ཕྱི་ལོ་ ༢༠༡༨ ལོར་སྐུ་གྲོངས་བའི་བོད་བསྟན་སྲིད་ལ་མཛད་རྗེས་ཆེ་བའི་སྐྱེས་ཆེན་གནད་ཡོད་ཁག་ཅིག  

                                                                                   གཅིགརྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་ནན་ཌི་ཀི་ཤོར་ཊྲི་ཀཱ་(Dr.Nand Kishore Trikha)ལགས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་དགུང་གྲངས་ ༨༢ ཐོག་ལྡི་ལིའི་( AIIMS)སྨན་ཁང་དུ་སྐུ་གྲོངས་ཡོད་པ་རེད།  དམ་པ་ཁོང་ནི་རྩོམ་པ་པོ་ཞིག་དང་རྒྱ་གར་གྱི་གནད་ཡོད་ཚགས་པར་ཁང་ཁག་ཅིག་ནང་རྩོམ་སྒྲིག་པའི་ཕྱག་ལས་མྱོང་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་ཕྱི་ལོ་ ༡༩༦༢ ལོ་ནས་བཟུང་བོད་དོན་ལ་དོ་སྣང་གནང་སྟེ། ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༡༥ བར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གནང་ནས་བོད་དོན་ཐོག་ནུས་ཤུགས་ཆེན་པོ་བཏོན་གནང་ཡོད་འདུག

གཉིས།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་དགུང་གྲངས་ ༩༣ ཐོག་དྷ་རམ་ས་ལའི་ལྷ་རྒྱལ་རིའི་རང་ཤག་ཏུ་སྐུ་གྲོངས་ཡོད་པ་དང་། ཟླ་དེའི་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པར་སྐུ་ཕུང་གཙུག་ལག་ཁང་དུ་གདན་འདྲེན་གྱིས་མི་མང་གིས་མཇལ་དར་བསྒྲོན་རྗེས་དྷ་སྟེང་བོད་ཁྱིམ་ལམ་གྱི་ཕུང་སྲེག་ཁང་དུ་སྐུ་ཕུང་ཞུགས་འབུལ་གནང་། དམ་པ་ཁོང་ནི་ཕྱི་ལོ་ ༡༩༢༥ ལོར་ལྷོ་ཁ་འཕྱོངས་རྒྱས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་ ༡༨ ཐོག་བོད་གཞུང་ཁ་དང་གྲྭ་བཞི་གཡུལ་རྒྱལ་བསམ་འཕེལ་དམག་སྒར་དུ་ཞུགས་ནས་དམག་རྩལ་སྦྱངས་ཡོད་པ་དང་། ཕྱི་ལོ་ ༡༩༥༡ ལོར་གནས་དྲུག་པ་བརྒྱ་དཔོན་དུ་བསྐོ་བཞག་བྱུང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མི་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་སྐབས། དམ་པ་ཁོང་གིས་༧གོང་ས་མཆོག་གི་ཆིབས་རྟའི་ཁ་འཁྲིད་པ་སོགས་སྐུ་ཕྱྭའི་ཞབས་ཞུ་དང་སྐུ་སྲུང་སོགས་ཀྱི་སྲི་ཞུ་ཞུས་ཡོད་པ་དང་། བཙན་བྱོལ་ནང་བསླེབས་རྗེས་སྔ་ཕྱིར་སྐབས་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུས་གཙང་སྤྱི་འཐུས་དང་ཚོགས་གཞོན། ཤེས་རིག་བཀའ་བློན་གྱི་ལས་རོགས། བལ་ཡུལ་སྐུ་ཚབ་དོན་གཅོད་སོགས་བོད་གཞིས་བྱེས་གཉིས་སུ་ཁྱོན་མི་ལོ་ ༤༠ ལྷག་ཙམ་རིང་སྲི་ཞུ་བསྒྲུབས།

