འཛམ་གླིང་རྒྱལ་ཁབ་ ༡༩ ཡི་ཆེད་མཁས་པ་དང་གཞུང་འབྲེལ་སྐུ་ཚབ་ཟུར་པ་གྲགས་ཅན་ ༡༤༣ མཉམ་འབྲེལ་ཐོག་སྲིད་འཛིན་ཞི་ཅིན་ཕིན་ལ་ཡི་གེ་ཞིག་བསྐུར་ཏེ་ཁ་ན་ཌའི་སྐུ་ཚབ་ཟུར་པ་དང་ཚོང་པ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུགརྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་རྒྱལ་ཁབ་ ༡༩ ཡི་སྙན་གྲགས་ཡོད་པའི་ཆེད་མཁས་པ་དང་གཞུང་འབྲེལ་སྐུ་ཚབ་ཟུར་པ་ ༡༤༣ མཉམ་འབྲེལ་ཐོག་སྲིད་འཛིན་ཞི་ཅིན་ཕིང་ལ་ཞུ་ཡིག་ཅིག་བསྐུར་ཏེ། རྒྱ་ནག་གཞུང་གིས་ཉེ་སྔོན་ཁ་ན་ཌས་ཧྭ་ཝེའི་ནོར་དོན་སྤྱི་གཉེར་བ་མིན་ཝན་ཀྲུའུ་(Meng Wanzhou) བཀག་ཉར་བྱས་པར་ཡ་ལན་སྤྲད་པ་ལྟར། ཁ་ན་ཌའི་ཕྱི་འབྲེལ་སྐུ་ཚབ་ཟུར་པ་མེ་ཁལ་ཀོབ་རིག་(Michael Kovrig)དང་། ཚོང་བ་མེ་ཁལ་སི་པེ་ཝར་(Michael Spavor) གཉིས་འཛིན་བཟུང་བཀག་ཉར་བྱས་ཏེ་ཟླ་གཅིག་དང་ཕྱེད་ལྷག་འགྲོ་བཞིན་ཡོད་སྟབས། རྒྱ་ནག་དང་ཁ་ན་ཌའི་འབྲེལ་བ་དང་། རྒྱལ་སྤྱིའི་སྟེང་ལ་རྒྱ་ནག་གི་ཆེ་མཐོང་མ་བརླག་པའི་ཆེད་དུ་ཁོང་གཉིས་མྱུར་དུ་ཀློད་གྲོལ་གཏོང་དགོས་པའི་ཡོངས་གྲགས་ཞུ་ཡིག་ཅིག་བསྐུར་ཡོད་པ་དང་། ཨ་རི་གཞུང་གིས་ཁ་ན་ཌ་གཞུང་ལ་གཞུང་འབྲེལ་གྱི་ཐོག་ནས་ཧྭ་ཝེ་ཡི་ནོར་དོན་སྤྱི་གཉེར་བ་མིང་ཝན་ཀྲུའུ་རྩིས་སྤྲོད་དགོས་པའི་རེ་འདུན་འདོན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཆེད་མཁས་པ་དང་སྐུ་ཚབ་ཟུར་པ་རྣམས་ཀྱི་ས་ཡིག་འཁོད་པའི་ཡོངས་གྲགས་ཞུ་ཡིག་དེའི་ནང་། རྒྱ་ནག་སྐོར་ལ་དོ་སྣང་དང་ཤེས་འདོད་ཡོད་མཁན། དེ་བཞིན་རྒྱ་ནག་དང་འབྲེལ་ལམ་འཛུགས་འདོད་ཡོད་མཁན་གྱི་ཆེད་མཁས་པ་དང་སྐུ་ཚབ་ཟུར་པ་རྣམས་ནས་ཉེ་ཆར་རྒྱ་ནག་གིས་ཁ་ན་ཌའི་མི་སེར་དག་འཛིན་བཟུང་བྱས་པ་དེར་བློ་འཚབ་ཆེན་པོ་ཡོད་སྐོར་དང་། རྒྱ་ནག་གིས་མེ་ཁལ་ཀོབ་རིག་དང་མེ་ཁལ་སི་པེ་ཝར་གཉིས་འཛིན་བཟུང་བྱས་པ་དེས། ཁོང་གཉིས་ལྟ་བུའི་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་རྒྱ་ནག་དང་འབྲེལ་ལམ་བཟང་པོ་འཛུགས་འདོད་ཡོད་པའི་མི་རྣམས་ལ་ད་ལྟ་རྒྱ་ནག་ནང་འགྲོ་སྐྱོད་དང་། རྒྱ་མིར་མཉམ་ལས་བྱེད་རྒྱུར་ཐེ་ཚོམ་དང་གཟབ་གཟབ་བྱེད་དགོས་པའི་གནས་སྟངས་ལ་གྱར་ཡོད་སྐོར་དང་། ད་དུང་། རྒྱ་ནག་གི་བྱེད་སྟངས་འདིས་ཕན་ཚུན་བར་གྲོས་མོལ་ཡོང་འགྱུར་འགོག་རྐྱེན་བཟོས་ཏེ་ཕྱོགས་གཉིས་ཀར་ཡིད་ཆེས་མེད་པ་མ་ཟད། གནད་དོན་ཞི་འགྲིག་ཡོང་རྒྱུ་དང་། གཉིས་ཕན་གྱི་གཞི་རྩ་རྣམས་ངོས་འཛིན་བྱེད་རྒྱུར་དཀའ་ངལ་འཕྲད་སྲིད་པ་དང་། གནད་དོན་དེའི་རྐྱེན་གྱིས་རྒྱ་ནག་དང་འཛམ་གླིང་ཀུན་ལ་གྲུབ་འབྲས་ངན་པ་ཞིག་ཡོང་སྲིད་པ་རེད། ཅེས་བཀོད་ཡོད་འདུག
