མི་ཡི་རྣམ་པར་རོལ་བ་ལྷ་ཡི་ཕོ་ཉ་ཀེམ་ཇོང་ཨན།

་་་་་་ན་ནིང་ད་ལོར་ཀེམ་ཇོང་ཨན་གྱིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོམ་པ་ཆེན་པོ་སྤོས་ཏེ་སྟོབས་ལྡན་རྒྱལ་ཁབ་ཀྱི་སྲིད་འཛིན་གཉིས་ལ་དཔུང་པ་མཉམ་དུ་གཤིབ་ཡོད་པ་དང་མཐར་མེས་པོ་གོང་མའི་རྨི་ལམ་བསྙེག་ངེས་རེད་ཟེར།

ཚེ་སྲོག་གིས་བསྐྲུན་པའི་ཀེམ་ཚང་གི་སྲིད་དབང་།

ཕྱི་ལོ་ ༡༩༡༠ ལོ་ནས་ལོ་ངོ་ ༣༥ ཙམ་རིང་ཉི་ཧོང་བཙན་རྒྱལ་དམག་གིས་ཀོ་རི་ཡ་བཙན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༢༠ ལོར་ཀེམ་ཚང་གི་ཀེམ་ཧེའུང་ཇིག་(Kim Hyong-jik)དང་ལྕམ་མོ་ཁང་པེན་སོག་(Kang Pan-sok)་གཉིས་ཀྱིས་བྱིས་པ་གསུམ་འཁྲིད་དེ། རྒྱ་ནག་བྱང་ཕྱོགས་མན་ཇུ་རི་ཡ་(Manchuria) ཞེས་པའི་ས་ཆར་བྲོས་བྱོལ་དུ་འགྲོ་དགོས་བྱུང་། ཀེམ་ཧེའུང་ཇིག་(Kim Hyong-jik) ནི་དགེ་རྒན་དང་སྲོལ་རྒྱུན་སྨན་པ་ཞིག་ཡིན་པ་དང་། ལྕམ་མོ་ཁང་པེན་སོག་(Kang Pan-sok)ནི་ཀོ་རི་ཡའི་རང་བཙན་འཐབ་རྩོད་པ་དང་། དམར་ཤོག་ཚོགས་པའི་ཆབ་སྲིད་པ་ཞིག་ཡིན་འདུག ཁོང་གཉིས་ཀྱི་བུ་ཆེ་བ་ཀེམ་ཨེལ་སང་(Kim il-sung) ཆུང་དུས་ནས་རྒྱ་ནག་གི་གཞི་རིམ་སློབ་གྲྭར་ཕྱིན་ཏེ་ཝཱ་སུང་དམག་དོན་སློབ་གྲྭ་(Whasung Military Academy)དང་།  ཡས་ཝིན་འབྲིང་རིམ་(Yuwen Middle School) སོགས་ཀྱི་ནང་སློབ་སྦྱོང་བྱས། སྐབས་དེར་ཁོ་དམར་ཤོག་རིང་ལུགས་ཀྱི་ལྟ་གྲུབ་ལ་དབྱིངས་ཞུགས་པ་མ་ཟད། ས་གནས་ཀྱི་མར་ཁེ་སི་རིང་ལུགས་པའི་ཤོག་ཁག་ཆུང་ཆུང་ཞིག་ནང་འཛུལ་ཞུགས་ཀྱིས་ལས་འགུལ་འདྲ་མིན་སྤེལ་བའི་རྐྱེན་གྱིས་བཙོན་ཁང་དུའང་འགྲོ་དགོས་བྱུང་། ཕྱི་ལོ་ ༡༩༣༡ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་སུ་ཞུགས་ཏེ་རྒྱ་ནག་བྱང་ཕྱོགས་ཁུལ་དུ་ཡོད་པའི་ཉི་ཧོང་གི་བཙན་འཛུལ་ལ་དྲག་རྒོལ་བྱེད་མཁན་གྱི་འཇབ་རྒོལ་དམག་སྡེའི་ཞུགས། རིམ་གྱིས་ཉི་ཧོང་འགོག་རྒོལ་ཆིག་སྒྲིལ་དམག་དཔུང་ (Northeast Anti-Japanese United Army)གི་དམག་དཔོན་དུ་བསྐོས་ནས་ཉི་ཧོང་དམག་གི་བཙན་འཛུལ་ལ་འཐབ་རྒོལ་ཐེངས་མང་བྱས་རྐྱེན།   ཀེམ་ཨེལ་སང་ཉི་ཧོང་བཙན་རྒྱལ་བའི་དགྲ་གཏེ་བོ་ཞིག་ཏུ་གྱུར་ནས་དྲག་པོའི་དམར་འཛིང་ཐེངས་མང་བྱས་མཐར། ཕྱི་ལོ་ ༡༩༤༠ ལོར་ཀེམ་གྱིས་ཁོ་རང་གི་དམག་མི་ལྷག་འཕྲོ་རྣམས་འཁྲིད་དེ་ཨུ་རུ་སུའི་ནང་བྲོས་བྱོལ་དུ་འགྲོ་དགོས་བྱུང་།དེ་ནས་ཨུ་རུ་སུས་རྩ་འཛུགས་བྱས་པའི་ཀོ་རི་ཡའི་དམར་ཤོག་འཇབ་རྒོལ་དམག་མིའི་(Korean Communist Guerrillas)ཁོངས་སུ་ཞུགས་ཏེ་རིམ་པས་ཨུ་རུ་སུའི་དམར་དམག་གི་དམག་དཔོན་དུ་གྱུར་བ་དང་། འཛམ་གླིང་དམག་ཆེན་གཉིས་པའི་བར་དམག་དཔོན་གྱི་གོ་གནས་ཐོག་ནས་ཀོ་རི་ཡ་བྱང་ཁུལ་གྱི་ཉི་ཧོང་གི་བཙན་འཛུལ་ལ་འགོག་རྒོལ་ཤུགས་ཆེན་བྱས་རྗེས། ཕྱི་ལོ་ ༡༩༤༥ ལོར་ཕྱི་ནང་གི་རྐྱེན་དུ་མས་ཉི་ཧོང་ལ་ཕམ་ཉེས་ཆེན་པོ་བྱུང་སྟེ་ཀོ་རི་ཡ་བཙན་བཟུང་འོག་ནས་ཐར། ཡིན་ནའང་། ཀོ་རི་ཡའི་བྱང་ཕྱོགས་ཨུ་རུ་སུ་དང་ལྷོ་ཕྱོགས་ཨ་རིས་དཔུང་ཤུགས་དང་རྒྱབ་སྐྱོར་འོག་ཚུད་ཡོད་སྟབས། ཀེམ་ཨིལ་སང་གིས་ཨུ་རུ་སུ་དམར་ཤོག་ཚོགས་པར་རྒྱབ་རྟེན་བཅོལ་ཏེ། ཀོ་རི་ཡའི་བྱང་ཕྱོགས་སུ་ཀོ་རི་ཡིའི་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་(Democratic People’s Republic of Korea) ཞེས་པའི་དམར་ཤོག་གི་གཞུང་གསར་འཛུགས་བྱས།

