བོད་མི་གཞོན་སྐྱེས་ཤིག་འཛིན་བཟུང་བྱས།

རྒྱ་ནག་གཞུང་གི་ནག་སེལ་གཤེད་བཅོམ་ཞེས་པའི་ལས་འགུལ་ཁྲོད་མགོ་ལོག་སྨིན་ཐང་ཡུལ་ཚོའི་བོད་མི་གཞོན་སྐྱེས་ཤིག་འཛིན་བཟུང་བཙན་འཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ནས་ཟླ་ ༦ ཙམ་འགྲོ་བཞིན་འདུགདེ་རིང་འདི་གའི་གསར་འགོད་པར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་༨ པའི་ནང་རྒྱ་ནག་གཞུང་གིས་མགོ་ལོག་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོ་ནས་ཡིན་པའི་བོད་མི་གཞོན་སྐྱེས་ཤིག་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཁོང་བཙན་འཁྲིད་བྱས་ཏེ་ཟླ་ངོ་ ༦ ཙམ་འགྲོ་བཞིན་ཡོད་ཀྱང་ད་ལྟ་གང་དུ་ཡོད་པ་དང་གནས་སྟངས་ག་འདྲ་ཡོད་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། ཁོང་གི་ནང་མི་འབྲེལ་ཡོད་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བོད་མི་གཞོན་སྐྱེས་དེ་མགོ་ལོག་གཅིག་སྒྲིལ་རྫོང་ཐོག་ཏུ་རྫོང་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་ཤེས་རྟོགས་བྱུང་དུས་རྫོང་ཉེན་རྟོག་ཁང་ནས་མགོ་ལོག་ཁུལ་ཉེན་རྟོག་ཁང་དུ་འཁྲིད་ཡོད་པ་དང་། ཁོང་གི་ནང་མི་ཚོར་ཐུག་འཕྲད་བྱེད་དུ་བཅུག་མི་འདུག་ལ། ཐ་ན་ནང་མི་ཚོས་ཁྱེར་བའི་ཟ་མ་ཡང་སྤྲོད་དུ་བཅུག་མེད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས་ཁོང་འཛིན་བཟུང་བྱེད་དགོས་དོན་གང་ཡིན་ཁ་གསལ་མེད་ཀྱང་། བོད་ཁུལ་གང་སར་སྤེལ་བཞིན་པའི་ནག་སེལ་གཤེད་བཅོམ་ཞེས་པའི་འཐབ་རྩོད་ཁྲོད། ཕྱི་ལོ་ ༢༠༡༨ ལོའི་སྨིན་ཐང་གི་ནག་ཉེས་ཆེ་ཤོས་ཤིག་ཡིན་རབས་བཤད་ཡོད་པ་ཙམ་ལས། དོན་དངོས་སུ་ཁོང་གིས་ནག་ཉེས་ཅི་ཞིག་བསགས་ཡོད་པ་དང་། ཁྲིམས་འགལ་ལུགས་འགལ་ཅི་ཞིག་བྱས་ཡོད་སོགས་གསལ་བཤད་གང་ཡང་བྱས་མེད་སྐོར་བརྗོད་བྱུང་།

ཁོང་གི་ནང་མི་ཚོས་དེ་སྔོན་ཁོང་གིས་ཕྱི་ལོགས་སུ་སྐྱབས་རྟེན་བསྔོ་རྟེན་འཇོག་བྱེད་ཀྱི་དངུལ་རེ་བསྐུར་ཡོད་པའི་རྐྱེན་གྱིས་མིན་ནམ་བསམ་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་མཁོ་སྤྲོད་པ་ཁོང་དང་ངོ་ཤེས་ཡིན་པ་ལས་ཁ་ཐག་རིང་བས་ཁོང་གི་སྐོར་ལ་རྒྱུས་ལོན་དེ་ཙམ་བྱེད་ཐུབ་ཀྱི་མེད་པ་དང་། རྒྱུས་ལོན་བྱས་ན་ཡང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཁྲིམས་སོགས་ཀྱིས་སྟབས་བདེ་བོ་མེད་སྐོར་བརྗོད་བྱུང་།

བོད་མི་གཞོན་སྐྱེས་དེ་སྔོན་ཆད་རྒྱ་གར་དུ་ཡོང་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཞུགས་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ཡས་མས་སུ་ཕྱིར་ཕ་ཡུལ་དུ་ལོག་སྟེ། བཟའ་ཟླ་དང་བྱིས་པ་སོགས་ཁྱོན་ནང་མི་ ༥ ཡོད་འདུག  ཁོང་གིས་རྒྱུན་དུ་ཚོང་ལས་བྱས་ཏེ་འཚོ་ཐབས་གཉེར་གྱི་ཡོད་ཀྱང་། ཁོང་གློ་བུར་དུ་འཛིན་བཟུང་བྱས་རྗེས་ཤུལ་དུ་ལུས་པའི་མ་བུ་ཚོར་དཀའ་ཁྲལ་དང་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད་འདུག

མཆན། གོང་བརྗོད་བོད་རིགས་གཞོན་སྐྱེས་དེའི་མིང་དང་ལོ་སོགས་གསལ་པོ་མཁོ་སྤྲོད་གནང་སོང་ཡང་འབྲེལ་ཡོད་ཀྱི་རེ་བ་ལྟར་བྲིས་མེད། པར་དེ་ཕྱི་ལོ་ ༢༠༡༧ ལོར་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོའི་ཁྲོམ་གཞུང་དུ་རྒྱ་ནག་གཞུང་གིས་”གསུམ་འབྲེལ་བཞི་སྒྲུབ”་ཅེས་པའི་སྲིད་བྱུས་དྲིལ་བསྒྲགས་ཤིག་གི་སྐབས་སུ་རེད།

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༡/༢༥

Leave a Reply

One thought on “བོད་མི་གཞོན་སྐྱེས་ཤིག་འཛིན་བཟུང་བྱས།

  1. ཁོང་འཛིན་བཟུང་བྱས་ན་བཟའ་ཟླ་དང་བྱིས་པ་ཚོ་འཚོ་བ་ཇི་ལྟར་བསྐྱལ་།
    གུང་ཁྲན་ཏང་གི་བྱེད་སྟངས་དངོས་གནས་ཡ་ང་སྙིང་རྗེ་རྩ་བ་ནས་མེད་འདུག་།