ལོ་བཞི་སྟོང་གོང་གི་གནའ་ཤུལ་བྲག་ཕུག་ཅིག་སྔོག་འདོན་བྱས།

རྒྱ་ནག་གཞུང་གིས་བོད་མངའ་རིས་ཕྱོགས་ཀྱི་དགེ་རྒྱས་རྫོང་ཁུལ་ནས་ལོ་ངོ་ ༤༠༠༠ སྔོན་གྱི་རྡོ་ཆས་དང་མིས་བཟོས་རྫ་སྣོད། སེམས་ཅན་གྱི་རུས་པ་སོགས་རྙེད་ཡོད་སྐོར་བསྒྲགས་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་རྒྱ་ནག་གི་གཞུང་འབྲེལ་ཚགས་པར་གོ་ལའི་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ནས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་། རྒྱ་ནག་གི་གནའ་བོའི་སྒལ་རུས་སྲོག་ཆགས་དང་མིའི་རིགས་ཞིབ་འཇུག་ཁང་(Institute of Vertebrate Paleontology and Paleonthropology)གཉིས་ཀྱིས་བཙུགས་པའི་མཉམ་འབྲེལ་གནའ་རྫས་དཔྱད་ཞིབ་རུ་ཁག་ཅིག་གིས། བོད་མངའ་རིས་ཁུལ་གྱི་དགེ་རྒྱས་རྫོང་དུ་མེ་ལོང་མདའ་ཕུ་བྲག་ཕུག་ཞེས་པ་དེ་སྔོག་འདོན་བྱས་པ་བརྒྱུད། བྲག་ཕུག་དེའི་ནང་གནའ་ཤུལ་རྡོ་ཆས་རིགས་དང་། སྲོག་ཆགས་ཀྱི་རུས་པ། མི་བཟོས་རྫ་མ། ད་དུང་བྲག་ངོས་སུ་ས་ཚོན་གྱིས་ཉི་མ་དང་ལག་མཐིལ། མིའི་གཟུགས་དབྱིབས་བྲིས་པ་སོགས་ལོ་ངོ་ ༤༠༠༠ སྔོན་ནས་བཟུང་འགྲོ་བ་མིའི་རིགས་འཚོ་སྡོད་བྱས་ཡོད་པའི་གནའ་རྫས་གསར་རྙེད་བྱུང་ཡོད་པ་དང་། མེ་ལོང་མདའ་ཕུ་བྲག་ཕུག་དེ་ད་བར་བོད་ནང་དུ་རྙེད་པའི་གནའ་ཤུལ་བྲག་ཕུག་ཁྲོད་ཀྱི་ལོ་ངོ་ས་ཡ་ ༣.༣ ལྷག་གི་གོང་དུ་བྱུང་བའི་བྲག་ཕུག་ཐོག་མ་དེ་ཡིན་སྐོར་བསྒྲགས་འདུག

ཡང་གསར་ཁང་དེས་སྤེལ་བའི་གནས་ཚུལ་ལྟར་ན། མེ་ལོང་མདའ་ཕུ་བྲག་ཕུག་དེ་བྲག་ཕུག་ཆེ་ཆུང་གཉིས་ཀྱིས་གྲུབ་ཡོད་པ་དང་། བྲག་ཕུག་ཆེ་བ་དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ ༡༠༠༠ ལྷག་དང་། ཆུང་བ་དེར་སྨི་གྲུ་བཞི་མ་ ༢༥༠ ལྷག་ཡོད་འདུག བྲག་ཕུག་དེ་མཚོ་ངོས་ལས་མཐོ་ཚད་སྨི་ ༤༦༠༠ ལ་ཆགས་ཡོད་པ་དང་། དེའི་ནང་གནའ་བོའི་རིག་གནས་ཤུལ་བཞག་རྣམས་ཕུན་སུམ་ཚོགས་པར་ཉར་ཚགས་བྱས་ཡོད་ཚུལ་དང་། ཁུལ་དེའི་བོད་མི་འབྲོག་པ་རྣམས་ཀྱིས་མེ་ལོང་མདའ་ཕུ་བྲག་ཕུག་ནང་ལུག་ར་བསྐོར་མྱོང་བའི་རྐྱེན་གྱིས་བྲག་ཕུག་ནང་གི་རིག་དངོས་རེ་འགར་གནོད་འཚེ་ཐེབས་ཡོད་ཚུལ་ཡང་བཀོད་འདུགའདས་པའི་ལོ་ཤས་རིང་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་ཕྱོགས་གང་སར་གནའ་རྫས་རྟོག་ཞིབ་བྱེད་པར་ཤུགས་སྣོན་བྱས་ཏེ་གནའ་བོའི་བང་སོ་སོགས་གཅིག་རྗེས་གཉིས་མཐུད་དུ་སྔོག་འདོན་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས།