ཕྱི་ལོ་ ༡༩༥༠ ལོར་ཀེམ་ཨིལ་སང་གིས་ཨུ་རུ་སུ་དང་རྒྱ་ནག་དམར་གཞུང་གི་དམག་མི་དང་གོ་མཚོན་གྱི་མཐུན་སྦྱོར་འོག ཀོ་རི་ཡ་ལྷོ་བྱང་གཉིས་དབང་འོག་ཏུ་བཅུག་ཆེད་ཀོ་རི་ཡའི་ལྷོ་ཕྱོགས་སུ་དམག་འཁྲུག་བསླངས་ཡོད་པ་དང་། ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྷོ་ཀོ་རི་ཡར་དམག་མི་དང་གོ་མཚོན་གྱི་རོགས་རམ་ཤུགས་ཆེན་བྱས་ཏེ་ལྷོ་བྱང་ཀོ་རི་ཡའི་འཁྲུག་ཆེན་(Korean war)བྱུང་།  རྒྱབ་རྩ་མཐུག་པའི་དམག་འཁྲུག་དེ་བསྟུད་མར་ལོ་ ༣ བརྒྱབས་རྗེས་ཀེམ་ཨིལ་སང་གི་ཀོ་རི་ཡ་གཅིག་སྡུད་ཀྱི་རེ་དམིགས་ཕམ་ཉེས་བྱུང་བ་མ་ཟད།

བྷི་རི་ཊེ་ནི་ཁ་རིག་མཛོད་(Encyclopedia Britannica) ནང་བཀོད་པ་ལྟར་ན། ལོ་ ༣ རིང་གི་དམག་འཁྲུག་ཁྲོད་བྱང་ཀོ་རི་ཡའི་དམག་མི་ ༤༠༦,༠༠༠ དང་མི་སེར་ ༦༠༠,༠༠༠ ལྷག་ཤི་བའམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ལྷོ་ཀོ་རི་ཡའི་དམག་མི་ ༢༡༧,༠༠༠ དང་མི་སེར་ ༡,༠༠༠,༠༠༠ ལྷག་གར་སོང་ཆ་མེད་དམ་ཡང་ན་རྐྱེན་འདས་སུ་སོང་བ་སོགས་ཉུང་མཐར་མི་གྲངས་ས་ཡ་ ༢།༥ ལྷག་རྐྱེན་འདས་སམ་གར་སོང་ཆ་མེད་དུ་ཕྱིན་ཡོད་སྐོར་བརྗོད། གང་ལྟར་ལོ་ངོ་གསུམ་གྱི་དམར་འཛིང་དེ་མཚམས་བཞག་རྗེས། ཀེམ་ཨེལ་སང་གིས་བྱང་ཀོ་རི་ཡའི་སྲིད་དབང་མུ་མཐུད་བཟུང་བ་དང་། ལྷོ་ཀོ་རི་ཡ་མི་མང་གིས་འོས་འདེམས་བྱས་པའི་དམངས་གཙོའི་གཞུང་གིས་བཟུང་ཡོད་པ་རེད།

ཀེམ་ཚང་གི་དཔའ་རྒོད་ཀེམ་ཨིལ་སང་གིས་བྱང་ཀོ་རི་ཡ་དབང་དུ་བཅུག་རྗེས་རང་ཉིད་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་དང་། ཁོའི་བུ་ཀེམ་ཇོང་ཨེལ་(Kim jong-il)དང་ཚ་བོ་ཚོས་རྒྱལ་ཡོངས་ནང་ཀེམ་ཨིལ་སང་གི་འདྲ་སྐུ་ ༥༠༠ ལྷག་བཟོ་སྐྲུན་བྱས་ཏེ། བྱང་ཀོ་རི་ཡའི་རྟག་བརྟན་དབུ་འཁྲིད་ཡོངས་བསྒྲགས་བྱས། ཕྱི་ལོ་ ༡༩༨༠ ལོར་ཀེམ་ཨིལ་སང་གིས་བུ་ཀེམ་ཇོང་ཨིལ་ལ་སྲིད་དབང་རྩིས་སྤྲད་དེ་ཕྱི་ལོ་ ༡༩༩༤ ལོར་འདས་གྲོངས་སུ་གྱུར་ཡོད་འདུག  བུ་ཀེམ་ཇོང་ཨིལ་ནི་ཕ་བཞིན་དྲག་པོའི་སྲིད་བྱུས་འཛིན་མཁན་ཞིག་ཡིན་སྟབས། ཡུལ་དེའི་མང་ཚོགས་ཀྱི་བསམ་བློར་དབང་བསྒྱུར་ཤུགས་ཆེན་ཐེབས་ཏེ་ཀེམ་དཔོན་རྒྱུད་ནི་ཡུལ་དེའི་རི་བོ་མཐོ་ཤོས་པེག་ཏུ་རི་བོའི་ཁྲག་རྒྱུན་(Mount Paektu Bloodline) ལས་མཆེད་ཅིང་། ཀེམ་ནི་མི་ཡི་རྣམ་པར་རོལ་བའི་ལྷ་ཡི་ཕོ་ཉ་ཞིག་ཏུ་ངོས་འཛིན་བྱེད་མཁན་ད་ལྟའང་ཡོད་སྟབས། ཀེམ་ཚང་ལ་སྐྱོན་བརྗོད་བྱེད་པ་ནི་བསོད་ནམས་ཟད་ཁ་ལྷ་ལ་ཡིད་ཆད་པ་ཞིག་ཏུ་ངོས་འཛིན་དང་། ཡུལ་དེའི་ནག་ཉེས་ཆེ་ཤོས་ཤིག་ཀྱང་དེ་ཆགས་ཡོད་འདུག