གསུམ།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་གཡུང་དྲུང་བོན་གྱི་མཁས་གྲུབ་ཆེན་མོ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་བོད་བླ་བྲང་དུ་དགོངས་པ་བོན་དབྱིངས་སུ་འཐིམས་ཡོད་པ་རེད། རིན་པོ་ཆེ་མཆོག་ཕྱི་ལོ་༡༩༣༥ ལོར་རེབ་གོང་ཡར་ནང་བོན་སྡེ་ཁ་གསུམ་གྱི་ནང་ཚན་མག་སར་ཞེས་པའི་གཡུང་དྲུང་བདུད་འདུལ་གླིང་གི་སྒྲུབ་སྡེའི་ཉེ་འཁོར་ཞིག་ཏུ། ཡབ་རྡོ་རྗེ་ཐར་དང་། ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༤༠ སྟེ་དགུང་ལོ་ལྔ་ཡི་སྟེང་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་དཔལ་བཟང་པོའི་ཡང་སྤྲུལ་དུ་ངོས་འཛིན་གནང་སྟེ།  སྐྱང་སྤྲུལ་རྒྱལ་བའི་དབང་པོ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་བོན་མདོ་སྔགས་སེམས་གསུམ་དང་བཅུ་ཕྲག་རིག་པའི་གནས་ཀུན་ལ་གསན་བསམ་རྒྱ་ཆེར་མཛད། རྒྱ་ནག་གཞུང་གིས་བོད་ས་ཧྲིལ་པོར་བཙོན་འཛུལ་བྱེད་སྐབས་རིན་པོ་ཆེ་མཆོག་ལོ་མང་བཙོན་དུ་བཞུགས་དགོས་བྱུང་། ཕྱིས་སུ་སྲིད་བྱུས་ཅུང་གུ་ཡངས་བྱུང་སྐབས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་ནས་མཚོ་སྔོན་ཕྱོགས་ཀྱི་བོན་སྡེ་ཁག་ལ་གཟིགས་སྐྱོང་གནང་དགོས་པའི་བཀའ་བསྩལ་བ་ལྟར། བོད་བྱང་རྒྱུད་དུ་བོན་གྱི་དགོན་སྡེ་སླར་གསོ་དང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་མཛད་པ་རྒྱ་ཆེན་པོ་བསྐྱངས་ཡོད་འདུག

བཞི།

བོད་དོན་རྒྱབ་སྐྱོར་བ་རྒྱ་གར་གྱི་སྲིད་བློན་ཟུར་པ་ཨ་ཊལ་བྷེ་ཧཱ་རི་ཝཱ་ཇི་པཱ་ཡེ་(Atal Bihari Vajpayee) མཆོག་ འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་གྱི་ཕྱི་དྲོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ་དགུང་གྲངས་ ༩༣ ཐོག་སྐུ་གྲོངས་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་གི་ནང་མི་འབྲེལ་ཡོད་བཅས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། ཁོང་དང་ངོ་ཤེས་སུ་གྱུར་བར་ངོས་རང་ཧ་ཅང་དགའ་པོ་བྱུང་ལ། ཁོང་གི་གྲོགས་པོར་གྱུར་བ་གཟི་བརྗིད་ཅིག་ཏུ་བརྩི་ཡི་ཡོད། ཅེས་དང་། དམ་པ་ཁོང་ནི་ཕན་སེམས་ལྡན་པའི་དོན་དངོས་ཀྱི་ཆབ་སྲིད་པ་ཞིག་ཡིན་ལ། ཁོང་དགོངས་པ་རྫོགས་པ་ནི་རྒྱལ་ཁབ་ཀྱི་དབུ་འཁྲིད་རླབས་ཆེན་ཞིག་མེད་པ་ཆགས་པ་རེད། ཅེས་གསུངས་འདུག དམ་པ་ཁོང་ནི་ཁོང་ཕྱི་ལོ་ ༡༩༢༤ ལོར་མཱ་དྷི་ཡ་མངའ་སྡེ་ (Madhya Pradesh) ནང་སྐྱེས་ཤིང་། ཁོང་གིས་ལྔ་བཅུ་ང་གྲངས་ནས་བཟུང་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད།

