པཎ་ཆེན་རིན་པོ་ཆེར་ཐོག་མར་མཇལ་བ།

ནམ་མཁའ། ཡུ་རོབ།

ངའི་གཅེན་པོ་དང་ངེད་གཉིས་བྱིས་པ་ཡིན་པའི་སྐབས་ཀྱི་དགུན་དུས་ཞིག་ལ། ངའི་ཕ་མ་གཉིས་དང་མཉམ་ཞོགས་ཇ་འཐུང་བཞིན་ཡོད་། སྐབས་དེར་མི་ཆ་མེད་རྒྱུས་མེད་ཞིག་ངའི་ཁྱིམ་དུ་སླེབས་ཞིང་། ངའི་ཨ་མ་ལགས་ཀྱིས་བོད་ཀྱི་ལུགས་སྲོལ་ལྟར་མགྲོན་པོ་ངོ་ཤེས་མིན་ལ་མ་ལྟོས་བར་ཞོགས་ཇ་ཕུལ་ཏེ་སྣེ་ལེན་བྱས། ངའི་ཕ་དམ་པ་ལགས་ཀྱིས་མགྲོན་པོའི་མཉམ་དུ་རྒྱ་སྐད་ཀྱི་སྒོ་ནས་གླེང་མོལ་རེ་བྱེད་བཞིན་པའི་མཚམས་དེར། མགྲོན་པོ་དེའི་ཁུག་མ་ནང་ནས་མཚོན་མདོག་མ་ཡིན་པའི་འདྲ་པར་ནག་པོ་འགའ་བཏོན་སོང་།  དེ་རིང་ད་དུང་ཡང་ཕྲན་གྱི་ཡིད་ལ་གསལ་བོར་དྲན་པ་ཞིག་ལ།

 འདྲ་པར་ནག་པོ་དེ་ཚོའི་ནང་ནས་གདམས་གསེས་བྱས་ཏེ། འདྲ་པར་ཞིག་ཐོག་མར་ཕ་དམ་པ་ཁོང་གི་མགོ་ལ་བཞག་རྗེས། ངའི་ཨ་མ་ལགས་ཀྱི་མགོ་ལ་ཡང་བཞག་སོང་། དེའི་རྗེས་ངའི་གཅེན་པོ་ངེད་གཉིས་རེ་རེ་ཡི་མགོ་ལ་བཞག་སྟེ། འདྲ་པར་ངོས་ཀྱི་མི་དེ་གཉིས་བསྟན་ནས་འདི་རྒྱལ་བ་རིན་པོ་ཆེ་རེད།འདི་པཎ་ཆེན་རིན་པོ་ཆེ་ཚང་རེད་ཉི་མ་རེ་རེ་ལ་ཁྱེད་ཚོའི་འདི་རྣམ་པ་གཉིས་ཡིད་ལ་ཐེངས་རེ་ཤར་ཐུབ་ན་འགྲིག་གི་རེད་ཅེས་གསུངས་པ། ཕྲན་གྱིས་དེ་རིང་ད་དུང་ཡང་ཡིད་ན་གསལ་བོར་འདུག་ལ། ངའི་གཅེན་པོས་ཀྱང་བརྗེད་མེད་པར་སྐབས་རེ་ཕ་དམ་པའི་ལོ་རྒྱུས་གླེང་དུས་འདིའི་སྐོར་ཡང་ཡང་གླེང་ཞོར། དེ་དུས་ཕ་མ་གཉིས་ཡང་ན་ཚོད་གཞོན་ནུ་དགུང་ལོ་སུམ་བཅུ་སོན་ཡོད་པ་མ་རེད་ཟེར།  དེའི་ཉིན་མོ་ངའི་མི་ཚེ་ནང་གི་ཐོག་མར་རྒྱལ་བ་རྣམ་གཉིས་ཀྱི་མཚན་ཐོས་པ་ཡང་ཐོག་མ་ཡིན་ལ། འདྲ་པར་ངོས་ནས་རྒྱལ་བ་རྣམ་གཉིས་ཀྱི་ཞལ་རས་ཙམ་མཇལ་བ་ཡང་ཐོག་མ་རེད། སྐབས་དེ་ནི་མའོ་ཙེ་ཏུང་ཚེ་ལས་འདས་ཟིན་ན་ཡང་། ད་རུང་གུ་ཡངས་ཀྱི་སྲིད་བྱུས་སླེབས་མེད་སྟབས། ངའི་ཁྱིམ་ན་གསང་བའི་མཆོད་ཁང་ལྟ་བུ་ཆུང་ཆུང་ཞིག་ཡོད་པ་དེའི་ནང་བཞག་སོང་བ་ངའི་དྲན་ངོགས་ན་གསལ་བོ་རེད།