 ཀེམ་ཚང་གི་སྲས་ཆུང་རླུང་ཚ་བོ།
ད་ལྟའི་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་འཁྲིད་ཀེམ་ཇོང་ཨན་(Kim Jong-un)ཆུང་དུས་ཀྱི་ལོ་རྒྱུས་རྣམས་ཧ་ཅང་གསང་རྒྱ་དམ་པོ་བྱས་ཡོད་པས་ད་ལྟའང་གསལ་ཁ་མེད་པ་རེད། བྱང་ཀོ་རི་ཡ་གཞུང་ནས་ཀེམ་ཇོང་ཨན་ཕྱི་ལོ་ ༡༩༨༢ ཟླ་དང་པོའི་ཚེས་ ༨ ཉིན་སྐྱེས་ཡོད་ལུགས་བརྗོད་ཡོད་ཀྱང་། ལྷོ་ཀོ་རི་ཡ་གཞུང་ནས་ཀེམ་གྱི་སྐྱེས་ལོ་ངོ་མ་དེ་ ༡༩༨༣ ཡིན་སྐོར་དང་། ཀེམ་ཇོང་ཨན་ཞུགས་མྱོང་བར་བརྗོད་པའི་སུད་སིའི་སྒེར་གཉེར་སློབ་གྲྭ་ཞིག་གི་ཡིག་ཚགས་ནང་དུ་ཕྱི་ལོ་ ༡༩༨༤ ལོར་སྐྱེས་པ་བཀོད་ཡོད་འདུག ཡིན་ནའང་། ཕྱི་ལོ་ ༡༩༨༢ ལོར་ཁོ་རང་གི་ཕ་རྒན་ཀེམ་ཇོང་ཨེལ་སྐྱེས་ནས་ལོ་ ༤༠ དང་སྤོ་པོ་ཀེམ་ཨིལ་སང་སྐྱེས་ནས་ལོ་ ༧༠ ལོན་པར་རྗེས་དྲན་གྱི་མཚོན་བྱེད་རང་བཞིན་ཞིག་ཏུ་བཟོས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཀེམ་ཇོང་ཨན་གྱི་ཕ་ཀེམ་ཇོང་ཨེལ་ལ་ཡོངས་གྲགས་ཐོག་བཟའ་ཟླ་བཞི་ཡོད་པ་དང་། ཁྱོན་བུ་ཕྲུག་བུ་ ༣ དང་བུ་མོ་གཉིས་ཡོད་པའི་ནང་ནས་ཀེམ་ཇོང་ཨན་བཟའ་ཟླ་གསུམ་པ་ཀོ་ཡོང་ཧུའེ་(Ko Yong-hui) ལ་སྐྱེས་ཡོད་པར་བརྗོད་ཀྱི་འདུག

རྒྱལ་སྤྱིའི་བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཀེམ་ཇོང་ཨན་ཆུང་དུས་ཆོལ་པག་(Chol-pak)གམ་ཡང་ན་པག་ཆོལ་Pak-cholཞེས་པའི་མིང་རྫུན་མ་ཞིག་བེད་སྤྱོད་བཏང་སྟེ།  སུད་སིའི་སྒེར་གཉེར་སློབ་གྲྭ་གྷམ་ལི་ཇིན་(Gümligen)ཞེས་པའི་ནང་ཕྱི་རྒྱལ་གྱི་སྐད་ཡིག་སློབ་སྦྱོང་བྱས་ཡོད་པ་དང་།  སྐབས་དེའི་ཁོའི་སློབ་གྲོགས་སོགས་ཀྱིས་བརྗོད་ན། ཆོལ་པག་ནི་བྱིས་པ་ངོ་ཚ་སྨིན་པོ་དང་སློབ་གྲོགས་བར་འབྲེལ་ལམ་ཡག་པོ། རྒྱུན་དུ་སློབ་གྲོགས་རྒན་པ་ཚོར་གྲོགས་བསྒྲིགས་ནས་རང་ཉིད་ལ་རྒྱབ་རྟེན་འཚོལ་རྒྱུར་དགའ་བ་མ་ཟད། ཁོ་རང་རྩེད་མོ་རིགས་རྩེ་བར་དགའ་བོ་གཏན་ནས་མེད་ཀྱང་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགས་དང་ལག་རྩེད་སྤོ་ལོའི་རྩེད་མོ་བ་གྲགས་ཅན་མེག་ཀོ་ཇོར་ཌན་(Michael Jordan)ལ་ཧ་ཅང་དགའ་བ་མ་ཟད། དེ་སྔོན་ཁོ་རང་གིས་ལག་རྩེད་སྤོ་ལོ་བ་གྲགས་ཅན་བྷི་བྷར་ཡན་ཊི་(Kobe Bryant)་དང་། ཊོ་ནི་ཁུ་ཁོག་(Toni Kukoč)གཉིས་མཉམ་དུ་འདྲ་པར་བརྒྱབས་ཡོད་པ་དེ་འདྲའང་སློབ་གྲོགས་ཚོར་བསྟན་ཡོད་པ་མ་ཟད། ཁོ་རང་བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨེལ་གྱི་བུ་ཡིན་སྐོར་ཡང་བརྗོད་ཡོད་འདུག ཡིན་ནའང་། སྐབས་དེར་སྒེར་གཉེར་སློབ་གྲྭ་དེས་ཆོལ་པག་གི་སྐྱེས་ཁུངས་རྩད་གཅོད་སོགས་གང་ཡང་བྱས་མེད་འདུག  ཕྱི་ལོ་ ༢༠༡༢ ལོར་ཀེམ་ཇོང་ཨན་སྲིད་སྟེགས་སུ་བསླེབས་ཏེ་འཛམ་གླིང་རྒྱལ་ཁབ་མང་པོས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་རྗེས། གཞི་ནས་ཀེམ་ཇོང་ཨན་གྱིས་སུད་སིའི་ནང་སློབ་སྦྱོང་བྱས་མྱོང་སྐོར་གྱི་འདྲ་པར་སོགས་གསར་འགྱུར་བརྒྱུད་ལམ་དུ་ཐོན་ཡོད་པ་དང་། སྒེར་གཉེར་སློབ་གྲྭ་དེས་ཀེམ་ཇོང་ཨན་གྱི་སྐྱེས་གཟུགས་དང་ཧ་ཅང་འདྲ་བོ་ཡོད་པའི་བྱིས་པ་དེ་ཀེམ་ཇོང་ཨན་གྱི་ཕ་སྤུན་ཕུ་བོ་ཀེམ་ཇོང་ཆོལ་(Kim Jong-chul)ཡིན་སྲིད་པའི་ཚོད་དཔག་བྱས།ཀེམ་ཇོང་ཨན་ལ་རྒྱུས་མངའ་ཡོད་པའི་ཁོ་རང་གི་ཨ་ནེ་ཀོ་ཡོང་སུག་(Ko Yong-suk)གིས།  ཕྱི་ལོ་ ༡༩༩༢ ལོར་ཀེམ་ཇོང་ཨན་གྱི་སྐྱེས་སྐར་ཐེངས་བརྒྱད་པའི་ཐོག གཞུང་འབྲེལ་མི་སྣ་དང་ཆེས་མཐོའི་དམག་དཔོན་ཚོས་ཁོ་ལ་གུས་ཕྱག་འཚལ་བ་མ་ཟད། སྐྱེས་སྐར་གྱི་ལག་རྟགས་འབོར་ཆེན་སྤྲད་པའི་ནང་ཁོ་ལ་འཚམ་པའི་ཀོ་རི་ཡའི་དམག་དཔོན་གྱི་དམག་ཆས་ཤིག་ཀྱང་འདུག ཅེས་ཕྱིར་དྲན་བྱས་ནས་བརྗོད་པ་དང་འབྲེལ། ཁོའི་མཐའ་འཁོར་གྱི་མི་ཚོས་ཁོ་ལ་དོ་འཁུར་བྱེད་སྟངས་དེས་ཁོ་མི་དཀྱུས་མ་ཞིག་ཏུ་འཚར་ལོངས་བྱུང་རྒྱུ་དཀའ་མོ་རེད། ཅེས་བརྗོད་ཡོད་པ་རེད།  སྐྱེས་སྐར་དེའི་ལོ་ཤས་རྗེས་ལྕམ་ཀོ་ཡོང་སུག་ཀེམ་ཇོང་ཨན་ལ་ཞབས་ཞུའི་ཆེད་སུད་སིར་བརྫངས་ཡོད་པ་དང་། མོས་ཀེམ་ཇོང་ཨན་ཆུང་དུས་འཚུབ་ཐོ་ཞིག་མིན་ཡང་། བཟོད་སྒོམ་མེད་པའི་ཕྲུ་གུ་རླུང་ཚ་བོ་ཞིག་ཡིན་པས། མཚམས་རེར་ཨ་མས་ཁོ་ལ་སློབ་སྦྱོང་མ་བྱས་པར་རོལ་རྩེད་བྱེད་རྒྱུ་མང་དྲགས་སོང་ཞེས་བཀའ་བཀྱོན་བཏང་ཚེ། ཁོས་ཚིག་ལན་སློག་རྒྱུའི་ཚབ་ལ་ཟས་བཅད་བྱས་ཏེ་ཨ་མར་རྒོལ་ལན་སློག་པ་རེད། ཅེས་བརྗོད་འདུག