ཡང་ཞུ་ཡིག་དེའི་ནང་། ཁ་ན་ཌའི་གཞུང་འབྲེལ་སྐུ་ཚབ་ཟུར་པ་དང་། རྒྱལ་སྤྱིའི་དཀའ་ཉེན་ཚོགས་པའི་(The International Crisis Group)ལས་ཐོག་བྱང་ཤར་ཨེ་ཤ་ཡའི་སློབ་སྟོན་པ་རྒན་པ་མེ་ཁལ་ཀོབ་རིག་ལགས་ཀྱིས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཁག་ལ་རྒྱ་ནག་གི་ལྟ་བ་ལངས་ཕྱོགས་གང་ཡིན་མིན་སོགས་ཀྱི་ཐད་ལ་ཤེས་རྟོགས་ཇེ་ལེགས་ཡོང་ཆེད། དུས་རྒྱུན་དུ་གུ་ཡངས་ཀྱི་ཐོག་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་ཞིབ་འཇུག་པ། དེ་བཞིན་ཆེད་མཁས་པ་དག་ལ་ཐུག་འཕྲད་བྱེད་ཀྱི་ཡོད་སྐོར་དང་། ཡང་ཚོང་པ་མེ་ཁལ་སི་པེ་ཝར་ལྟ་བུར་མཚོན་ན། ཁོང་གིས་རང་གི་དུས་ཚོད་མང་ཆེ་བ་བྱང་ཀོ་རི་ཡ་དང་། རྒྱ་ནག ཁ་ན་ཌ། ཨ་རི། དེ་བཞིན་རྒྱལ་ཁབ་གཞན་གྱི་བར་འབྲེལ་ལམ་བཟང་པོ་ཡོང་རྒྱུར་འབད་བརྩོན་བྱས་ཡོད་པ་དང་། རྒྱ་ནག་གིས་ཁོང་གཉིས་འཛིན་བཟུང་བཀག་ཉར་བྱས་པ་དེས་རྒྱ་ནག་ནང་འདི་ལྟ་བུའི་བྱ་བ་སྒྲུབ་པར་དགའ་བསུ་མེད་པ་མ་ཟད། ཉེན་ཁ་ཡོད་པའི་བརྡ་བཏང་ཡོད་སྐོར་བཀོད་འདུག
རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། ཐེངས་འདིའི་ཡོངས་གྲགས་ཞུ་ཡིག་ཐོག་མཚན་རྟགས་འགོད་མཁན་གྱི་ཁོངས་སུ། རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་ཨ་རིའི་ཇོན་ཧོབ་སི་ཀན་རྒྱལ་སྤྱིའི་ཚད་མཐོའི་རིག་གནས་སློབ་གླིང་གི་རྒྱའི་རིག་གནས་ཚན་པའི་འགན་འཛིན་ཆེད་མཁས་པ་ཌེ་ཝིཌ་ལེམ་ཊོན་(David Lampton) དང་། འཐབ་ཇུས་དང་རྒྱལ་སྤྱིའི་རིག་གནས་ལྟེ་གནས་ཁང་(CSIS)གི་སློབ་སྟོན་པ་རྒན་པ་བྷོ་ཎི་ཨེ་སི་གྷེ་ལཱ་སར་(Bonnie S. Glaser ) དང་། དེ་བཞིན་ནེའུ་ཡོག་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཇེ་རོ་མི་ཁོ་ཧན་(Jerome Cohen) དང་། ཨེ་ཤ་ཡ་སྤྱི་ཚོགས་(Asia Society) ཀྱི་ཨོར་ཝིལ་ཤེལ་(Orville Schell) བཅས་ཡོད་འདུག་པ་དང་། ད་དུང་ཨུ་རུ་སུའི་ཆེད་མཁས་པ་ཨེན་ཌེ་རི་ལན་ཀོབ་(Andrei Lankov)དང་ཉི་ཧོང་ཊོག་ཡོ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཊོ་མོ་ཀ་ཨ་ཀོ་(Tomoka Ako) སོགས་ནུབ་ཕྱོགས་གཙོས་པའི་ཨེ་ཤ་ཡ་སོགས་ཀྱི་རྒྱལ་ཁབ་གཞན་གྱི་ཆེད་མཁས་པ་དང་འཐབ་རྩོད་པ་མི་ཉུང་བ་ཞིག་གིས་ཐེངས་འདིའི་ཞུ་ཡིག་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་ཡོད་འདུག