གང་ལྟར་ཡང་། ལོ་ཟླ་རིམ་འདས་ཀྱིས་ང་རང་རྨ་ལྷོ་དགེ་ཐོན་སློབ་གྲྭའི་ནང་ཡོད་པའི་སྐབས་ཞིག་ལ། པཎ་ཆེན་རིན་པོ་ཆེ་རེབ་གོང་དུ་ཕེབས་ཀྱི་ཡོད་པའི་གནས་ཚུལ་སློབ་གྲྭའི་ནང་ཁྱབ་བརྡལ་ཕྱིན་པ་མ་ཟད། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་བོད་ལྭ་གྱོན་ཏེ་བསུ་རུ་འགྲོ་དགོས་བའི་བརྡ་སྦྱོར་ཡང་རྒྱབ་སོང་།  ང་ཚོའི་རྨ་ལྷོ་དགེ་ཐོན་སློབ་གྲྭའི་དགེ་སློབ་གཉིས་ཀ་བསུ་རུ་ཕྱིན་པའི་སྐབས། པཎ་ཆེན་རིན་པོ་ཆེ་དང་མཉམ་དུ་བོད་ལྭ་གྱོན་མཁན་གྱི་མི་གཟི་བརྗིད་ཅན་འགའ་རེ་ཡོད་སྟབས། ཕྲན་གྱིས་པཎ་ཆེན་རིན་པོ་ཆེ་ཚང་གང་ཡིན་གྱི་ངོས་ཟིན་མ་སོང་མོད། འོན་ཀྱང་རོང་བོ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་གི་སྒོ་འགྲམ་ནས་རེབ་གོང་མི་དམངས་ལ་མཇལ་ཁ་གནང་སྐབས། གོས་ཆེན་སེར་བོ་འཁོར་ལོ་ཅན་ཞིག་མནབས་པའི་སྐུ་ལ་གཟི་བརྗིད་ཀྱི་འོད་སྣང་འཕྲོ་བའི་སྐུ་གཟུགས་ཆེན་པོ་ཅན་ཞིག་རེད།

སྐབས་དེར་སློབ་གྲྭའི་སློབ་མ་ཚོ་མཇལ་ཁ་ཞུ་རུ་འགྲོ་ཆོག་མིན་གྱི་གནས་ཚུལ་རེ་ཁྱབ་སོང་མོད། འོན་ཀྱང་ང་རང་སློབ་གྲོགས་འགའ་དང་མཉམ་དུ་མཇལ་ཁ་ཞུ་རུ་ས་དཀྱིལ་སྡེ་འདབ་ཀྱི་གཡུལ་ཁའི་ནང་བང་རིམ་སྒྲིགས་སར་ཕྱིན།  རེབ་གོང་ཤོགས་ཁ་རེ་རེ་ཡི་ས་ཐག་རིང་བའི་སྡེ་བ་ཚོ་སྔོན་དུ་བཏང་གི་འདུག  སྡེ་བ་གང་ཞིག་ཡིན་པ་མ་ཤེས་མོད།འོན་ཀྱང་ངེད་ཚོ་ཡང་སྡེ་བ་ཞིག་གི་གྲལ་དུ་འཚང་ཁ་རྒྱབ་ནས་བང་རིམ་ནང་དུ་སླེབས། འཚང་ཁ་ཧ་ཅང་ཆེ་སྟབས་སྐབས་རེ་མི་དམངས་ཀྱི་བང་རིམ་ལ་ཞིང་ཁའི་ལོ་ཏོག་རླུང་གིས་བསྐྱོད་པ་ལྟར་གཡོ་འགུལ་བྱེད་ཀྱི་འདུག  དུས་ཚོད་འགའི་རིང་འཚང་ཁ་ཆེ་བའི་བང་རིམ་སྒྲིགས་ཡོད་པའི་མཚམས་ཞིག་ལ། མཇལ་ཁའི་བང་རིམ་ལ་བཀོད་སྒྲིགས་དང་ལྟ་རྟོག་བྱེད་མཁན་གྱི་བོད་མི་འགའ་སླེབས་ནས། ཁྱེད་ཚོ་སྡེ་བ་གང་གི་རེད་ཟེར་ནས་དྲི་བ་འགའ་དྲིས་སོང་མོད།འོན་ཀྱང་ལྟ་རྟོག་བྱེད་མཁན་གྱི་མི་ཞིག་གིས་འདི་ཚོ་དགེ་ཐོན་སློབ་གྲྭའི་སློབ་མ་རྐྱང་རེད། ཁོང་ཚོ་སྔོན་དུ་བཏང་ཤོག་ཟེར་ནས་ང་ཚོ་འཚང་ཁའི་ནང་དུས་ཡུན་རིང་པོ་སྒུགས་མ་དགོས་བར་མཇལ་ཁར་བཏང་སོང་།