སྲིད་ཀྱི་འཐབ་རའི་ནང་གི་ཕུ་ནུ་གསུམ།སྤྱིར་བཏང་ཀེམ་ཇོང་ཨན་ལ་ཀེམ་ཇོང་ནམ་(Kim Jong-nam) དང་། ཀེམ་ཇོང་ཆོལ་(Kim Jong-chul) ཞེས་པའི་ཕུ་བོ་གཉིས་ཡོད་འདུག ཕྱི་ལོ་ ༢༠༠༩ ལོར་ཀེམ་ཇོང་ཨན་གྱི་ཕ་གཅིག་ཕུ་བོ་ཀེམ་ཇོང་ནམ་ཐོངས་མཆན་རྫུན་མ་ཞིག་ཐོག་ནས་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ་ཕྱིན་ཏེ་ཉི་ཧོང་གནམ་ཐང་དུ་འབྱོར་སྐབས། ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ་ཕྱིར་སློག་བཏང་ཡོད་པ་དང་། གནས་ཚུལ་དེ་རྒྱལ་སྤྱིའི་གསར་ཁང་ཁག་ནས་ཡོངས་བསྒྲགས་བྱས་པར་བརྟེན། ཁོས་བྱང་ཀོ་རི་ཡ་རྒྱལ་ཁབ་དང་གཙོ་འཛིན་ཀེམ་ཇོང་ཨིལ་ལ་མཚན་ཤས་ཆེན་པོ་བཟོས་པར་བརྗོད་དེ་དབང་ཆ་ཡོད་ཚད་འཕྲོག་ནས་རྒྱ་ནག་ཏུ་རྒྱང་འཕུད་བཏང་བར་གྲགས། འོན་ཀྱང་གནད་དོན་དབྱེ་ཞིབ་པ་མང་པོས་ཀེམ་ཇོང་ནམ་རྒྱང་འཕུད་གཏོང་དོན་གནམ་ཐང་གི་གནད་དོན་དེ་མིན་པར། ཁོས་རྒྱུན་དུ་བྱང་ཀོ་རི་ཡའི་ཆབ་སྲིད་ལམ་ལུགས་དང་ཀེམ་དཔོན་རྒྱུད་ཀྱི་དབང་ཆའི་སྐོར་ནས་སྐྱོན་བརྗོད་དང་དོགས་འདྲི་མང་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་པར་བཤད། དེ་ནས་ཀེམ་ཇོང་ཨན་གྱི་ཕ་མ་གཅིག་པའི་ཕུ་བོ་ཀེམ་ཇོང་ཆོལ་ལ་ཆབ་སྲིད་འཐབ་རྩོད་ཁྲོད། ཐོབ་ཤོར་གྱི་སྐད་ཆ་གང་ཡང་མེད་པར་ཡུལ་དེའི་རྒྱལ་ས་ཕོང་ཡོང་དུ་གླུ་གཞས་རོལ་ཚོགས་ཤིག་བཙུགས་ནས་མི་སེར་དཀྱུས་མའི་འཚོ་བར་རོལ་བཞིན་ཡོད་འདུག