ལྔ།

བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེག་ཁེན་ (John McCain)ལགས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་དགུང་གྲངས་ ༨༢ ཙམ་གྱི་ཐོག་སྐུ་གྲོངས་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཇོན་མེག་ཁེན་མཆོག་གི་ལྕམ་སིན་ཌི་མེག་ཀེན་ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། སྐུ་ཉིད་མཆོག་དང་ནང་མི་ལྷན་རྒྱས་ད་ལྟ་མྱ་ངན་གྱིས་གདུང་བའི་དུས་འདིར་ངོས་ཀྱིས་སེམས་གསོ་ཞུ་ཡི་ཡོད། ཕྱི་ལོ་ ༢༠༠༨ ལོར་གྲོང་ཁྱེར་ཨེ་སི་པེན་(Aspen)ནང་ངོས་རང་དམ་པ་ཁོང་དང་མཇལ་རྒྱུ་བྱུང་བར་དགའ་ཚོར་སྐྱེས་པ་ཞིག་རེད། དམ་པ་ཁོང་གིས་ལོ་མང་རིང་ལྷག་བསམ་རྣམ་དག་གིས་ཨ་རིའི་མི་མང་ལ་སྲི་ཞུ་བསྒྲུབས་པ་དེར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད། དམ་པ་ཁོང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་དོན་དམ་གྱིས་དོ་ཁུར་བཞེས་ཡོད་པ་མ་ཟད། ལྷག་པར་དུ་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་བ་དེར་ངོས་ཀྱིས་བཀའ་དྲིན་ཆེ་ཞུ་ཡི་ཡོད། ཅེས་གསུངས་ཡོད་པ་རེད། ཇོན་མེག་ཁེན་དམ་པ་ཁོང་ནི་ཕྱི་ལོ་ ༡༩༣༦ ལོར་ཨ་རིའི་དཀྱིལ་དབུས་རྒྱལ་ཁབ་པཱ་ནཱ་མའི་ཁོ་ཁོ་སོ་ལོ་(Coco Solo)ཞེས་པའི་ས་ཆར་སྐྱེས་ཡོད་པ་དང་། ཁོང་གིས་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོར་དྲག་གནོན་ཤུགས་ཆེན་བྱུང་རྗེས། ཁོང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ་བོད་ནང་དྲག་གནོན་འཕྲལ་དུ་མཚམས་འཇོག་བྱས་ཏེ་ཞི་བདེའི་དེད་དཔོན་༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་དང་འབྲེལ་མོལ་སླར་གསོ་བྱས་ནས་བོད་ནང་གི་དཀའ་སྡུག་སེལ་ཐབས་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

དྲུག

 ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ཟུར་པ་ལོ་ཙཱ་བ་ཆེན་མོ་ཤཱསྟྲི་བློ་བཟང་ནོར་བུ་ལགས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་ཝཱ་ར་ཎ་སིར་དགུང་གྲངས་ ༦༥ ཐོག་སྐུ་གྲོངས་ཡོད་པ་རེད། ཁོང་ནི་ཕྱི་ལོ་ ༡༩༥༣ ལོར་འདམ་གཞུང་དུ་སྐུ་འཁྲུངས་ཤིང་། ཕྱིས་སུ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྒྲ་བསྒྱུར་སྡེ་ཚན་གྱི་ཐུགས་འགན་སྤྱི་དང་།  ལྷག་པར་དུ་བོད་ཡིག་ནས་ལེགས་སྦྱར་གྱི་སྐད་ཐོག་གཙོ་བོ་རྒྱ་གཞུང་དང་བོད་མཁས་པས་མཛད་པའི་གཞུང་ལེགས་སྦྱར་སྐད་ཐོབ་བསྒྱུར་རྒྱུའི་ཐུགས་འགན་ཆེན་པོ་བཞེས་ཡོད་འདུག ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐུའི་གསུང་བསྒྱུར་ཐེངས་ ༩ ཙམ་ཞུས་ཡོད་པ་དང་། བོད་ཧིན་དབྱིན་གསུམ་གྱི་ནང་གསུང་བཤད་དང་ཕྱག་དེབ་ ༡༥ ཡས་མས་བརྩམས་གནང་ཡོད་ལ། ཁོང་གིས་བྱང་ཆུབ་ལམ་སྒྲོན་དང་སྡེབ་སྦྱོར་རིན་ཆེན་འབྱུང་ནས་གཉིས་ཕབ་བསྒྱུར་གནང་བ་ལ་རྒྱ་གར་གྱི་ཨུ་ཌར་མངའ་སྡེའི་(Uttar Pradesh)ལེགས་སྦྱར་ཚན་པས་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་ཐོབ་ཡོད་འདུག

