དད་པ་སོ་སོའི་ཆོས་ལ་བྱས། གུས་པ་དེ་ཆོས་ལུགས་ཚང་མར་བྱེད་ཀྱི་ཡོད།

༧གོང་ས་མཆོག་གིས་འཛམ་གླིང་གི་མི་ཞིག་ཡིན་ཕྱིན་གཞན་ལ་འཚེ་བ་མི་བྱེད་པ་དང་བྱམས་བརྩེ་ལྡན་པ་དགོས་པ་དེ་ནི་ཆོས་ཀྱི་སྐད་ཆ་དང་། དཀོན་མཆོག་གི་སྐད་ཆ་མིན་སྐོར་སོགས་གསུངས།དེ་རིང་ཞོགས་པར་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དབུ་འཛུགས་གནང་སོང་བ་དང་། ཐེངས་འདིའི་བཀའ་ཁྲིད་སྐབས་རྒྱ་བལ་འབྲུག་གསུམ་གྱི་གཙོས་འཛམ་གླིང་རྒྱལ་ཁབ་ཁག་ ༧༡ ཙམ་ནས་དད་ལྡན་དོན་གཉེར་བ་ཁྱོན་བསྡོམས་ཁྲི་ ༣ མ་ཟིན་ཙམ་འཛོམས་འདུག

བཀའ་ཁྲིད་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་གནས་ཁྱད་པར་ཅན་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་འདིར་ང་ཚོ་ཡང་བསྐྱར་འཛོམས་རྒྱུ་བྱུང་བ་དེ་སྐལ་བ་བཟང་པོ་རེད། སངས་རྒྱས་པའི་ཆོས་དེ་སྨོན་ལམ་རྒྱག་སྡོད་པ་གཅིག་པོ་མ་རེད། བཅོམ་ལྡན་འདས་རང་གིས་ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་ངལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་པ་སྤོ་མིན་པས།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད།། ཅེས་གསུངས་ཡོད་པ་དེ་དམིགས་གསལ་གྱིས་མི་འདྲ་བའི་ཁྱད་ཆོས་ཤིག་རེད། ཆོས་ལུགས་གཞན་པ་མང་པོ་ཞིག་ཡག་པོ་ཞེ་དྲག་རེད། ང་རང་ཚོའི་བདེ་སྡུག་ཆ་ཚང་འཇིག་རྟེན་བཀོད་པ་པོའི་ཕྱག་ལ་ཡོད་པ་ཞིག་དང་འཇིག་རྟེན་བཀོད་པ་པོས་མཁྱེན་བརྩེའི་ནུས་པ་མཐར་མཐུག་པ་ཞིག་བཤད་སྡོད་ཀྱི་ཡོད་པ་རེད། མཁྱེན་བརྩེའི་ནུས་པ་བཤད་བཞིན་དཀོན་མཆོག་གིས་བཀོད་པའི་འཇིག་རྟེན་ནང་དུ་རྙོག་དྲ་དང་སྡུག་ངལ་མང་པོ་ཡོད་སྡོད་པ་དེ་ཚོ་འགྲེལ་བཤད་རྒྱག་ཁག་པོ་ཞེ་དྲག་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་ནི་ཆོས་སྟོན་མཁན་ཞིག་དང་ལམ་སྟོན་པ་ཞིག་ཡིན་ཅེས་གསུངས་ཡོད་པ་རེད། བླང་དོར་གྱི་གནས་སྟོན་མཁན་ཁོ་རང་ཡང་རྟག་པ་རང་བྱུང་གི་སྐྱེས་བུ་དེ་འདྲ་མ་ཡིན་པ། ལོག་པར་ལམ་གྱི་གནས་ལ་སྔོན་དུ་སོང་ནས་རིམ་པ་རིམ་པར་ཉམས་ཞིབ་གནང་སྟེ། ཤེས་རབ་སྙིང་པོའི་ནང་དུ་སྔགས་ཏདྱཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