དེ་སྔོན་ཀེམ་དཔོན་རྒྱུད་ཀྱི་འཁོར་གཡོག་ནང་ཚུད་པའི་ཉི་ཧོང་ནས་ཡིན་པའི་མ་བྱན་ཁེན་ཇི་ཕུ་ཇི་མོ་ཊོ་(Kenji Fujimoto) ཡིས་ཀེམ་ཚང་གི་སྐོར་ལ་ལོ་རྒྱུས་དཔེ་དེབ་ཅིག་བརྩམས་ཡོད་པའི་ནང་། ངས་ཀེམ་ཚང་གི་དཔོན་སྲས་གཉིས་དང་ཐོག་མར་ཐུག་འཕྲད་བྱེད་སྐབས། གཉིས་ཀས་དམག་ཆས་གྱོན་ཏེ་ལས་བྱེད་རྣམས་ལ་ལག་འཇུ་བྱས་སོང་། ཡིན་ན་ཡང་ང་ལ་ལག་འཇུ་བྱེད་སྐབས། སྲས་ཆུང་ཀེམ་ཇོང་ཨན་གྱིས་སྡང་མིག་གིས་བལྟས་ཏེ། ང་ཚོ་ཁྱོད་ལྟ་བུའི་ཉི་ཧོང་བ་རྣམས་ལ་དགའ་པོ་མེད་ཟེར་བ་ལྟ་བུའི་ཚོར་བ་བྱིན་བྱུང་བས། ཁོའི་མིག་ལོག་དེ་ནམ་ཡང་བརྗེད་ཀྱི་མི་འདུག ཁོ་དེ་དུས་ལོ་ན་ ༧ རེད་འདུག ཅེས་བརྗོད་ཡོད་པ་དང་། ཡང་ཁོང་གི་དཔེ་དེབ་གཞན་ཞིག་གི་ནང་། དེ་དུས་མི་མང་པོས་སྲས་རྒན་པ་ཀེམ་ཇོང་ཆོལ་བྱང་ཀོ་རི་ཡའི་གཙོ་འཛིན་རྗེས་མ་དེ་ཆགས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། ངས་དེ་ལྟར་བསམ་མ་སོང་། དུས་རྒྱུན་དབུ་འཁྲིད་ཀེམ་ཇོང་ཨིལ་གྱིས། ཀེམ་ཇོང་ཆོལ་ཡག་པོ་མི་འདུག ཁོའི་གཤིས་སྤྱོད་བུད་མེད་ནང་བཞིན་འདུག ཅེས་བརྗོད་ཀྱི་ཡོད། དབུ་འཁྲིད་ཀྱིས་ཆེས་མཉེས་པོ་གནང་ས་དེ་ཀེམ་ཇོང་ཨན་རེད། ཀེམ་ཇོང་ཨན་ཁོའི་ཨ་ཕ་དང་འདྲ་བོ་ཡོད་ལ། ཁོ་རང་མ་གཞི་ནས་རང་གི་ཨ་ཕ་ལྟར་གསོ་སྐྱོང་བྱས་ཡོད། ཡིན་ན་ཡང་། ཁོ་སྐྱེས་པའི་གནས་ཚུལ་དེ་མི་མང་ལ་གསང་རྒྱ་བྱས་ཡོད། ཅེས་བཀོད་ཡོད་པ་ལྟར། ཀེམ་ཇོང་ཨིལ་གྱི་དཔོན་ཤུལ་འཛིན་མཁན་ཀེམ་ཇོང་ཨན་ཡིན་པ་ཁོ་རང་ཆུང་དུས་ནས་གཏན་འཁེལ་ཚར་བ་ལྟར་སྣང་།

ཀེམ་ཚང་གི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག ཕྱི་ལོ་ ༢༠༡༡ ལོ་ཟླ་ ༡༢ པའི་ཚེས་ ༡༩ ཉིན། བྱང་ཀོ་རི་ཡའི་གཞུང་འབྲེལ་དྲིལ་བསྒྲགས་ལྷན་ཁང་གིས། ཉིན་གཉིས་ཀྱི་སྔོན་དུ་བྱང་ཀོ་རི་ཡའི་“བརྩེ་བའི་དབུ་འཁྲིད” དེ། བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་འཁྲིད་ཀེམ་ཇོང་ཨིལ་(Kim Jong-il)སྐུ་གྲོངས་སོང་བའི་གནས་ཚུལ་ཡོངས་བསྒྲགས་བྱས་ཏེ། ཡུལ་ལུང་དེའི་ནང་ཉི་མ་གཏན་དུ་ནུབ་པ་ལྟ་བུའི་སྡུག་བསྔལ་གྱི་རྣམ་པས་ཡོངས་སུ་ཁེངས། གནས་ཚུལ་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གོ་ཐོས་བྱུང་མ་ཐག་བྱང་ཀོ་རི་ཡའི་དམར་ཤོག་དཔོན་རྒྱུད་རིང་ལུགས་ཀྱི་བཙན་རྫོང་སྔ་ཕྱི་མ་གཏོགས་འགྱེལ་རྒྱུ་ཡིན་པའི་ཚོད་དཔག་བྱས། དེ་ནས་བདུན་ཕྲག་གཅིག་ཙམ་གྱི་རྗེས་ཁ་བ་ལྷབ་ལྷབ་བབ་བཞིན་པའི་ཉིན་མོ་ཞིག་ལ་རྒྱལ་ས་ཕོང་ཡོང་གི་ཐང་ཆེན་དུ་འདས་མཆོད་ཀྱི་མཛད་སྒོ་ཟབ་རྒྱས་ཤིག་བསྡུས་ཡོད་པ་དང་། དབུ་འཁྲིད་འདས་པོའི་དུར་སྒམ་གྱི་གཡས་ཕྱོགས་སུ་བྱང་ཀོ་རི་ཡའི་མི་མང་དང་འབྲེལ་འདྲིས་དེ་ཙམ་མེད་ཅིང་། གཞུང་འབྲེལ་མི་སྣའི་ཁྲོད་ནས་ལོ་ན་གཞོན་ཤོས་ཀེམ་གྱི་བུ་ཆུང་ཤོས་ཡིན་པའི་ཀེམ་ཇོང་ཨན་(Kim Jong-un) གྱིས་མིག་ཆུ་འདོན་ཞོར་ཕ་དམ་པར་ཆེས་མཐའ་མཇུག་གི་སྐྱེལ་མ་བྱས། མཛད་སྒོ་དེའི་ཐོག་བྱང་ཀོ་རི་ཡ་རྒྱལ་ཡོངས་ཀྱི་ཕྱོགས་མཐའ་གང་ས་ནས་མི་སེར་ཁྲི་ཕྲག་མང་པོ་ལྷན་དུ་འཛོམས་ཡོད་པ་དང་། ཕལ་ཆེ་བས་དགུན་ཁའི་གྲང་ངར་གྱི་ཁྲོད་ནས་ “པ་ལགས། པ་ལགས།” ཞེས་སྨྲེ་ངག་འདོན་བཞིན་སོ་སོའི་བྲང་ཁར་ཁུ་ཚུར་གྱིས་བརྡུངས།ལོ་རྒྱུས་ཀྱི་དཀྱོག་མཚམས་དེ་ནས་རང་ལོ་  ༢༩ ཙམ་ལས་སོན་མེད་ཅིང་སྲིད་དབང་སྐྱོང་བའི་ཉམས་མྱོང་ཞན་པའི་ཀེམ་ཇོང་ཨན་གྱིས་ཕ་ཤུལ་བུ་ཡིས་འཛིན་པའི་ལོ་རྒྱུས་གསར་པ་ཞིག་གི་དེབ་རྒན་ཁ་ཕྱེས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡའི་སྲིད་དབང་དེ་གཞོན་ནུ་ཀླད་མེད་ཅིག་གི་རྩེད་ཆས་སུ་གྱུར་སོང་བའི་གླེང་གཞི་ཤུགས་ཆེན་བྱུང་བ་མ་ཟད། བྱང་ཀོ་རི་ཡའི་གཞུང་འཛིན་མི་སྣའི་དཀྱིལ་འཁོར་ནང་དུའང་ཕྱིར་མི་མངོན་པའི་འཐབ་རྩོད་ཀྱི་མེ་ལྕེ་ཆེན་པོ་འཕྱུར་བར་བརྗོད།  ཀེམ་ཇོང་ཨན་གྱིས་ཆེས་མཐོའི་དབུ་འཁྲིད་ཀྱི་སྲིད་དབང་བཟུང་སྟེ་ལོ་གཅིག་ཙམ་འགོར་བའི་ནང་། ཁོ་རང་གི་ཨ་ནེ་ངོ་མ་ཀེམ་ཀྱོང་ཧུའེ་(Kim Kyong-hui)ཡི་ཁྱོ་ག་རྒྱལ་སྲུང་བློན་ཆེན་གཞོན་པ་ཇང་སོང་ཐེག་(Chang Song Thaek) གིས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ནག་ཉེས་འོག་སྲོག་ཁྲིམས་བཅད་ཡོད་པ་དང་། དེ་བཞིན་བྱང་ཀོ་རི་ཡའི་ཕྱི་འབྲེལ་བློན་ཆེན་རི་ཡོང་ཧོ་(Ri Yong-ho)དང་། བདེ་སྲུང་བློན་ཆེན་ཀེམ་ཡོང་ཁྲུན་(Kim Yong-chun) གཉིས་སྔ་གཞུག་ཏུ་གནས་དབྱུང་བཏང་སྟེ་གར་སོང་ཆ་མེད་དུ་གྱུར།  ལྷོ་ཀོ་རི་ཡའི་རྒྱལ་སྲུང་ཐབས་བྱུས་ལྷན་ཁང་གིས་བརྗོད་ན། ཀེམ་ཇོང་ཨན་གྱིས་ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ བར་བྱང་ཀོ་རི་ཡའི་ཆེས་མཐོའི་དམག་དཔོན་དང་གཞུང་གི་ལས་བྱེད་ ༡༤༠ ལྷག་ལ་སྲོག་ཁྲིམས་བཅད་ཡོད་པ་དང་། མི་སྣ་ ༢༠༠ ཙམ་གནས་དབྱུང་དང་བཙོན་འཇུག་བྱས་ཡོད་འདུག