བདུན།

མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་ཡོ་རོབ་ཀྱི་ཨི་ཊ་ལིའི་ནང་ཡོད་པའི་ཁོང་གི་གདན་ས་མེ་རི་སྒར་དུ་དགུང་གྲངས་ ༨༠ ཐོག་སྐུ་གྲོངས་ཡོད་པ་དང་། ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་༡༩༣༨ ལོར་སྡེ་དགེ་ལྕང་རའི་ཉེ་འགྲམ་དགེ་འུག་ཏུ་སྐུ་འཁྲུངས་ཤིང་། དགུང་ལོ་ ༣ སྟེང་ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེས་ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་། དགུང་ལོ་ ༨ ཐོག་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་རྒྱལ་དབང་ཀརྨ་པ་ཟུང་ནས་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད་དེ། སྐུ་ན་ཆུང་དུས་ནས་སྡེ་དགེ་དགོན་ཆེན་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༦༤ ལོ་ནས་ཨི་ཊ་ལིའི་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་ནང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱིས་སུ་རྫོགས་པ་ཆེན་པོའི་རིག་གནས་མཐུན་ཚོགས་དང་། ཞང་ཞུང་ཞིབ་འཇུག་ཁང་། མེ་རི་སྒར་སོགས་བོད་ཀྱི་ཆོས་དང་རིག་གཞུང་གི་ལྟེ་གནས་མང་པོ་གསར་བཞེངས་གནང་སྟེ། སྐུ་ཚེའི་འཕེན་པ་མ་རྫོགས་བར་དུ་ཨི་ཊ་ལི་ཡི་གཙོས་ཡུ་རོབ་དང་ཨ་རི་སོགས་ཀྱི་ནང་འགྲོ་དོན་རྒྱ་ཆེར་མཛད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༡༠ ཉིན་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་(Commander Order of Merit of the Italian Republic)ཞེས་པ་ཕུལ།

བརྒྱད།

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ཨ་རིའི་ཁ་ལི་ཧྥོར་ནེ་ཡ་མངའ་སྡེའི་སན་ཧྥ་རན་སེ་སི་ཁོར་སྐུ་གྲོངས་ཡོད་པ་དང་། དམ་པ་ཁོང་གི་སྐུ་ཕུང་རྒྱ་གར་ལྡེ་ར་རྡུན་གྱི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དགོན་དུ་གདན་འདྲེན་ཞུས་ཏེ་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་ཞུགས་འབུལ་གནང་ཡོད་པ་རེད། བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༤༩ ལོར་དཀར་མཛེས་ཁུལ་ཉག་རོང་གི་ཡབ་རྒྱ་རི་ཉི་མ་ཚང་དུ་སྐུ་འཁྲུངས་ཞིང་། དགུང་ལོ་ཆུང་དུས་ནས་ཡུལ་དེའི་རྗེ་མཁན་པོ་ཨ་བརྟན་གྱི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་དགོན་པར་གསན་བསམ་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ། ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་གནང་མཁན་གྱི་གྲས་དང་ཚོགས་གཙོའི་ཐུགས་འགན་བཞེས་མྱོང་བ་མ་ཟད། ཕྱི་ལོ་ ༡༩༦༩ ལོ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཁོངས་སུ་ཞུགས་ཏེ་ཕྱི་འབྲེལ་བཀའ་བློན་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་སོགས་ཀྱི་ཐུགས་འགན་བཞེས་ཡོད་པ་རེད།

དགུ།

 དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་བལ་ཡུལ་ཡང་ལེ་ཤོད་དུ་དགུང་གྲངས་ ༦༤ ཐོག་གློ་བུར་དུ་སྐུ་གྲོངས་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་བལ་ཡུལ་ཡང་ལེ་ཤོད་ཀྱི་རི་རྩེའི་བདུད་འཇོམས་རྣམ་གྲོལ་ཆོས་གླིང་རི་ཁྲོད་དུ་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་རེད། ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༤ ལོར་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། ཡུམ་ཆོས་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་ལུང་མང་པོའི་ནང་ཕེབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་སྒོམ་སྒྲུབ་ཉམས་ལེན་མཛད། འདི་ལོའི་ཕྱི་ཟླ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པའི་ཐོག ༧སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་༸དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་མཚན་གནས་བཞེས་པ་སོགས་སྐུ་ཚེའི་འཕེན་པ་མ་རྫོགས་བར་དུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད།

