གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་བཀོད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་བཀོད།དེ་རིང་ནས་བཟུང་ཟླ་གཅིག་ལྷག་ཙམ་རིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་བཞུགས་རྒྱུ་ཡིན་པ་དང་། རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༣ དང་འདི་ལོའི་ཕྱི་ཟླ་དང་པོའི་ནང་དྲག་སྤྱོད་ཀྱི་གནས་ཚུལ་བྱུང་པར་བརྟེན། རྒྱ་གར་གཞུང་གིས་སྤྱི་ཡོངས་ནས་རྡོ་རྗེ་གདན་ཁུལ་གྱི་སྲུང་སྐྱོབ་དང་།  ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱཱའི་ཐོག་ལ་དོ་ནན་ཆེན་པོ་གནང་གི་ཡོད་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་ཀྱང་རྒྱ་གར་དབུས་དང་ས་གནས་མཉམ་དུ་ཐེངས་མང་ཚོགས་འདུ་ཚོགས་པ་དང་འབྲེལ་བ་ཞུས་ཏེ། སྐུའི་སྲུང་སྐྱོབ་གྲ་སྒྲིག་ཞུ་བར་རམ་འདེགས་གནང་གི་ཡོད་འདུག

རྡོ་རྗེ་གདན་གྱི་སྐུའི་སྲུང་སྐྱོབ་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་འདི་གའི་གསར་འགོད་པར། རྒྱ་གར་གཞུང་གིས་ཐུགས་འགན་ཆེན་པོ་བཞེས་ཀྱིན་ཡོད་པའི་ཚོར་བ་ཆེན་པོ་བྱུང་སོང་། རྒྱ་གར་དབུས་གཞུང་གི་ངོས་ནས་མངའ་སྡེ་གཞུང་དང་སྲུང་སྐྱོབ་ཀྱི་ཚན་པ་མང་པོ་ཡོད་པ་དེ་ཚོར་བཀའ་གནང་སྟེ། གྷ་ཡ་རྫོང་ཁོངས་ཀྱི་སྲུང་སྐྱོབ་མི་སྣ་སོགས་རྫོང་འདིར་མ་ཚང་བ་དང་མ་འདང་བ་ཆ་ཚང་། བྷེ་ཧར་མངའ་སྡེའི་རྫོང་གཞན་ཆ་ཚང་ནས་བསྐུངས་ཏེ་བཏང་ཡོད་པ་རེད། ད་ལྟ་ཁོང་ཚོས་གསུངས་པ་ལྟར་ན། ༧སྐུའི་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་སྐོར་སྲུང་བ་ ༡༠༠༠ ལྷག་འགྲེམས་འཇོག་བྱེད་བཞིན་ཡོད་པ་རེད། དེ་བཞིན་རྡོ་རྗེ་གདན་དུ་ས་གནས་འདྲ་མིན་ནས་མི་རིགས་འདྲ་མིན་ཕེབས་ཡོད་སྟབས། རྒྱུན་ལྡན་དང་མི་འདྲ་བར་སྲུང་སྐྱོབ་བྱེད་པར་རང་བཞིན་གྱིས་ཏོག་ཙམ་ཁག་པོི་ཆགས་ཡོད་པ་རེད་དེ། རྒྱ་གར་དབུས་གཞུང་དང་ས་གནས་གཞུང་ངོས་ནས་ས་གནས་ཀྱི་མགྲོན་ཁང་ནང་མི་སུ་སྡོད་བཞིན་ཡོད་པ་དང་གང་དུ་འདུག་གི་ཡོད་མེད་སོགས་ལ་དམ་པོ་ཞེ་པོ་གནང་གི་འདུག ད་ལན་སྲུང་སྐྱོབ་ཀྱི་ཆ་ནས་ཡག་པོ་འདྲ་ཆགས་ཀྱི་འདུག་བསམ་གྱི་འདུག ཅེས་བརྗོད་བྱུང་།དེ་སྔོན་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཕྱཱར་ཉེན་ཁ་བཟོ་ཉེན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་ལྟར།  ད་ལན་དེའི་ཐད་དོ་ནན་དོགས་ཟོན་ག་འདྲ་གནང་གི་ཡོད་སྐོར་དྲིས་པར་དྲུང་ཆེ་ལགས་ཀྱིས། གནས་མཆོག་རྡོ་རྗེ་གདན་ནི་རང་བཞིན་གྱིས་སྲུང་སྐྱོབ་ཀྱི་ས་ཆ་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྡོ་རྗེ་གདན་དུ་མ་ཕེབས་གོང་སྟེ། འདི་ལོའི་ཕྱི་ཟླ་དང་པོའི་གནས་ཚུལ་བྱུང་བ་དེ་ལ་བརྟེན་ནས་སྲུང་སྐྱོབ་ཀྱི་ལས་དོན་ཐད་སྔོན་དང་མ་འདྲ་བར་དམ་དུ་བཏང་ཡོད་པ་དེ་གསལ་པོ་འདུག སྐུ་མདུན་འདིར་ཕེབས་ཀྱི་ཡོད་པ་ལ་བརྟེན་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་རེད། གང་ལྟར་དྲག་སྤྱོད་ཀྱི་དོན་རྐྱེན་གཉིས་བྱུང་ཡོད་སྟབས། སྐུ་མདུན་གྱི་སྐུ་ཕྱཱའི་ཐད་ཀར་འབྲེལ་བ་ཡོད་མེད་གང་ཡིན་ཡང་། ས་གནས་འདི་དམ་དྲག་དང་སྲུང་སྐྱོབ་དགོས་པའི་ས་ཆ་ཞིག་ཆགས་ཡོད་པ་རེད། སྔོན་ཆད་ཡག་ཐག་ཆོད་གནང་ཡོད་པ་རེད་དེ་དམིགས་བསལ་གྱིས་ད་ལོ་སྐུ་མདུན་འདིར་ཕེབས་ཡོད་སྟབས། རྒྱ་གར་གཞུང་གིས་ཐུགས་སྣང་དམིགས་བསལ་གནང་གི་ཡོད་པའི་ཚོར་སྣང་བྱུང་། ཅེས་བརྗོད་བྱུང་།