བོད་ཉིང་ཁྲི་ཀླུ་སྟེང་གྲོང་ཚོ་ནས་ལོ་ངོ་ཁྲི་ ༣ ནས་ ༤ བར་གྱི་ལོ་རྒྱུས་ལྡན་པའི་རྡོ་ཆས་རིགས་དང་སྲོག་ཆགས་ཀྱི་རུས་པ་སོགས་གསར་དུ་རྙེད་ཡོད་ཚུལ་དང་། ཡང་འདས་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༢ ཉིན་སྟོད་མངའ་རིས་རྩ་མདའ་རྫོང་གི་གླན་ཆེན་ཁ་འབབ་ཀྱི་ཆུ་སྟོད་དང་ཆུ་སྐེད་ཀྱི་ས་ཁོངས་ནས་གནའ་ཤུལ་བང་སོ་༡༠ ཙམ་རྙེད་སོན་བྱུང་བའི་ནང་ལོ་ངོ་ ༣༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་རིག་དངོས་རྙེད་བྱུང་བ་དང་། དེ་བཞིན་རྩ་མདའ་རྫོང་གི་ཕྱི་དབང་དུང་དཀར་དུར་སའི་གནའ་ཤུལ་སྔོག་འདོན་རྟོག་ཞིབ་སྐབས་ལོ་ ༢༠༠༠ ཡན་གྱི་རྫ་སྣོད་དང་ཤིང་སྒམ་ཞིག་གི་ནང་དུ་ཧན་ཅིན་དུས་སྐབས་ཀྱི་འབྲས་དང་ཇ་ལོ་རྙེད་སོན་བྱུང་ཡོད་ལུགས་བསྒྲགས་ཡོད།

དེ་བཞིན། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༠ པ་ནས་མགོ་འཛུགས་ཀྱིས་ཟླ་ ༢ ལྷག་གི་རིང་ལྷ་སའི་སྐྱིད་ཆུ་དང་། ཡར་ལྷ་ཤམ་ཆུ། ཉང་ཆུ་བཅས་དང་། དེ་བཞིན་ཡར་ཀླུང་གཙང་པོའི་རྒྱུད་དུ་གནའ་ཤུལ་འཚོལ་བཤེར་བྱས་པ་བརྒྱུད། མིའི་རིགས་འཚོ་གནས་བྱས་པའི་ཤུལ་རྫས་ཁྱོན་ ༤༠ ལྷག་རྙེད་སོན་བྱུང་སྐོར་དང་། དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་གྲོ་མོ་རྫོང་གི་ཆུ་འབི་གྲོང་ཚོ་ནས་གནའ་ཤུལ་རིག་དངོས་རྙེད་པའི་གནས་ཚུལ་བསྒྲགས་ཡོད་པ་རེད།

རྒྱ་སྤྱིའི་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཧོབ་རྒྱུགས་ལྟ་བུའི་སྒོ་ནས་འདས་པའི་ལོ་མང་ནས་བོད་ཀྱི་ས་མཚམས་ཁུལ་གཙོ་བོར་གྱུར་བའི་བོད་ཁུལ་ཡོངས་རྫོགས་ནང་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ཟེར་བའི་ལས་གཞི་མང་པོ་སྤེལ་བཞིན་ཡོད་པ་དེ་ཆབ་སྲིད་ཀྱི་ཁེ་དབང་སྲུང་ཆེད་ཡིན་སྐོར་དང་། དཔེར་ན་རྒྱ་གར་གྱི་ཉེ་ཁུལ་གྲོ་མོ་དང་མངའ་རི་སོགས་ནས་རྙེད་པའི་གནའ་རྫས་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པ་མ་ཟད། གནའ་རྫས་དེ་དག་གི་ཐོག་ནས་རྒྱ་ནག་གི་རྒྱལ་རབས་མང་པོར་འབྲེལ་འདྲིས་ཡོད་པ་བདེན་དཔང་བྱས་ཡོད་ལུགས་བརྗོད་ཀྱི་ཡོད་པ་དེ། མངའ་ཁོངས་བདག་དབང་རྒྱ་སྐྱེད་དང་ས་མཚམས་ཀྱི་བདག་དབང་རྩོད་ཐབས་མེད་པའི་ཉེན་བརྡ་གཏོང་གི་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༠༥

Leave a Reply