ཐེངས་འདིའི་ཞུ་ཡིག་སྐོར་ནས་འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་རྟེན་གཞི་བྱས་པའི་གོ་ལའི་མི་མང་སྲིད་བྱུས་ལྟེ་གནས་ཁང་(Global Public Policy Institute) གི་འགན་འཛིན་ཐོར་སི་ཊན་བྷེ་ནར་ལགས་ཀྱིས། ཞུ་ཡིག་དེའི་ནང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་པ་དེར་བལྟས་ན། རྒྱ་ནག་གིས་ཀོབ་རིག་དང་སི་པེ་ཝར་གཉིས་འཛིན་བཟུང་བྱས་པ་དེས་ཡུ་རོབ་གཙོས་པའི་འཛམ་གླིང་གི་རྒྱ་ནག་དང་འབྲེལ་བའི་གཞུང་འབྲེལ་སྐུ་ཚབ་དང་ཆེད་མཁས་པའི་སྡེ་ནང་བློ་འཚབ་ཆེན་པོ་སྐྱེ་རུ་བཅུག་ཡོད་པ་སྟོན་གྱི་འདུག ཅེས་དང་། མི་རེ་འགས་རྒྱ་ནག་དང་ཁོང་ཚོའི་རྒྱལ་ཁབ་བར་རྩོད་རྙོག་བྱུང་ཚེ། རྒྱ་ནག་གིས་ཁོང་ཚོ་འཛིན་བཟུང་བྱེད་སྲིད་དམ་ཞེས་འདྲི་ཡི་ཡོད་ལ། རྒྱ་གཞུང་གིས་ཁ་ན་ཌའི་མི་སེར་གཉིས་འཛིན་བཟུང་བྱས་པ་དེས་རྒྱལ་ཁབ་སུ་རུང་ཞིག་གིས་རྒྱ་ནག་གི་ལམ་ཁ་འགོག་རྒྱུའི་ཐབས་ཤེས་བྱས་ཚེ་གཉའ་ཞུམ་ནས་རྒྱ་ནག་གི་འདོད་ཐོག་ལ་མ་རྒྱུགས་བར་དུ་གནོན་ཤུགས་ཆེན་པོ་སྤྲོད་རྒྱུ་ཡིན་པའི་དཔེ་མཚོན་ཞིག་བསྟན་ཚར་ཡོད་སྐོར་སོགས་བརྗོད་ཡོད་འདུག
རྒྱ་ནག་ནང་གི་ཁ་ན་ཌའི་གཞུང་ཚབ་ཟུར་པ་གྷའེ་སེན་ཊི་ཇེག་སི་(Guy Saint-Jacques)ཡིས། རྒྱ་ནག་གི་བྱེད་སྟངས་དེ་ཚོ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་གྱི་ཡོད་པས་དཀའ་རྙོག་ཅན་ཞིག་ཆགས་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ལ་འགན་འཁྲི་ཇི་ཙམ་ལེན་གྱི་ཡོད་མེད་སྐོར་ནས་གློང་སློང་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག
ཕྱི་ལོ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན་ཁེ་ན་ཌ་གཞུང་གིས་རྒྱ་ནག་གི་འཕྲུལ་རིགས་ཚན་རྩལ་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ (Huawei) ཡི་ནོར་དོན་སྤྱི་གཉེར་བ་མིང་ཝན་ཀྲུའུ་ཡིས། ཨ་རིའི་དཔལ་འབྱོར་ཉེས་ཆད་ཀྱི་ཁྲིམས་ལུགས་དང་འགལ་བའི་ཚོང་དོན་བསྒྲུབས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ཉིན་ཤས་མ་འགོར་བར། རྒྱ་ནག་གཞུང་གིས་ཁ་ན་ཌའི་མི་སེར་གནད་ཡོད་ ༣ འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་ཌ་ལིན་ཁྲིམས་ཁང་གིས་ཁ་ན་ཌའི་མི་སེར་ (Robert Lloyd Schellenberg)ཟེར་བ་ཞིག་གིས་དུག་རྫས་ནག་ཚོང་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་གཅོད་རྒྱུ་ཡོངས་བསྒྲགས་བྱས་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་ ༡ ཚེས་ ༧ ཉིན་ཁ་ན་ཌ་གཞུང་གིས་འདས་པའི་ཟླ་གཅིག་ནང་རྒྱ་ནག་གཞུང་གིས་ཁེ་ན་ཌའི་མི་སེར་ ༡༣ འཛིན་བཟུང་བྱས་ཏེ་ ༨ ཀློད་གྲོལ་བཏང་ཡོད་སྐོར་གྱི་གསལ་བསྒྲགས་བཏང་ཡོད་པ་དང་། ཉེ་ཆར་ཁེ་ན་ཌ་དང་ཨ་རི་གཞུང་གཉིས་ཀས་རྒྱ་ནག་ཏུ་ཡོད་པའི་རང་གི་མི་སེར་རྣམས་ལ་རྒྱ་གཞུང་གི་ས་གནས་ཁྲིམས་ལུགས་ཀྱི་མིང་ཐོག་ནས་འཛིན་བཟུང་བཀག་ཉར་བྱེད་སྲིད་པའི་ཉེན་ཁ་ཡོད་ཚུལ་གྱི་འགྲིམ་འགྲུལ་ཉེན་བརྡ་ཞིག་བཏང་ཡོད་པ་དང་། ཡང་ཟླ་འདིའི་ཕྱི་ཚེས་ ༡༡ ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གིས་རང་གི་དགེ་ལས་རྣམས་ལ་རྒྱ་ནག་ཏུ་འགྲིམ་འགྲུལ་བྱེད་སྐབས་སྤྱི་ཚོགས་དྲ་རྒྱ་དང་འཕྲིན་ཐུང་མཉེན་ཆས་རིགས་བཀོལ་སྤྱོད་མི་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།
རྒྱ་ནག་གཞུང་གིས་འདས་པའི་ཟླ་གཅིག་རིང་ཁ་ན་ཌའི་གནད་ཡོད་དང་མི་སེར་དཀྱུས་མ་བསྟུད་མར་འཛིན་བཟུང་བཀག་ཉར་བྱས་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་གིས་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་ཕོག་ཡོད་ཀྱང་། རྒྱ་ནག་གིས་དུས་ད་ལྟ་ཡང་རྒྱལ་ཁབ་ཀྱི་ཁྲིམས་ལ་ཁ་གཡར་ནས་ཁ་ན་ཌའི་མི་སེར་འགའ་ཤས་ད་དུང་བཀག་ཉར་འོག་བཞག་ཡོད་པ་མ་ཟད། ཁ་ན་ཌ་གཞུང་གིས་མཇུག་འབྲས་ངན་པ་ལ་ཁ་གཏོད་འདོད་མེད་ན་རྒྱ་ནག་ཧྭ་ཝེ་འཕྲུལ་རིག་ཚན་རྩལ་བཟོ་ཚོང་གི་ཡི་ནོར་དོན་སྤྱི་གཉེར་བ་ཀློད་གྲོལ་གཏོང་དགོས་པའི་ཉེན་བརྡ་བཏང་ཡོད་པ་བསྟུན། ནུབ་ཕྱོགས་གཙོས་པའི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་རྒྱ་གཞུང་ལ་རྒོལ་རྡུང་ལྟ་བུའི་ཐོག་ནས་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་ཡོད་པར་བརྗོད་དེ་ཧྭ་ཝེ་སྤྱི་གཉེར་ཁང་གི་རིམ་པ་ ༥ པའི་དྲ་ལམ་(5G network)ལས་གཞི་དེ་རྩིས་མེད་བཏང་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དབྱིན་ཡུལ་གྱི་ཨོ་ཁུ་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་(Oxford University)གྱིས་འདི་ལོའི་ཕྱི་ཟླ་དང་པོ ནས་བཟུང་རྒྱ་ནག་ཧྭ་ཝེ་ཡི་རོགས་དངུལ་མི་ལེན་རྒྱུ་ཐག་གཅོད་བྱས་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