གསར་འགོད་པས་སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་རྒྱ་གཞུང་གི་གསང་ཉུལ་བ་རེ་འགའ་ཤེས་རྟོགས་བྱུང་ཡོད་ལུགས་བརྗོད་ཀྱི་ཡོད་པ་དེའི་སྐོར་དྲིས་པར་ཁོང་གིས། ང་ཚོས་ཧ་གོ་ཡི་ཡོད་ཅེས་ལས་ཁུངས་ངོས་ནས་ཡོངས་བསྒྲགས་བྱ་རྒྱུ་མ་བྱུང་། ལས་ཀ་བྱེད་མཁན་ཏན་ཏན་ཡོད་ཀྱི་རེད། ང་ཚོས་ཡོད་པ་མ་རེད་ལབ་ན་འགྲིག་གི་ཡོད་པ་མ་རེད། ཁྲིམས་དང་འགལ་བའི་ལས་ཀ་བྱས་ཚེ་རྒྱ་གར་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཞིག་ཡིན་སྟབས་དེ་བཞིན་ཐག་གཅོད་ཞིག་གནང་གི་རེད། དཔེར་ན་ཉེ་ཆར་རྒྱ་རིགས་ཞིག་ལྡི་ལིར་གསང་ཉུལ་གྱི་ཉེས་པའི་ཐོག་འཇུས་པ་རེད། དེ་བས་བོད་པ་དང་རྒྱ་རིགས་སུ་ཡིན་ནའང་ཁྲིམས་དང་འགལ་བའི་ལས་ཀ་བྱས་ན་ཁྲིམས་གཞིར་བཟུང་གིས་ཐག་གཅོད་བྱེད་དགོས་པ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

རྡོར་གདན་དུ་དུས་དབང་སོགས་ཀྱིས་བོད་མི་ཕོན་ཆེན་འདུ་འཛོམས་སྐབས།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དང་བླངས་ཐོག མཆོད་རྟེན་ཉེ་མཁྲིས་རྣམ་རྒྱལ་གྲྭ་ཚང་གི་མདུན་ཕྱོགས་སུམ་མདོ་རུ་ཞབས་ཞུ་ལྟེ་གནས་ཆེད་འཛུགས་ཀྱིས་ཆོས་ཞུ་བ་རྣམས་ལ་ཞབས་ཞུ་གནང་གི་ཡོད་ཀྱང་། ད་ལོར་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་པ་ལྟར་ན། དང་ཐོག་ཆོག་མཆན་ཐོབ་ཡོད་ནའང་། ༧གོང་ས་མཆོག་རྡོར་གདན་དུ་མ་ཕེབས་གོང་གི་ཉིན་ ༢ སྔོན་ལ་བདེ་སྲུང་མི་སྣའི་ཚོགས་འདུ་ཚོགས་ཏེ། སྐུ་མདུན་བཞུགས་སའི་རྣམ་རྒྱལ་གྲྭ་ཚང་གི་མདུན་ཐང་དུ་ཉེན་རྟོག་པའི་སྐོར་སྲུང་འཐུས་ཚང་ཡོང་ཆེད། དེར་ཡོད་སྐབས་འཕྲལ་གྱི་གུར་ཚང་མ་གཙང་མ་བཟོས་ཏེ། གནས་གཞན་དུ་སྤོར་དགོས་པའི་ཐག་གཅོད་བྱུང་ཡོད་འདུག

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་ཀླུ་མགོན་ཐར་གྱིས་སྤེལ།

བསྐྱར་བཅོས།: ༢༠༡༨/༡༢/༡༧

Leave a Reply

One thought on “གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་བཀོད།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    འགྲོ་བའི་སྡུག་བསྔལ་སེལ་བའི་གཉེན་གཅིག་པོ།
    གངས་ཅན་མགོན་པོའི་སྐུ་ཚེ་རྒྱས་རྒྱུར་ཅིག།
    རླབས་ཆེན་མཛད་འཕྲིན་སྐྱོངས་ལ་ཆེས་དཔའ་བའི།
    འགྲོ་བའི་ཁམས་ལ་དུས་ཀྱི་འཁོར་ལོ་བསྐོར།
    སྙིགས་དུས་སྐྱབས་མགོན་ཕྱག་ན་པདྨོར་འདུད།