང་སྐུ་གཤེགས་པ་དེས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལེའུ་གཅིག་མཇུག་བསྒྲིལ་བར་ངོས་འཛིན་ཞུ་ཆོག དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བ་ནས་བསགས་པའི་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་ཀྱི་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་འདུན་ཤུགས་དྲག་ཞུ་ཡི་ཡོད་ཅེས་བཀོད་འདུགབཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༤༩ ལོར་དཀར་མཛེས་ཁུལ་ཉག་རོང་ཡབ་རྒྱ་རི་ཉི་མ་ཚང་དུ་སྐུ་འཁྲུངས་ཞིང་། དགུང་ལོ་ཆུང་དུས་ནས་ཡུལ་དེའི་རྗེ་མཁན་པོ་ཨ་བརྟན་གྱི་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ་དགོན་པར་གསན་བཞེས་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་གནང་ཡོད་པ་དང་། རྒྱ་གར་དུ་འབྱོར་རྗེས་རྡོར་གླིང་ཁུལ་དུ་དབྱིན་ཡིག་སློབ་སྦྱོང་གནང་ཞོར་དུ་རྡོར་གླིང་རང་དབང་གསར་ཤོག་ཅེས་པའི་གསར་ཤོག་ནང་ཕྱག་ལས་གནང་ཡོད་འདུག ཕྱི་ལོ་ ༡༩༦༩ ལོ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ལས་བྱེད་ཁོངས་སུ་ཞུགས་གནང་སྟེ་ལྡི་ལི་དོན་གཅོད་ཁང་གི་དྲུང་གཞོན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༠ ལོར་སྐབས་དེའི་བོད་པ་ན་གཞོན་ཚོས་རང་གི་ལས་འགན་གྱི་ཞོར་དུ་བོད་སྤྱི་པའི་ལས་དོན་ལ་ནུས་པ་འཕར་མ་སྤུང་ཆེད་ཆོལ་ཁ་དང་ཆོས་ལུགས་ཀྱི་ངོ་བོ་གཏན་ནས་མེད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་ཀྱི་ཐུགས་འགན་བཞེས་ཡོད་པར་མ་ཟད། རྒྱ་གར་དུ་བོད་དོན་ལས་འགུལ་གོང་མཐོར་སྤེལ་པར་འཕགས་བོད་མཛའ་འབྲེལ་ཚོགས་པ་ཟུར་འཛུགས་ཀྱིས་རྒྱ་གར་བའི་དཔོན་རིགས་ཁག་ལ་ཐད་ཀར་འབྲེལ་བ་བཙུགས། ཕྱི་ལོ་ ༡༩༨༠ ལོར་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་ཁོངས་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་དང་། སྐབས་དེའི་སྤྱི་འཐུས་ཚོགས་གཙོ་ཡང་གནང་།

ཕྱི་ལོ་ ༡༩༨༠ ལོར་རྒྱ་ནག་གཞུང་དང་འབྲེལ་ལམ་འགོ་འཛུགས་བྱུང་བ་ནས་བཟུང་སྟེ་བོད་རྒྱ་གཉིས་ཀྱི་གྲོས་མོལ་བརྒྱུད་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ལས་དོན་ལ་རྒྱ་རི་རིན་པོ་ཆེ་ཐད་ཀར་འབྲེལ་བ་བྱུང་ཡོད་ཅིང་། བཀའ་བློན་གྱི་ལས་ཁུར་བཞེས་པའི་རིང་ལ་བཙན་བྱོལ་བོད་མིའི་ཕྱི་འབྲེལ་ལས་དོན་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་འགན་གཙོ་བཞེས་གནང་ཡོད། ཕྱི་ལོ་ ༡༩༨༢ དང་ ༡༩༨༤ ལོ་སོ་སོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་པེ་ཅིང་དུ་གཏོང་གནང་མཛད་པའི་མི་གསུམ་ཡོད་ཁོངས་ནས་གཅིག་ཁོང་ཡིན་པ་དང་། ཕྱི་ལོ་ ༡༩༨༤ ལོར་དྲིལ་བསྒྲགས་དྲུང་ཆེ་ལས་འཕར་དུ་བསྐོ་གཞག་གནང་ཡོད་པ་དང་། ཕྱི་ལོ་ ༡༩༨༨ ནས་ ༡༩༩༠ བར་ཕྱི་འབྲེལ་བཀའ་བློན་གནང་ཡོད་འདུག