ཀེམ་ཇོང་ཨན་གྱི་སྲིད་དབང་རྩོད་ལེན་གྱི་གླེང་གཞི་ཆེ་ཤོས་ཤིག་ནི་ཁོ་རང་གི་ཕ་གཅིག་ཕུ་བོ་ཀེམ་ཇོང་ནམ་ལྐོག་གསོད་ཀྱི་གནད་དོན་དེ་ཡིན་པ་རེད།  ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༢ ཚེས་ ༡༣ ཉིན་ཕུ་བོ་ཀེམ་ཇོང་ནམ་མཱ་ལི་ཞེ་ཡའི་ཇེ་ལོང་བྷོ་རྒྱལ་སྤྱིའི་གནམ་ཐང་གི་འགྲུལ་བ་ཞིབ་བཤེར་ས་ཚིགས་སུ་བང་བསྒྲིགས་ནས་སྡོད་སྐབས། གློ་བུར་དུ་བུད་མེད་ཅིག་གིས་དུག་རྫས་དབྱུག་པའི་རས་དཀར་ཞིག་ཁོའི་གདོང་དུ་བཀབས་ཏེ་བྲོས་ཕྱིན་ཡོད་པ་དང་། དེ་ནས་སྐར་མ་ ༡༥ ཙམ་ཡང་མ་འགོར་བར་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ཕྱིས་སུ་གདོང་རས་འགེབ་མཁན་ཝི་ཏི་ནམ་གྱི་བུད་མེད་ཌོན་ཐེ་ཧྥོན་དང་། ཧིན་རྡུ་ནེ་ཤི་ཡའི་བུད་མེད་སི་ཊི་ཨ་སི་ཡ་གཉིས་འཛིན་བཟུང་བྱས་ཡོད་པ་དང་། བུད་མེད་དེ་གཉིས་ཀྱི་ཁྲིམས་རྩོད་པས་བྱང་ཀོ་རི་ཡའི་གསང་བའི་མི་སྣས་དགོད་བྲོའི་གློག་བརྙན་འཁྲབ་ཁུལ་བྱས་ཏེ། ཀེམ་ཇོང་ནམ་ལྐོག་གསོད་བྱེད་དུ་བཅུག་ཡོད་པས་བུད་མེད་གཉིས་ལ་ཉེས་པ་མེད་སྐོར་བརྗོད་ཡོད་པ་དང་། ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་གིས་ཀེམ་ཇོང་ནམ་ལྐོག་གསོད་ཀྱི་གནད་དོན་དེའི་རྒྱབ་ལ་ཀེམ་ཇོང་ཨན་ཡོད་པར་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།མདོར་ན་ཀེམ་ཇོང་ཨན་གྱིས་སྲིད་དབང་བཟུང་བའི་ལོ་དང་པོ་ནས་བཟུང་རང་གི་ཁ་གཏད་པ་ཚོ་ཚར་གཅོད་བཏང་བ་མ་ཟད། མ་འོངས་པར་ཉེན་ཁ་བཟོ་སྲིད་པའི་མི་སྣ་དག་ཀྱང་རིམ་གྱིས་གཙང་བཟོ་བྱས་ཏེ། ཡིད་ཆེས་བློ་འགེལ་ཐུབ་པ་རྣམས་གནད་འགག་གི་གོ་གནས་ཁག་ཏུ་བསྐོ་བཞག་བྱེད་ཀྱི་ཡོད་འདུག དེའི་ཁྲོད་དུ་དཔེ་མཚོན་གསལ་ཤོས་ཤིག་ནི་ཁོའི་ཕ་མ་གཅིག་གི་ནུ་མོ་ཀེམ་ཡོ་ཇོང་(Kim Yo-jong) ཆགས་ཡོད་པ་དང་། མོ་ད་ལྟ་བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཁ་གསབ་འཐུས་མི་དང་། དྲིལ་བསྒྲགས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ཡིན་འདུག་ལ། བྱང་ཀོ་རི་ཡ་ངལ་རྩོལ་ཚོགས་པའི་ཚོགས་མིའི་ཁྲོད་ལོ་ན་གཞོན་ཤོས་དེའང་ཆགས་ཡོད་འདུག