། གང་ལྟར་ཚོགས་ལམ་དང་སྦྱོར་ལམ། མཐོང་ལམ་དང་སྒོམ་ལམ། མི་སློབ་ལམ་བཅས་རིམ་གྱིས་མངོན་དུ་མཛད་ནས་མཐར་མངོན་པར་རྫོགས་པའི་སངས་རྒྱས་པ་ཡིན་དུས། ཁོང་རང་གི་ཉམས་མྱོང་གི་སྟེང་ནས་ང་ཚོ་ལ་ལས་དང་པོ་བའི་གནས་སྐབས་ནས་ཐབས་ཤེས་རབ་ཀྱི་ལམ་ལ་བརྟེན་ནས་ག་ལེར་རྟོགས་པ་ཆེ་རུ་ཆེ་རུ་ཕྱིན་ཏེ། མཁྱེན་བརྩེའི་ཡོན་ཏན་གོང་འཕེལ་དུ་ཕྱིན་པའི་ཚོད་ཀྱིས་གཞན་ཕན་སྒྲུབ་པའི་ནུས་པ་ཡང་ཆེ་རུ་ཕྱིན། མཐར་སྤང་རྟོག་མཐར་ཕྱིན་པ་ཞིག་བྱུང་ནས་ཁོ་རང་གི་ཉམས་མྱོང་གི་སྟེང་ནས་བློ་ལ་འགྱུར་བ་གང་འདྲ་བྱས་ནས་གཏོང་དགོས་མིན་དང་བློ་ལ་འགྱུར་བ་བཏང་ཚེ་འགྱུར་ཡོད་མེད་དེ་འདྲའི་ཐོག་ནས་བསྟན་ཡོང་གི་འདུག ཅེས་གསུངས།

ཡང་ཁོང་གིས། ཆོས་ལུགས་ཚང་མར་ངོས་ཀྱིས་གུས་པ་བྱེད་ཀྱི་ཡོད། དད་པ་སོ་སོའི་ཆོས་ལ་བྱས། གུས་པ་དེ་ཆོས་ལུགས་ཚང་མར་བྱེད་ཀྱི་ཡོད། འཛམ་གླིང་འདིའི་སྟེང་ལ་ཆོས་ལུགས་མང་པོ་ཞིག་ཡོད་པ་རེད། དེ་ཚོ་ཚང་མས་བྱམས་པ་དང་སྙིང་རྗེ། མི་ལ་སེམས་པ་བཟང་པོ་བྱེད་དགོས་པ་དང་གཞན་ལ་ཕན་བདེ་སྒྲུབ་དགོས་པ་གསུང་མཁན་ཤ་སྟག་རེད་འདུག་ལ། ཆོས་ལུགས་ཆེ་ཁག་དེ་ཚོས་བྱམས་སྙིང་རྗེ་རྩལ་དུ་འདོན་བཞིན་ཡོད་པ་རེད། ཆོས་ཀྱིས་འདས་པའི་ལོ་སྟོང་ཕྲག་གི་རིང་ལ་མིའི་རིགས་ལ་ཕན་གྱི་ཡོད་པ་རེད་ལ་ད་ལྟ་ཡིན་ནའང་ཕན་གྱི་ཡོད་པ་རེད། མ་འོངས་པར་ཡང་ཕན་གྱི་རེད། དེ་འདྲ་ཡིན་དུས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་པ་ནི་གལ་ཆེན་པོ་རེད། གཞན་ཆོས་ལུགས་མཐུན་སྒྲིལ་བྱེད་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་རྒྱག་པ་དང་གསོད་རེས་གཏོང་གི་ཡོད་པ་དེ་ཚོ་དངོས་གནས་བསམ་ཡུལ་ལས་འདས་པ་རེད། སེམས་པ་བཟང་པོ་བྱེད་དགོས་རེད། བཟོད་པ་བསྒོམ་དགོས་རེད། གནོད་འཚེ་བྱ་རྒྱུ་ཡོད་པ་མ་རེད་ལབ་མཁན་གྱི་ཆོས་ལུགས་དེས་ཕྱོགས་རིས་ཀྱི་ཤོག་ཁག་སྒྲིག་པ་དང་། གསོད་རེས་བྱེད་པ་ནི་དཔེ་མི་སྲིད་པའི་ཐབས་སྐྱོ་པོ་རེད། བྱམས་བརྩེ་རྩལ་དུ་འདོན་མཁན་ཆོས་ལུགས་ཚང་མས་མི་ལ་ཕན་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ཚང་མས་ནང་ཁུལ་ལ་མཐུན་སྒྲིལ་བྱེད་པ་དེ་དཔེ་མི་སྲིད་པའི་གལ་ཆེན་རེད་འདུག