བཅུ།

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་ལགས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་བཞུགས་སྒར་དྷ་རམ་ས་ལའི་བདེ་ལེགས་སྨན་ཁང་དུ་དགུང་གྲངས་ ༨༥ ཐོག་སྐུ་གྲོངས་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༣ ཉིན་དྷ་སྟེང་བོད་ཁྱིམ་ལམ་གྱི་ཕུང་སྲེག་ཁང་དུ་སྐུ་ཕུང་ཞུགས་འབུལ་གནང་། རྒན་དཔལ་ལྡན་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༣༣ ལོར་གཞིས་ཀ་རྩེའི་པ་སྣམ་ཡུལ་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༥༩ ལོར་བཙན་རྒོལ་རྒྱལ་སྐྱོབ་གྱི་སེར་དམག་ནང་མཉམ་ཞུགས་གནང་ཡོད་སྟབས། རྒྱ་ནག་གཞུང་གིས་ལོ་ངོ་ཧྲིལ་པོ་ ༣༣ རིང་བཙོན་དུ་བཅུག་སྟེ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས། ཕྱི་ལོ་ ༡༩༩༢ ལོར་བཙོན་གྲོལ་ཐོབ་རྗེས་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་ཏེ། གཞིས་ལུས་བོད་མིའི་མགྲིན་ཚབ་གནང་སྟེ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་གཞུང་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་མང་པོར་བོད་དོན་ཞུ་གཏུག་གནང་ཡོད་པ་དང་སྦྲགས། མཁས་དབང་ཚེ་རིང་ཤཀྱཱ་ལགས་དང་མཉམ་དུ་༼མེ་ལྕེ་འོག་གི་བོད༽ཅེས་པའི་ཕྱག་དེབ་ཅིག་བརྩམས་ཡོད་པ་དང་། དེ་བཞིན་སི་པན་རྒྱལ་སྤྱིའི་ཁྲིམས་ཁང་སོགས་ལ་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་ཁྲིམས་གཏུག་གནང་བ་སོགས་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཆེད་བཏང་གནང་ཡོད་པ་རེད།

བཅུ་གཅིག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་སྲིད་འཛིན་གྱི་མཇལ་འཕྲད་ཐོག་མ་གནང་མཁན་ཇོར་ཇི་ཧར་བྷར་ཊི་ཝོལ་ཁར་བྷུ་ཤི་(George Herbert Walker Bush)མཆོག འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཨ་རིའི་མངའ་སྡེ་ཊག་སེ་སི་(Texas)ཡི་གྲོང་ཁྱེར་ཧོ་སི་ཊོན་(Houston)དུ་དགུང་གྲངས་ ༩༤ ཐོག་སྐུ་གྲོངས་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྷུ་ཤི་ཞེ་གཅིག་པའི་བུ་ཇོར་ཇི་བྷུ་ཤི་མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། སྐུ་ཉིད་ཀྱི་ཡབ་འདས་གྲོངས་སུ་གྱུར་བར་ངོས་རང་བློ་ཕམ་ཧ་ཅང་བྱུང་། དཀའ་ངལ་ཧ་ཅང་ཆེ་བའི་དུས་སྐབས་འདིར་ངོས་ཀྱིས་སྐུ་ཉིད་དང་ནང་མི་ལྟོས་བཅས་ཡོངས་ལ་ཡིད་གདུང་དྲག་པོས་སེམས་གསོ་ཞུ་བཞིན་ཡོད། ངོས་ཀྱིས་དམ་པ་ཁོང་དང་མཇལ་བ་དེ་ནི་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་ཆེས་ཐོག་མ་ཆགས་ཡོད། སྐབས་དེར་དམ་པ་ཁོང་གིས་བོད་མི་དང་བོད་ནང་གི་གནས་སྟངས་ལ་དོན་དམ་གྱི་ཐུགས་ཁུར་ཆེ་བཞེས་གནང་བར་བརྟེན་ངོས་ལ་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་། ཞེས་སོགས་གསུངས། དམ་པ་ཁོང་ནི་ཕྱི་ལོ་ ༡༩༢༤ ལོར་ཨ་རིའི་མངའ་སྡེ་མཱ་ས་ཆའོ་སི་ཊིའི་(Massachusetts) མངའ་སྡེ་ནང་སྐྱེས་ཤིང་། ཁོང་ནི་ཨ་རིའི་ནང་ཆིག་སྒྲིལ་གྱི་གཞི་རྩ་བརྟན་པོ་བཞག་མྱོང་བའི་སྲིད་འཛིན་ཞིག་དང་། ཨ་རིའི་སྲིད་འཛིན་སྐབས་ ༤༣ པ་(George W Bush)ལགས་ཀྱི་ཡབ་ཀྱང་ཡིན་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༢/༣༡

Leave a Reply