ཁྲིམས་རྩོད་པར་ཐུག་པའི་ཐོབ་ཐང་འཕྲོག་པ་དེ་ཚད་ལས་བརྒལ་བ་རེད།

བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་ངོ་ ༣ འཁོར་བ་དང་བསྟུན་ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ།ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་རིའི་ནེའུ་ཡོག་དང་ནེའུ་ཇེར་སི་ས་གནས་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ།  ས་གནས་ཆུ་བཞི་སྒང་དྲུག དེ་བཞིན་ US-Tibet committee བཅས་མཉམ་འབྲེལ་ཐོག རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་ངོ་ཧྲིལ་པོ་ ༣ ཕྱིན་པའི་དུས་སྐབས་དང་བསྟུན། ཨ་རི་ནེའུ་ཡོག་གྲོང་འཁྱེར་དུ་ཡོད་པའི་རྒྱ་ནག་གི་དོན་གཅོད་ཁང་གི་མདུན་དུ་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། སྐད་ཡིག་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་པའི་འབོད་ཚིག་འོག་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་འདུག

ཐེངས་འདིའི་ལས་འགུལ་སྐོར་ལ་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ལྷན་གྱི་དྲུང་ཡིག་བསྟན་འཛིན་དབང་འདུས་ལགས་ཀྱིས། ང་ཚོས་དེ་རིང་བཀྲ་ཤིས་དབང་ཕྱུག་ལགས་བཙོན་འཇུག་བྱས་ཏེ་ལོ་གསུམ་ཕྱིན་པར་དུས་དྲན་ཆེད་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད་ལ། བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་འཛམ་གླིང་གང་སར་ཡོད་པའི་རྒྱལ་སྤྱིའི་སྤྱི་དམངས་ཚོགས་པ་ཁག་བཅས་ཀྱིས་བཀྲ་ཤིས་དབང་ཕྱུག་ལགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་རེད། ཅེས་དང་། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་བཀྲ་ཤིས་དབང་ཕྱུག་གི་གནད་དོན་སྐོར་དང་། ཁོང་འཕྲལ་དུ་ཀློད་གྲོལ་གཏོང་རྒྱུར་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་ཡོད་འདུག

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལག་བསྟར་འགན་འཛིན་སྤྱི་འཐུས་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་བཙོན་འཇུག་ཁྲིམས་ཐག་བཅད་དེ། ཁོང་ཉེས་མེད་ཡིན་བཞིན་དུ་བཙོན་འཇུག་བྱས་པ་མ་ཟད། ད་དུང་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་པའི་གཞི་རྩའི་ཐོབ་ཐང་ཀྱང་འཕྲོག་པ་དེ་ཚད་ལས་བརྒལ་བའི་བྱེད་སྟངས་ཤིག་རེད། ཅེས་དང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་གནང་འཆར་ཡོད་པ་དེས་རྒྱ་ནག་གི་དྲང་བདེན་མིན་པའི་ཐག་གཅོད་ལ་རྒོལ་ལན་སློག་པའི་སྙིང་སྟོབས་མཚོན་གྱི་ཡོད་པ་དང་། ང་ཚོས་ཁོང་གི་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་བརྗོད་འདུག

བཀྲ་ཤིས་དབང་ཕྱུག་ལགས་ནས་སྔ་གཞུག་ཏུ་ཁོང་གིས་རྒྱ་ནག་གཞུང་གི་ཁྲིམས་དང་འགལ་བའི་ལས་ཀ་གང་ཡང་བྱས་མེད་ཅེས་བརྗོད་ཡོད་པ་མ་ཟད། ཉེས་འགེལ་ཁྲིམས་ཐག་བཅད་པའི་གནད་དོན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་གནང་འཆར་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ལིན་ཆི་ལེ་(Lin Qilei)མཚོ་སྔོན་ཟི་ལིང་གྲོང་འཁྱེར་གྱི་ཏོང་ཁྲན་(Dongchuan) བཙོན་ཁང་དུ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཐུག་ཏུ་ཕྱིན་སྐབས། བཙོན་ཁང་གི་ལས་བྱེད་པས་གནད་དོན་དེ་ས་གནས་རྟོག་ཞིབ་ལས་ཁུངས་(Internal Investigation Department) བརྒྱུད་ནས་འགྲོ་དགོས་སྐོར་བརྗོད་པ་ལྟར། ལས་ཁུངས་དེར་སྙན་ཞུ་ཕུལ་ཡོད་ཀྱང་ཐུག་འཕྲད་བྱེད་དུ་བཅུད་མེད་པ་མ་ཟད། ལས་ཁུངས་དེའི་འགན་འཛིན་ཡང་ཏོང་(Yang Dong) ཟེར་བ་ཞིག་གིས་ཁྲིམས་རྩོད་པ་ལིན་ཆི་ལེ་ལ་བཀྲ་ཤིས་དབང་ཕྱུག་གི་གནད་དོན་དེ་ཚབས་ཆེན་ཡིན་སྟབས། གོང་རིམ་ནས་ཆོག་མཆན་དགོས་སྐོར་བརྗོད་ཡོད་འདུག

བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་དབུས་གཞུང་ལ་བོད་མིར་བོད་སྐད་བོད་ཡིག་སྦྱོང་བའི་ཐོབ་ཐང་དགོས་དང་། ད་ལྟ་བོད་ཁུལ་དུ་རྒྱ་རིགས་ཆེན་པོའི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་སྐད་ཡིག་གི་གནས་སྟངས་ཧ་ཅང་ཉག་ཕྲ་བའི་དུས་སུ་བསླེབས་ཡོད་སྟབས། བོད་ཁུལ་དུ་བོད་སྐད་ཡིག་སློབ་འཁྲིད་བྱེད་དགོས་པའི་སྙན་ཞུ་ཕུལ་བ་དང་། ཕྱི་ལོ་ ༢༠༡༥ ལོར་ནེའུ་ཡོག་དུས་བབ་ཀྱི་ས་གནས་གསར་འགོད་པར་རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱས་པའི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་གཞིར་བཟུང་གིས། ད་ལྟའི་བོད་སྐད་ཡིག་སློབ་གསོའི་གནས་བབ་ཡར་རྒྱས་གཏོང་དགོས་པ་དང་། བོད་ཁུལ་དུ་བོད་ཡིག་བཀོལ་སྤྱོད་དགོས་པ་གལ་ཆེན་ཡིན་སྐོར་གྱི་དགོངས་ཚུལ་བཤད་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་དང་པོའི་ནང་ཡུལ་ཤུལ་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་ལོ་གཉིས་ལྷག་རིང་བཀག་ཉར་བྱས་རྗེས། ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཁོང་ལ་ཉེས་མེད་ཉེས་འགེལ་གྱི་ཁྲིམས་ཐག་བཅད་ཡོད་པའི་སྐོར་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། ཉེ་ཡང་ཚོགས་པ་སོགས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་དང་སྦྲགས། བཀྲ་ཤིས་དབང་ཕྱུག་ལ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་བསྡུས་པའི་མཉམ་འབྲེལ་ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་བསྐྱར་ཞིབ་ཐེངས་གསུམ་པའི་ཐོག  ཨ་རི་དང་དབྱིན་ཡུལ་(UK)སོགས་ཀྱི་འཐུས་མིས་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དེར་དང་ལེན་མེད་པའི་དགག་པ་ཤུགས་ཆེན་པོ་བརྒྱབས་ཡོད་པ་མ་ཟད། ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་ཡོངས་ཁྱབ་འབོད་སྐུལ་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༢༩

Leave a Reply