ཕྱི་ལོ་ ༡༩༩༡ ལོ་ནས་རྒྱ་རི་རིན་པོ་ཆེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པའི་རིང་ལ་འཛམ་གླིང་སྤྱི་དང་། ལྷག་པར་དུ་ཨ་རིའི་སྲིད་འཛིན་བཞིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་ཞུས་ཀྱིས་མཇལ་འཕྲད་གནང་རྒྱུར་འོག་གྲབས་ཀྱི་ལས་དོན་འགན་ཁུར་གཙོ་བཞེས་གནང་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཚོས་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་བྱུང་ནས་བོད་ཀྱི་སྲིད་བྱུས་ཞེས་པའི་ཁྲིམས་ཡིག་བཞག་པ་བཅས་མདོར་ན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིའི་དབུ་ཁྲིད་གཅིག་གིས་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་བརྒྱ་ལས་མེད་ཀྱང་དེང་སྐབས་འཐུས་མི་བརྒྱ་དང་གཅིག་ཡོད་པ་ནི་རྒྱ་རི་བློ་གློས་རྒྱལ་མཚན་རེད་ཅེས་ཞུས་མྱོང་ཡོད་འདུག

ཕྱི་ལོ་ ༢༠༠༡ ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཚན་གནས་ཐོག་རྒྱ་ནག་ལ་ཐེངས་དགུ་ཕེབས་ཡོད་པ་དང་། བོད་རྒྱ་འབྲེལ་མོལ་གྱི་ཐོག་མཐའ་བར་གསུམ་དུ་རྒྱ་རི་རིན་པོ་ཆེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལམ་སྟོན་བཞིན་རྒྱ་ནག་གི་དཔོན་རིགས་ཚོར་འཇམ་རྩུབ་གཉིས་ཀྱི་ཐབས་བྱུས་ཅི་རིགས་བསྟེན་ནས་བོད་དོན་བདེན་མཐའ་གསལ་ཐབས་གནང་བ་སོགས་བོད་བསྟན་པ་ཆབ་སྲིད་ཆེད་སྐུ་ལས་མང་པོ་བསྐྱོན་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༣༠

Leave a Reply

2 thoughts on “རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་སྐུ་གྲོངས་པར་གདུང་སེམས་མཉམ་སྐྱེད་གནང་།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བཀའ་ཟུར་རྒྱ་རི་རིན་པོ་ཆེ་སྐུ་ཚེ་མ་ཟིན་པ་ནི་བོད་
    རྒྱའི་འབྲེལ་གྱི་ལྡེ་མིག་གཅིག་རླགས་པ་ལ་ངོས་འཛིན་
    ཞུ་གི་ཡོད་ལ་དམ་པ་དེ་ཉིད་སླར་ཡང་བོད་རིགས་སུ་
    སྐུ་འཁྲུངས་ནས་བོད་མིའི་འཐབ་རྩོད་ལ་ནུས་པ་འདོན་
    པའི་ཕོ་རྒོད་ཞིག་ཡོང་བའོ་སྨོན་ལམ་དང་བཅས་དམ་
    པ་ཁོང་གི་ནང་མི་བུ་ཕྲུག་གཉེན་སྤུན་དང་བཅས་པར་ཐུགས་
    གསོའི་འཚམས་འདྲི་ཡང་ཞུ་གི་ཡོད་།