ཕྲན་མཇལ་ཁ་ཞུ་བའི་སྐབས་གྲྭ་བ་རྒན་པ་ཞིག་གིས་པཎ་ཆེན་རིན་པོ་ཆེ་ཡི་ཕྱག་གཡས་པ་ན་སྐྱོར་འདུག་ལ། ཕྲན་གྱིས་བལྟ་ཞོར་ཞིག་ཏུ་པཎ་ཆེན་པོ་ཆེ་ཡི་ཕྱག་གཡས་བའི་མཐིལ་ལ་ཚིལ་དྲགས་ནག་པོ་ཆགས་ཡོད་པ་ཕྲན་གྱིས་དངོས་སུ་མཐོང་སོང་སྟབས། རྗེས་ནས་ང་རང་རོང་བོ་དགོན་པའི་ནང་གི་གྲྭ་བ་ཡིན་པའི་སྐབས། པཎ་ཆེན་རིན་པོ་ཆེར་ཕྱག་དབང་ཞུ་བའི་སྐབས་ཀྱི་གནས་ཚུལ། གྲྭ་བ་རྒན་པ་འགའི་མཉམ་དུ་གླེང་དུས་གྲྭ་བ་རྒན་པ་ཚོས་གསུངས་ཚུལ་ལ། པཎ་ཆེན་རིན་པོ་ཆེ་ཡི་སྐུ་འཁོར་འགས་རིན་པོ་ཆེ་ཚང་ལ་རེ་བ་ཞུས་ཏེ། མི་དམངས་ཆ་ཚང་ལ་ཕྱག་དབང་གནང་ན་སྐུ་ངལ་ཆེ་ལུགས་ཞུ་དུས། ༼པཎ་ཆེན་རིན་པོ་ཆེ་ཡིས་ཁོང་ཚོར་བོད་མི་དམངས་ཀྱིས་ལོ་ངོ་མང་པོའི་རིང་དཀའ་སྡུག་ཚད་མེད་པ་མྱངས་ཡོད་པ་རེད།  ཉིན་གཅིག་གཉིས་ཞིག་ལ་མཇལ་ཁ་ཙམ་གནང་བའི་དཀའ་ངལ་ལ་ང་སྐྲག་གི་མེད་ཅེས་གསུངས་ཏེ༽། རེབ་གོང་ཤོགས་པ་བཅུ་གཉིས་དང་ཕྱོགས་མཐའ་ནས་ཡོང་བའི་མི་དམངས་ཡོངས་ལ་ཕྱག་དབང་གནང་བ་རེད་ཅེས་སྐབས་དེའི་གྲྭ་བ་རྒན་པ་འགས་དངོས་སུ་གསུངས་པ་ཐོས་ལ། ཕྱི་དྲོ་ཕྱག་དབང་གནང་ཚར་བའི་རྗེས་པཎ་ཆེན་པོ་ཆེ་ཡི་ཕྱག་གཡས་པ་སྐྲང་ནས་འདུག་ཟེར། པཎ་ཆེན་པོ་ཆེ་ཡི་གསུངས་འདི་གཅིག་པོས་གང་མཚོན་གྱི་ཡོད་པ་རེད་ཟེར་ན། བོད་མི་དམངས་ཀྱི་ཆེད་དུ་དཀའ་སྡུག་གང་ལ་ཐུགས་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་མཚོན་ཐུབ།