ཅེས་གསུངས།ཆོས་ལུགས་ཆེ་ཁག་ཚང་མས་བྱམས་བརྩེ་གསུང་གི་ཡོད་པའི་སྐོར་ནས་ཁོང་གིས།  ད་ལྟ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད་པ་རེད། དངོས་པོ་ཡར་རྒྱས་སོང་དང་འགྲོ་བཞིན་པ་རེད། དེ་བཞིན་ཚན་རིག་དང་འཕྲུལ་ཆས་མུ་མཐུད་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད། དེས་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་འགན་ལེན་བྱེད་ཐུབ་པ་རེད་དམ་ཞེས་དྲིས་ན་ཁག་པོ་ཞེ་དྲག་རེད། དངོས་པོ་ཡར་རྒྱས་ཚད་མཐོན་པོར་ཕྱིན་ཡོད་པའི་རྒྱལ་ཁབ་དེ་ཚོའི་ནང་ལའང་ཆགས་སྡང་གི་རྐྱེན་པས་རྙོག་དྲ་རྒྱུན་མ་ཆད་པར་ཡོང་གི་འདུག དེ་བས་ང་ཚོས་བསམ་བློ་གཏོང་དགོས་ཡོད་པ་རེད། དུས་རབས་ཉེར་གཅིག་པའི་ནང་བསླེབས་ཡོད་པ་རེད། དངོས་པོ་ཡར་རྒྱས་ཚད་མཐོན་པོར་ཕྱིན་ཡོད་པ་རེད་དེ་མིས་བཟོས་པའི་སྡུག་ངལ་རྒྱུན་མ་ཆད་པར་ཡོང་གི་ཡོད་པ་རེད། འཕྲུལ་འཁོར་དང་དངུལ་གྱི་ཐོག་ནས་སྡུག་ངལ་སེལ་རྒྱུ་ཞེ་དྲག་ཁག་པོ་རེད། དེ་བས་དུས་རབས་ཉེར་གཅིག་པའི་ནང་སེམས་རྒྱུད་འདུལ་དགོས་པ་ཞེ་པོ་གལ་ཆེན་པོ་རེད་འདུག སྐྱེས་བ་ཕྱི་མ་དང་ཆོས་ཁས་བླངས་ཀྱང་རུང་མ་བླངས་ཀྱང་རུང་། གང་ལྟར་སེམས་རྒྱུད་འདུལ་དགོས་པ་རེད། སེམས་རྒྱུད་འདུལ་ཐབས་གཙོ་བོ་དེ་བྱམས་བརྩེ་རེད། ཆོས་ལུགས་གཙོ་ཆེ་ཚང་མར་ལྟ་གྲུབ་མ་འདྲ་བ་ཡོད་ནའང་བྱམས་བརྩེ་གསུང་གི་ཡོད་པ་གཅིག་པ་རེད། དུས་རབས་ཉེར་གཅིག་པའི་ནང་། ཆོས་ལུགས་མ་འདྲ་བ་དེ་ཚོ་ད་ལྟའང་ཏན་ཏན་དགོས་པ་དང་འབྲེལ་བ་ཡོད་པ་ཞིག་ཆགས་འདུག མང་པོ་ཞིག་གིས་ཆོས་ཟེར་དུས་སྨོན་ལམ་རྒྱག་པ་དང་ལྷ་ཁང་ནང་དུ་འགྲོ་རྒྱུ་དེ་འདྲར་བརྩི་ཡི་འདུག ངོ་ཐོག་གི་ཆོས་ཀྱི་བསླབ་བྱ་ལ་དོ་སྣང་ཞེ་དྲག་བྱེད་ཀྱི་མི་འདུག ཆོས་ཀྱི་བསླབ་བྱ་ཐོག་དོ་སྣང་ཡག་པོ་བྱས་པ་ཡིན་ན་ཡི་ཤུའི་ཆོས་ལ་ཆ་བཞག་ནའང་བྱམས་བརྩེ་གཙོ་བོ་སྟོན་གྱི་ཡོད་པ་རེད། ཁ་ཆེ་ཆོས་ཡིན་ནའང་བྱམས་བརྩེ་གཙོ་བོ་སྟོན་གྱི་འདུག  