བསྟན་འཛིན་ཚེ་བརྟན་ལ་བློན་ཆེན་བྱ་དགའ་ཐོབ།

བོད་རིགས་བུ་མོ་བསྟན་འཛིན་ཚེ་བརྟན་ལགས་ལ་ཨོ་སི་ཊོ་ལི་ཡའི་ལྷོ་རྒྱུད་གསར་པའི་ཝེལ་མངའ་སྡེའི་རིམ་པ་གཉིས་པའི་བློན་ཆེན་བྱ་དགའ་ཐོབ་ཡོད་འདུགའདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན། ཨོ་སི་ཊོ་ལི་ཡའི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེད་ཚལ་ཁང་གི་འཛིན་རིམ་དྲུག་པའི་སློབ་མ་བསྟན་འཛིན་ཚེ་བརྟན་ལགས་སུ། བོད་སྐད་ཡིག་གི་སྦྱང་འབྲས་རྩེར་སོན་པར་ཡུལ་དེའི་ལྷོ་རྒྱུད་གསར་པའི་ཝེལ་ (New South Wales)མངའ་སྡེའི་རིམ་པ་གཉིས་པའི་བློན་ཆེན་བྱ་དགའ་ཐོབ་ཡོད་པ་དང་། དེ་བཞིན་འཛིན་རིམ་གསུམ་པའི་སློབ་ཕྲུག་ཕུན་ཚོགས་སྒྲོལ་མ་ལགས་ལ་ཕུལ་བྱུང་སློབ་མའི་གཟེངས་རྟགས་ཐོབ་ཡོད་འདུག ཐེངས་འདིའི་བློན་ཆེན་བྱ་དགའ་དེ་ནི་ཨོ་སི་ཊོ་ལི་ཡའི་ནང་བོད་ཕྲུག་ཅིག་གིས་བོད་ཀྱི་སྐད་ཡིག་ཐོག་བྱ་དགའ་དེ་བླངས་བ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

བློན་ཆེན་བྱ་དགའ་དེ་ནི་ཨོ་སོ་ཊོ་ལི་ཡའི་ལྷོ་རྒྱུད་གསར་པའི་ཝེལ་མངའ་སྡེའི་ཁོངས་གཏོགས་མི་རིགས་སྐད་ཡིག་གམ་གཟའ་མཇུག་སློབ་གྲྭ་ ༥༦༡ ནང་གི་སློབ་གཉེར་བ་ ༣༦,༠༨༨ ཁྲོད་དུ་ལོ་འཁོར་ཡིག་རྒྱུགས་དང་། འཛིན་གྲྭར་བཅར་ཐོ། སྤྱོད་ལམ། རིག་རྩལ་འགྲན་ཚོགས་སུ་མཉམ་ཞུགས་ཀྱི་སྤུས་ཚད་བཅས་གཞིར་བཞག་གི་ཐོག་ནས་སློབ་མ་རྩེ་ཕུད་རྣམས་ལ་རིམ་པ་དང་པོ་ནས་གསུམ་པ་བར་མངའ་སྡེའི་བློན་ཆེན་བྱ་དགའ་འབུལ་སྲོལ་ཡོད་པ་ཞིག་ཡིན་འདུག

ཨོ་སི་ཊོ་ལི་ཡའི་སིཌ་ཎི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེད་ཚལ་ཁང་དེ་ཕྱི་ལོ་ ༡༩༩༧ ཟླ་༩ པའི་ནང་ཁྱིམ་ཚང་གི་བོད་ཀྱི་སྐད་ཡིག་སློབ་གྲྭའི་ངོ་བོར་དབུ་འཛུགས་ཀྱིས་རིམ་པས་ཡར་རྒྱས་ཕྱིན་ཏེ། ཕྱི་ལོ་ ༢༠༡༠ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སློབ་གྲྭའི་མིང་ལ་རིག་གནས་སྐྱེད་ཚལ་ཁང་ཞེས་གསོལ་སྩལ་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་མངའ་སྡེའི་ཤེས་རིག་ལས་ཁུངས་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ཚན་ཁག་ནང་དེབ་སྐྱེལ་བྱས་པ་ནས་བཟུང་། མངའ་སྡེ་གཞུང་གིས་སློབ་གྲྭའི་འཛིན་ཁང་གི་ཁང་དོད་དང་།  དགེ་རྒན་ཟབ་སྦྱོང་སོགས་ཀྱི་མཐུན་རྐྱེན་སྦྱོར་མུས་ཡིན་འདུག

ད་ལྟའི་ཆར་བོད་རིགས་ཀྱི་རིག་གནས་སྐྱེད་ཚལ་ཁང་དུ་བོད་མི་སྐྱབས་བཅོལ་བའི་སློབ་མ་ ༩༠ དང་། དྭང་བླངས་དགེ་རྒན་ལས་བྱེད་ ༢༠ ཡོད་པ་དང་། སློབ་གྲྭའི་འཛིན་སྐྱོང་གི་སྒྲིག་གཞི་དང་ཤེས་ཡོན་སྲིད་བྱུས་དེ་ཨོ་གླིང་མངའ་སྡེ་གཞུང་གི་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ལམ་སྟོན་ཁག་དང་། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཉིས་ཟུང་འབྲེལ་བྱས་པའི་ཐོག་ནས་ལག་བསྟར་བྱེད་བཞིན་ཡོད་འདུག་པ་དང་། སློབ་གྲྭ་དེར་དྭང་བླངས་དགེ་རྒན་རྣམས་ཀྱིས་བོད་རིགས་སློབ་མ་རྣམས་ལ་རེས་གཟའ་སྤེན་པ་ནམ་ཡིན་ལ་བོད་ཀྱི་སྐད་ཡིག་གཙོར་བཟུང་གིས། བོད་ཀྱི་རིག་གཞུང་དང་། ལོ་རྒྱུས། ནང་ཆོས། ཞབས་བྲོ་གླུ་གཞས་བཅས་སློབ་བཞིན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༠༢

Leave a Reply