གང་ལྟར་ཡང་། སློབ་གྲྭའི་ནང་སློབ་གྲོགས་ཕལ་ཆེར་བ་མཇལ་ཁ་ཞུས་ཟིན་ན་ཡང་། སློབ་གྲྭའི་ནང་མཇལ་ཁ་ཞུས་ཆོག་མིན་གྱི་གནས་ཚུལ་ཞིག་ཁྱབ་ཡོད་སྟབས། མཇལ་ཁའི་སྐབས་གནང་བའི་ཅ་ལ་དམར་པོའི་ཕྱག་མདུད་ཕྱི་རུ་བཏོན་ཐུབ་ཀྱི་མེད། ཡིན་ན་ཡང་ཉིན་ཤས་རྗེས་དགའ་བ་འབུམ་སྤྲོས་པ་ཞིག་ལ། པཎ་ཆེན་སྣང་བ་མཐའ་ཡས་རྨ་ལྷོ་དགེ་ཐོན་སློབ་གྲྭའི་ནང་ཕེབས།  དགེ་རྒན་ཕལ་ཆེར་བ་སློབ་མ་ཚོའི་མཉམ་དུ་རྩལ་སྦྱང་ར་བའི་ནང་ཡོད་ལ།པཎ་ཆེན་སྣང་བ་མཐའ་ཡས་དང་སློབ་གྲྭའི་འགོ་ཁྲིད་འགའ་རེ་སྒང་གི་སྡིང་ཆའི་ཐོག་བཞུགས་འདུག་པ་མ་ཟད། བོད་ཀྱི་བུ་མོ་སློབ་ཕྲུག་འགས་གསོལ་ཇ་འདྲེན་གྱི་འདུག་པས། བོད་ཀྱི་བུ་མོ་ཞིག་གིས་པཎ་ཆེན་སྣང་བ་མཐའ་ཡས་ལ་གསོལ་ཇ་འདྲེན་སྐབས། གུས་ཚུགས་མི་འདུག་ཅེས་སློབ་མ་ཚོས་མོ་ལ་ལྟ་སྟངས་ངན་པ་རྒྱུན་རིང་ཞིག་ལ་བཟུང་།

ངའི་ཡིད་ན་ད་རུང་ཡང་བརྗེད་མེད་པར་གསལ་བོར་དྲན་པ་ཞིག་ལ། པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་དགེ་སློབ་ཡོངས་ལ་བཀའ་སློབ་གནང་སྐབས། པཎ་ཆེན་རིན་པོ་ཆེ་ཡིས་ཕྱག་བརྐྱངས་ཏེ་ཁྱེད་རང་ཚོས་སྒོ་བྱང་སོགས་ལ་རྒྱ་ཡིག་ཆེན་པོ་འདི་འདྲ་བྲིས་འདུག་ན་ཡང་། བོད་ཡིག་ཆུང་ཆུང་འདི་འདྲ་ཅེས་སོར་མོའི་ཆེ་ཆུང་བསྟན་ཏེ་བཀའ་གྱོན་གནང་བ་ངའི་དེ་རིང་ད་དུང་ཡང་ཁོང་གི་ཞལ་རས་ཀྱི་རྣམ་འགྱུར་དེ་མིག་ལམ་ན་གསལ་བོར་འདུག  མུ་མཐུད་དེ་བཀའ་སློབ་ལྕི་མོ་འདི་ལྟར་གནང་སོང་། བོད་མི་དཀྱུས་མ་ལྕགས་ཁེམ་ཁུར་ནས་འགྲོ་མཁན་ཚོ་སྙིང་རྗེ་ཁོང་ཚོས་ཆེན་པོ་ཤེས་ཀྱི་མ་རེད། ཁོང་ཚོས་རེ་ལྟོས་བྱེད་ས་ཁྱོད་ཚོ་རེད། ཁྱེད་རང་ཚོས་བོད་ཡིག་ཧུར་ཐག་བྱས་ནས་སྦྱངས་ཏེ། མ་འོང་པར་བོད་མི་རིགས་ལ་ཞབས་ཞུ་སྒྲུབ་དགོས་པ་རེད་ཅེས་ཧ་ཅང་ཕུགས་རྒྱང་རིང་བའི་བཀའ་སློབ་གནང་གྲུབ་མཚམས་སུ། རྡོ་སྦིས་ཀྱི་དགེ་རྒན་སངས་རྒྱས་རྒྱལ་ལགས། རྡོ་སྐས་བརྒྱུད་ནས་ཡང་མ་སོང་བར་ཐད་གར་ལ་ངོ་ཅུང་ཡོད་པ་དེར་འགོས་ནས་སོང་སྟེ། པཎ་ཆེན་རིན་པོ་ཆེ་ཡི་ཕྱག་ཏུ་ཡི་གེ་ཞིག་ཕུལ་སོང་། པཎ་ཆེན་རིན་པོ་ཆེ་ཡིས་ཡི་གེ་དེ་གཟིགས་ཞོར་ཞལ་རས་ཡང་འཛུམ་མདངས་ཀྱིས་ཁྱབ་སོང་ལ། ཡ་ཡ་སློབ་མ་ཚོ་ཁ་སང་མི་དམངས་མཉམ་དུ་མཇལ་ཚར་བ་རེད་ཅེས་གསུངས་ཞོར། དགེ་སློབ་ཡོངས་ལ་ཕྱག་དབང་གནང་སོང་པས།  དེ་སྔོན་སློབ་གྲྭའི་ནང་ཁྱབ་བཞིན་པའི་རིན་པོ་ཆེ་ཚང་ལ་མཇལ་ཁ་ཞུ་ཆོག་མིན་གྱི་གནས་ཚུལ་དེ་རིམ་གྱིས་ཡལ་སོང་ལ། པཎ་ཆེན་རིན་པོ་ཆེ་ཡིས་རྨ་ལྷོ་དགེ་ཐོན་སློབ་གྲྭར་སློབ་མའི་འཚོ་བའི་མཐུན་རྐྱེན་གྱི་རོགས་དངུལ་ག་ཚོད་ཞིག་གནང་བ་མི་ཤེས་མོད། འོན་ཀྱང་རོགས་དངུལ་གྱིས་རྨ་ལྷོ་དགེ་ཐོན་སློབ་གྲྭའི་སྒོ་ཆེན་ཞིག་བཟོས་ཏེ། སྒོ་ཆེན་སྟེང་པཎ་ཆེན་གནང་དངུལ་གྱིས་བཟོས་ཅེས་བྲིས་ཡོད་པ་རེབ་གོང་བ་མང་པོས་མཐོང་ཡོད་སྲིད།