ཧིན་རྡུ་ཆོས་ཡིན་ནའང་གཅིག་མཚུངས་རེད། བྱམས་བརྩེ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་རྒྱ་གར་ནང་ལོ་སྟོང་ཕྲག་གསུམ་ཙམ་གོང་ནས་འཚེ་བ་མེད་པ་གསུངས་ཡོད་པ་དང་། འཚེ་བ་མེད་པ་ཡོང་བར་བྱམས་བརྩེ་དགོས་པ་གསུངས་ཡོད་པ་རེད། འཚེ་བ་ནི་ཞེ་སྡང་གི་ཐོག་ནས་ཡོད་སྟབས་འཚེ་བ་མེད་པ་ཡོང་ཐབས་སུ་བྱམས་བརྩེ་དགོས་པའི་བསླབ་བྱ་དེ་ལོ་སྟོང་ཕྲག་གསུམ་ཙམ་གོང་ནས་འདུག འཇིག་རྟེན་བཀོད་པ་པོ་འདོད་མཁན་དེ་ཚོས་ཀྱང་བྱམས་བརྩེའི་སྐོར་སློབ་གསོ་རྒྱག་གི་འདུག ང་ཚོས་དངོས་སུ་མཐོང་བཞིན་པའི་ཡི་ཤུའི་ཆོས་པའི་ནང་གཞན་ཕན་སྒྲུབ་པ་དང་སློབ་གྲྭ་འཛུགས་པ། འཕྲོད་བསྟེན་གྱི་སྐོར་ལ་ཞབས་འདེགས་ཞུ་བ་དེ་ཚོའི་གྲས་དེ་ཡི་ཤུའི་བླ་མ་དང་ཨ་ནེ་དེ་ཚོས་གང་འདྲ་ཡག་པོ་གནང་གི་འདུག ཨ་མ་ཊེ་རེ་ས་ (Mother Teresa) ལྟ་བུ་དཔེ་མཚོན་ཞིག་རེད། ཁོང་གིས་དེ་འདྲའི་སེམས་ཤུགས་གནང་གི་ཡོད་པ་དེ་ཡི་ཤུའི་ཆོས་ཐོག་ནས་ཡོང་གི་ཡོད་པ་རེད། དེ་བཞིན་ངོས་ཀྱིས་ངོ་ཤེས་པའི་ཁ་ཆེ་དེ་འདྲ་ཡོད་ལ་ཧིན་རྡུ་བའང་ཡོད་པ་རེད། ཚང་མས་བྱམས་བརྩེ་གསུང་ཡོང་གི་འདུག བྱམས་བརྩེ་ཡར་རྒྱས་གཏོང་སྟངས་སྐོར་ལ་ཆོས་ལུགས་མང་ཆེ་བས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད་པ་རེད། འཇིག་རྟེན་བཀོད་པ་པོ་ང་ཚོའི་ཕ་བཞིན་རེད། ཕ་དེའི་ངོ་བོ་བྱམས་བརྩེའི་བདག་ཉིད་ཅན་ཞིག་ཆགས་ཡོད་སྟབས། བྱམས་བརྩེ་བདག་ཉིད་ཅན་གྱི་ཕ་ལྟ་བུ་དེས་བཀོད་པའི་མི་རྣམས་ཚང་མ་དཀོན་མཆོག་གི་སྲས་ལྟ་བུ་རེད་འདུག དེ་བས་ཕ་བྱམས་བརྩེའི་བདག་ཉིད་ཡིན་སྟབས་དེའི་བུ་རྒྱུད་དེ་ཚོས་བྱམས་བརྩེ་ལ་བསླབ་དགོས་པ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་དེ་ཚོས་ཀྱང་སྨོན་ལམ་རྒྱག་པ་གཅིག་པོ་མིན་པར་ཆོས་ཕྱོགས་ཀྱི་བསླབ་བྱ་དེ་ཚོ་ལག་ལེན་ཏུ་བསྟར་ཐུབ་ཚེ་ཞེ་དྲག་ཕན་ཐོགས་ཡོད་སྡོད་པ་ཞིག་རེད་འདུག འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོའི་དཀོན་མཆོག་ཁྲོ་སྡོད་མཁན་ནི་གཅིག་ཀྱང་མི་འདུག ཅེས་དང་། འཛམ་གླིང་གི་མི་ཞིག་ཡིན་ཕྱིན་གཞན་ལ་འཚེ་བ་མི་བྱེད་པ་དང་བྱམས་བརྩེ་ལྡན་པ་དགོས་པ་དེ་ནི་བསམ་བློ་ཞིག་བཏང་ན་ཆོས་ཀྱི་སྐད་ཆ་དང་། དཀོན་མཆོག་གི་སྐད་ཆ་མིན་སྐོར་སོགས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་ཀླུ་མགོན་ཐར་གྱིས་སྤེལ།

བསྐྱར་བཅོས།: ༢༠༡༨/༡༢/༢༤

Leave a Reply