བྱང་ཀོ་རི་ཡའི་སྐུ་ལྕམ་དང་པོ།རྒྱལ་སྤྱིའི་ཐོག་ནས་ཀེམ་ཇོང་ཨན་ནར་མ་སོན་པའི་བྱིས་པ་ཞིག་ཡིན་པའི་གླེང་གཞི་ཤུགས་ཆེན་སྤེལ་བའི་དུས་དེ། ཕྱི་ལོ་ ༢༠༡༢  ཟླ་ ༧ ཚེས་ ༢༥ ཉིན་བྱང་ཀོ་རི་ཡའི་གཞུང་ཕྱོགས་གསར་ལམ་ནས་ཀེམ་ཇོང་ཨན་དང་རི་སོལ་ཇུ་(Ri Sol Ju) གཉིས་སྔ་མོ་ནས་གཉེན་སྒྲིག་བྱས་ཟིན་ཡོད་སྐོར་ཡོངས་བསྒྲགས་བྱས་ཡོད་པ་རེད། དེ་ནི་འདས་པའི་ལོ་ ༤༠ རིང་བྱང་ཀོ་རི་ཡ་གཞུང་ཕྱོགས་ནས་ཡོངས་གྲགས་ཐོག་དབུ་འཁྲིད་ཀྱི་བཟའ་ཟླར་ ༼བཀུར་འོས་སྐུ་ལྕམ་དང་པོ༽(Respected First Lady) ཞེས་པའི་མིང་ཐོབ་ཐེངས་དང་པོར་བསྒྲགས་པ་ཞིག་ཆགས་ཡོད་པ་མ་ཟད། དེ་ནས་བཟུང་སྔར་སྲོལ་ལས་བརྒལ་ཏེ་བྱང་ཀོ་རི་ཡ་རྒྱལ་ཡོངས་ཀྱི་དུས་ཆེན་ཁག་དང་། ཀེམ་ཇོང་ཨན་གྱིས་རྒྱལ་ཁབ་གཞན་གྱི་མགོ་འཁྲིད་རྣམས་ལ་ཐུག་འཕྲད་བྱེད་སྐབས་ཀྱང་སྐུ་ལྕམ་དང་པོ་རི་སོལ་ཇུ་མཉམ་དུ་འཁྲིད་ཡོད་པ་རེད། རི་སོལ་ཇུ་ཡི་མིང་ཐོབ་ཡོངས་བསྒྲགས་བྱས་པ་དེ་བལྟས་དབང་གི་འགྱུར་ལྡོག་ཅིག་མ་ཡིན་པར་ཀེམ་ཇོང་ཨན་ནི་ཕྱི་སྨིན་ནང་སྨིན་གྱི་སྟག་ཤ་ར་ཞིག་ཡིན་པའི་རྟགས་མཚན་མངོན་ཐབས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁ་འགོག་ཐབས་ཤིག་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།

ཀེམ་ཚང་གིས་སྐུ་ལྕམ་དང་པོ་རི་སོལ་ཇུ་སྲོལ་རྒྱུན་གྱི་གླུ་གཞས་གཏོང་མཁན་གྲགས་ཅན་ཞིག་ཡིན་པ་སོགས་མོའི་ཁྱིམ་ཚང་གི་ལོ་རྒྱུས་རྒྱབ་ལྗོངས་མང་པོ་ཞིག་གསལ་ཆ་མེད་པ་བཟོས་ཡོད་ཀྱང་། རྒྱལ་ཕྱིའི་གནས་ཚུལ་ལྟར་ན། ལྕམ་རི་སོལ་ཇུ་ད་ལྟ་རང་ལོ་ ༢༩ ནས་ ༣༣ བར་ཞིག་ཡིན་ཞིང་། མོའི་པ་ལགས་དགེ་རྒན་དང་ཨ་མ་སྨན་པ་ཞིག་ཡིན་པ་མ་ཟད། མོ་ནི་བྱང་ཀོ་རི་ཡའི་དྲག་དམག་གི་དམག་སྤྱི་དང་ཀེམ་ཇོང་ཨན་གྱི་སེམས་ཐག་ཉེ་བའི་སློབ་སྟོན་པ་རི་ཕེང་ཆོལ་(Ri Pyong-chol)གྱི་གཉེན་ཉེ་ཞིག་ཡིན་པ་དང་།  ད་ལྟ་ཀེམ་ཇོང་ཨན་བཟའ་ཟླ་གཉིས་ལ་ཕྲུ་གུ་ ༣ ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། བྱང་ཀོ་རི་ཡའི་མི་ཞིག་གིས་ཕྱི་ལོ་ ༢༠༠༨ ལོར་ཀེམ་ཇོང་ཨེལ་ནད་ཀྱིས་མནར་སྐབས་ཀེམ་ཇོང་ཨན་དང་གཞས་མ་རི་སོལ་ཇུ་གཉིས་ལ་གཉེན་རྟགས་བརྒྱབས་ཏེ། ཕྱི་ལོ་ ༢༠༠༩ ལོར་གཉེན་སྒྲིག་བྱས་ཡོད་སྐོར་བརྗོད།

དབུ་འཁྲིད་ཀེམ་ཇོང་ཨན་གྱི་མདུན་སྐྱོད།

ཕྱི་ལོ་ ༡༩༩༨ ལོར་སྲས་ཆུང་ཀེམ་ཇོང་ཨན་སུད་སི་ནས་བྱང་ཀོ་རི་ཡར་གུང་གསེང་དུ་བསླེབས་སྐབས། ལམ་བར་དུ་ཀེམ་ཁྱིམ་ཚང་གི་མ་བྱན་ཉི་ཧོང་བ་ཁེན་ཇི་ཕུ་ཇི་མོ་ཊོ་(Kenji Fujimoto) ལ། ང་ཚོའི་རྒྱལ་ཁབ་འདི་ཨེ་ཤ་ཡའི་རྒྱལ་ཁབ་གཞན་དང་བསྡུར་ན་བཟོ་བསྐྲུན་ལས་རིགས་ཀྱི་རྗེས་ལུས་རེད་འདུག ང་ཚོར་ད་དུང་གློག་འདང་ངེས་ཤིག་ཀྱང་མེད། ཅེས་དང་། ངས་རྒྱ་ནག་དེ་ཕྱོགས་མང་པོའི་ཐད་ལ་ལེགས་གྲུབ་ཆེན་པོ་བྱུང་ཡོད་པ་ཐོས་མྱོང་། ང་ཚོར་མི་འབོར་ས་ཡ་ ༢༣ ལས་མེད་པ་དང་། རྒྱ་ནག་ལ་མི་འབོར་དུང་ཕྱུར་གཅིག་ལྷག་ཡོད་པ་རེད། ཁོ་ཚོས་མི་འབོར་དེ་འདྲ་མང་པོ་ལ་གློག་དང་བཟའ་བཅའ་ཇི་ལྟར་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་དམ། ང་ཚོས་ཁོ་ཚོར་དཔེ་བལྟ་དགོས་ཀྱི་འདུག ཅེས་བརྗོད་ཡོད་པ་རེད།