གང་ལྟར་ཡང་། རྨ་ལྷོ་དགེ་ཐོན་སློབ་གྲྭའི་དགེ་སློབ་གཉིས་ཀ་པཎ་ཆེན་སྣང་བ་མཐའ་ཡས་ཕྱག་དབང་རེག་པ་དེ་དགེ་རྒན་སངས་རྒྱས་རྒྱལ་ལགས་ཀྱི་སྐུ་དྲིན་ཡིན་སྙམ་ཡོད། དགེ་རྒན་སངས་རྒྱས་རྒྱལ་ལགས་ནི། མཐོ་འབྲིང་གསུམ་པའི་རྩིས་རིག་དགེ་རྒན་ཡིན་སྟབས། སྐབས་དེར་རྩིས་རིག་གི་སློབ་དེབ་རྒྱ་ཡིག་ནང་དུ་ཡོད་ན་ཡང་། དགེ་རྒན་སངས་རྒྱས་རྒྱལ་ལགས་དང་ང་ཚོའི་འཛིན་གྲྭའི་རྩིས་རིག་དགེ་རྒན་དོར་ཉིན་གྱི་མཁའ་འགྲོ་གཉིས་ཀྱིས་སློབ་མ་ཚོར་སློབ་ཁྲིད་བྱེད་ཞོར་བོད་ཡིག་ནང་བསྒྱུར་པས། རྗེས་ནས་རྩིས་རིག་གི་སློབ་དེབ་བོད་ཡིག་ནང་བཟོས་སྟབས། དགེ་རྒན་ཁོང་རྣམ་པ་གཉིས་ནི་བོད་མི་རིགས་ལ་མཚོན་ན་ཧ་ཅང་བཀའ་དྲིན་ཆེན་པོ་ཞིག་རེད་སྙམ་པའི་བསམ་བློ་དེང་སང་རྒྱུན་ཏུ་འཁོར་གྱི་ཡོད། དགེ་རྒན་སངས་རྒྱས་རྒྱལ་ལགས་རྗེས་ནས་ཟི་ལིང་གི་དགེ་འོས་སློབ་གྲྭའི་དགེ་རྒན་དུ་ཕེབས་ཏེ། ལོ་ཤས་གོང་དགེ་རྒན་དམ་པ་ཁོང་གཤེགས་ཚར་འདུག་ཟེར། དོར་ཉིན་གྱི་དགེ་རྒན་མཁའ་འགྲོ་དེང་སང་ཡང་སྐུ་འཚོ་བཞུགས་ཡིན།