སྐྱག་པའི་མཁས་ཆེན་ཚོ།
མི་གཉིས་གསུམ་ཞིག་འཛིན་བཟུང་བྱས་པ་ག་རེ་ཧ་ལས་ཡ་ཡོད།
བོད་བརྒྱ་ཕྲག་བརྒལ་བས་རང་ལུས་མེ་རུ་བསྒྲོན་དུས། སྐྱག་པའི་མཁས་ཆེན་ཚོ་གང་ན་ཡོད། མཁས་ཆེན་ཚོའི་ཁ་ལ་སྒོ་ལྕགས་བརྒྱབས་སོང་།
བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་དུས ། སྐྱག་པའི་མཁས་ཆེན་ཚོ་གང་ན་ཡོད། མཁས་ཆེན་ཚོའི་ཁ་ལ་སྒོ་ལྕགས་བརྒྱབས་སོང་།
དགོན་པ་སྟོང་ཕྲག་བརྒལ་བའི་གྲ་བཙུན་རྣམས་བཙོན་ལ་བཅུག་དུས། སྐྱག་པའི་མཁས་ཆེན་ཚོ་གང་ན་ཡོད། མཁས་ཆེན་ཚོའི་ཁ་ལ་སྒོ་ལྕགས་བརྒྱབས་སོང་།
ད་རེས་སྟོབས་ཆེན་རྒྱལ་ཁབ་ཅིག་གི་མི་འགའ་འཛིན་བཟུང་བྱས་དུས། ༼ད་དུང་དམར་གསོད་བཏང་མེད།༽་སྐྱག་ཆེན་ཚོས། ་མིང་གྲགས་བསམས་ནས་ཞུ་ཡིག་འདྲ་ཕུལ།་
སྐྱག་པའི་མཁས་ཆེན་ཚོ།
འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་བྱེད་སྟངས་རེད་།
རྒྱལ་སྤྱིའི་ཁྲིམས་ལུགས་མི་འཛིན་པར་།
རང་དགར་འཛིན་བཟུང་བྱས་། རྒྱལ་ཁབ་གཞན་པའི་སྤྱི་དམངས་ལ་དྲག་གནོན་།
ད་དུང་ང་ཚོ་བོད་ལ་ཡོད་པའི་སྤུན་ཟླ་རྣམས་ལ་འདེ་དང་འདྲ་བའི་སྡུག་བསྔལ་ནང་གནས་ཡོད་པ་སེམས་ལ་ཕོག་སྡུག་ཆེ་།
གོང་ས་སྐྱབས་ཀུན་ཆེན་པོ་མཆོག་ བོད་ལ་ལམ་སེང་ལོག་ཐུབ་པ་ཤོག་།།
ཁོང་རྣམ་པས་དོན་སྙིང་ལྡན་པའི་གསལ་འདེབས་འདི་བཞིན་གནང་བ་ནི་ཤིན་ཏུ་གལ་ཆེན་དང་། རིམ་པས་རྒྱལ་སྤྱིའི་ནང་ཞི་ཅི་ཕིང་གི་འགོ་ཁྲིད་པའི་གཅིག་བསྡུད་རིང་ལུགས་ཀྱི་བཅོས་སྒྲུང་མངོན་གསལ་བྱུང་དང་འབྱུང་རྒྱུ་ཡིན་པའི་མཚོན་རྟགས་གལ་ཆེན་ཞིག་རེད། བོད་རྒྱལ་ལོ།།
རོ་ལ་ཡི་གེ་བསྐུར་ནས་ཅི་ལ་ཕན།
བོད་ཡིག་སྒང་ལ་རྒྱལ་སྤྱིའི་གསར་འགྱུར་དང་གནས་ཚུལ་འདི་འདྲ་འབྲི་མཁན་དང་ཀློག་རྒྱུ་ཡོད་པར་བསམ་ན་ང་འདྲ་བའི་བོད་ཡིག་མ་གཏོགས་མི་ཤེས་མཁན་ཞིག་ལ་མཚོན་ན་ཧ་ཅང་དགའ་བོ་དང་སྐྱིད་པོ་རེད།
ཡིན་ནའང་བོད་པ་མང་ཆེས་པ་བོད་ཡིག་འབྲི་ཀློག་ལ་མི་དགའ་བ་དང་རྒྱ་ནག་གཞུང་གིས་ཐབས་ཤེས་གང་ཡོད་ཀྱིས་བོད་སྐད་ཡིག་རྩ་མེད་བཟོ་གི་ཡོད་པར་བསམ་ན་་་་་་