ཀེམ་ཇོང་ཨན་གྱིས་དེ་ལྟ་བུའི་བསམ་ཚུལ་འདོན་པ་ནི་དོན་དངོས་ཐོག་བྱང་ཀོ་རི་ཡའི་གཞི་རྩའི་ལྟ་གྲུབ་དང་འགལ་གྱི་ཡོད་འདུག ཡུལ་དེའི་སྲིད་གཞུང་གིས་ཐོག་མའི་དུས་ནས་རང་ཁ་རང་གསོའི་ལྟ་གྲུབ་གལ་གནད་དུ་བཟུང་སྟེ་ཕྱིའི་འཛམ་གླིང་དང་ཐ་དད་དུ་གནས་ཐུབ་པར་མཐའ་གཅིག་ཏུ་འབད་བརྩོན་བྱས་ཡོད་པ་མ་ཟད། ཕ་ཀེམ་ཇོང་ཨེལ་དང་བུ་ཀེམ་ཇོང་ཨན་གཉིས་ཀྱིས་སྔ་གཞུག་ཏུ་ཡུལ་དེའི་དབང་ཤུགས་སྲུང་སྐྱོབ་དང་རྒྱ་སྐྱེད་གཏོང་ཆེད་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་འཛམ་གླིང་གི་ཡང་རྩེར་སོན་པར་འབད་པ་ཆེན་པོ་བྱས་པའི་རྐྱེན་གྱིས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་དཔལ་འབྱོར་གྱི་ཉེས་ཆད་དང་ཁ་རྡུང་སྐྱོན་བརྗོད་རྒྱུན་མ་ཆད་པར་ཕོག  ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཏུ་བྱང་ཀོ་རི་ཡས་ཨ་རིར་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་ཞིག་ལེགས་འགྲུབ་བྱུང་ཡོད་པའི་གནས་ཚུལ་བསྒྲགས་ཏེ། ཨ་རི་དང་ཉི་ཧོང་གཙོ་བོར་གྱུར་བའི་འཛམ་གླིང་གི་རྒྱལ་ཁབ་མང་པོར་འཇིགས་སྣང་ཆེན་པོ་བསླངས་བར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་ཛ་དྲག་ངང་ནང་མོལ་བྱེད་དགོས་པའི་གནས་སྟངས་ཆགས་པ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཚོད་དཔག་ལས་རིང་དུ་བརྒལ།བསམ་ཡུལ་ལས་འདས་པ་ཞིག་ལ་ན་ནིང་ད་ལོར་ཀེམ་ཇོང་ཨན་ནི་ཁ་ནུབ་ལ་ཕྱོགས་ན་ནུབ་ཀྱི་རྒྱ་མཚོའི་ནང་མཆོང་འགྲོ་མཁན་གྱི་གླེན་སྟུག་ཨུ་ཚུགས་ཅན་ཞིག་མ་ཡིན་པར་དུས་ཀྱི་དགོས་མཁོར་བལྟས་ནས་གོམ་ཆེན་སྤོ་ཐུབ་མཁན་ཞིག་ཡིན་པའི་ངོས་འཛིན་ཐོབ། འདས་ལོའི་ཕྱི་ཟླ་ ༢ ནང་བསྡུས་པའི་ལྷོ་ཀོ་རི་ཡའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་བྱང་ཀོ་རི་ཡའི་ལུས་རྩལ་རུ་ཁག་མཉམ་ཞུགས་བྱས་ཏེ། མཛད་སྒོའི་ཐོག་ཡུལ་གཉིས་ཀྱི་རུ་ཁག་གིས་མཉམ་དུ་རུ་བསྒྲིགས་ནས་ལོ་རྒྱུས་རང་བཞིན་གྱི་འཆམ་མཐུན་གྱི་རྣམ་པ་གསར་པ་ཞིག་མཚོན་པར་བྱས་པ་མ་ཟད། ལྷོ་བྱང་གཉིས་ཀྱི་མགོ་འཁྲིད་གཉིས་དངོས་སུ་ཐུག་འཕྲད་ཀྱིས་ཞི་བདེའི་གྲོས་མོལ་ཁང་དུ་གྲོས་མོལ་བྱས་ཏེ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མཚམས་འཇོག་ཡོང་ཐབས་དང་། མཐའ་མཚམས་སྒོ་འབྱེད་བྱས་ནས་ཁ་བྲལ་ནང་མི་ཐུག་འཕྲད་སོགས་ཀྱི་གནད་དོན་ཆེ་ཁག་ཐོག་གྲོས་མོལ་བྱས་པ་མ་ཟད། འདས་པའི་ལོ་གཅིག་ཙམ་ནང་རྒྱ་ནག་ནང་ཐེངས་བཞི་ཙམ་ཕྱིན་ཏེ་སྲིད་འཛིན་ཞི་ཅིན་ཕིན་ལ་ཐུག་འཕྲད་བྱས་ཡོད་པ་མ་ཟད། ལྷག་པར་དུ་ལོ་རྒྱུས་གསར་པའི་ཟིན་ཐོར་བརྩི་བཞིན་པའི་ཨ་རིའི་སྲིད་འཛིན་ལས་ཐོག་ཊོམ་ཕུ་ལགས་དང་དངོས་སུ་ཐུག་འཕྲད་བྱས་ཏེ། འཛམ་གླིང་གི་ཆེས་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་གི་སྲིད་འཛིན་ལ་དཔུང་པ་མཉམ་གཤིབ་ཀྱི་གྲོས་མགོ་བཏོན་པའི་མཉམ་སྣང་ཞིག་འཛམ་གླིང་གང་སར་ཁྱབ་པར་བྱས་ཡོད་ལ། མི་འགྱངས་བར་ཊོམ་ཕུ་ལགས་དང་ཐུག་འཕྲད་ཐེངས་གཉིས་པ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

འདས་པའི་དུས་ཡུན་ཐུང་ཐུང་ཞིག་གི་ནང་ཀེམ་ཇོང་ཨན་གྱིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོམ་པ་ཆེན་པོ་སྤོས་པ་དེའི་རྒྱུ་རྐྱེན་དང་ཕུགས་ཀྱི་དམིགས་འབེན་སོགས་གང་ཡིན་ད་ལྟ་ཚོད་དཔག་གི་གནས་སུ་ལྷག་འདུག་ཀྱང་། སྲིད་དོན་པ་མང་པོས་ཀེམ་ཇོང་ཨན་གྱིས་མེས་པོ་ཀེམ་ཨིལ་སང་གི་ལྷོ་བྱང་ཀོ་རི་ཡ་གཅིག་སྒྲིལ་གྱི་རྨི་ལམ་དེ་ནམ་ཡང་འདོར་གྱི་མེད་སྟབས། སྔ་ཕྱི་མ་གཏོགས་ལྷོ་བྱང་ཀོ་རི་ཡ་གཅིག་ཏུ་བསྒྲིལ་བའི་ཇུས་ཆེན་ལག་བསྟར་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་པ་སངས་ཚེ་རིང་གིས་ཆེད་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༩/༠༡/༢༡

Leave a Reply