  པཎ་ཆེན་རིན་པོ་ཆེ་ཡིས་བཀའ་དབང་གནང་བ།

ང་རང་རོང་བོ་དགོན་པའི་ནང་གི་གྲྭ་བ་ཡིན་པའི་སྐབས་ཞིག་ལ། པཎ་ཆེན་རིན་པོ་ཆེ་སྐུའི་འཁྲུངས་ཡུལ་བིས་མདོ་ཕེབས་ཏེ། བིས་མདོ་གྲྭ་ཚང་དུ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་གནང་བའི་སྐབས། རོང་བོ་དགོན་པའི་གྲྭ་མང་མཉམ་དུ་ཕྲན་ཡང་བཀའ་དབང་ཞུ་རུ་སོང་པ་ཡིན། སྐབས་དེར་དབང་ཞུ་རུ་ཡོང་མཁན་གྱི་སེར་སྐྱ་མང་ཚོགས་འདུ་འཛོམས་ཆེན་པོ་རེད། ཡིན་ན་ཡང་། རོང་བོ་དགོན་པའི་གྲྭ་བ་ཚོ་ཨ་ལགས་གཡེར་གཤོངས་ཆོས་བ་རིན་པོ་ཆེ་ཡི་བླ་བྲང་ནང་དུ་བཀོད་སྒྲིགས་བྱས་འདུག་པས་ང་ཚོ་དེ་གར་བསྡད། འཇིགས་བྱེད་ཀྱི་བཀའ་དབང་གི་ལྟ་གོན་དང་དངོས་གཞི་གཉིས་ཀ་དབུས་གཙང་གི་སྐད་ཐོག་ནས་གསུངས་སོང་མོད། འོན་ཀྱང་མི་དམངས་ཡོངས་ལ་བཀའ་སློབ་ཨ་མདོའི་སྐད་ཐོག་གསུངས་སྟབས།  སྐབས་དེ་དུས་གནང་བའི་བཀའ་སློབ་འགའ་དེ་རིང་ད་དུང་ཡང་ཕྲན་གྱི་ཡིད་ན་གསལ་བོར་འདུག  དེའི་ཉིན་མོའི་པཎ་ཆེན་རིན་པོ་མཆོག་གི་བཀའ་སློབ་ང་ཚོས་མཉམ་དུ་བསྐྱར་དུ་ཉན་ཆོག  ༼གུང་ཁྲན་ཏང་ལ་ཆོས་དགོས་ཀྱི་མ་རེད་མོད།ཡིན་ན་ཡང་། མི་དམངས་ཀྱི་རེ་བ་སྐོང་བའི་ཕྱིར་ཆོས་སྒོ་ཕྱེ་བ་རེད། ངའི་འདི་ལ་བསྟན་པ་ཡང་དར་ཟེར་གྱི་ཡོད། སྤྱིར་བོད་སྤྱི་ཚོགས་ཀྱི་ཕོར་བ་འདི་བཀྲུ་རན་ཡོད། ཡིན་ན་ཡང་། གུང་ཁྲན་ཏང་གིས་བོད་སྤྱི་ཚོགས་ཀྱི་ཕོར་བ་བཅགས་བཏང་བ་རེད། འདི་གུང་ཁྲན་ཏང་གི་ནོར་འཁྲུལ་རེད་ཅེས་མངོན་སུམ་དོད་པོས་གསུངས་པ་མ་ཟད། ད་རུང་པཎ་ཆེན་རིན་པོ་མཆོག་གིས་ཁྱེད་རང་ཚོ་ངའི་སྐད་ཆ་འདི་ལ་སྐྲག་དགོས་ཀྱི་མ་རེད། སྐད་ཆ་འདི་ངས་བཤད་སྟབས་འདིའི་འགན་ཡང་ངས་ཁུར་གི་ཡིན་ཅེས་གསུངས་པ། ༽ལོ་ངོ་སུམ་བཅུ་ལྷག་གི་རྗེས་སུ་ད་རུང་ཕྲན་གྱི་རྣ་ལམ་དུ་ཁ་སང་གསུངས་པ་བཞིན་ཡལ་མེད་པར་འདུག

སྐབས་ཐོག་དེ་འདྲ་ཞིག་ལ། གཞི་ལུས་བོད་མི་ཞིག་གིས་མངོན་སུམ་དོད་པོས་ཡོངས་བསྒྲགས་བྱས་ཏེ་བཀའ་སློབ་དེ་འདྲ་བཙན་པོ་གསུངས་ཐུབ་མཁན་སུ་ཡོད་དམ། ཐ་ན་དེང་སང་རང་དབང་ལུང་པར་ཡོད་པའི་བོད་རིགས་ཁ་ཤས་གསུམ་བཅུ་དུས་དྲན་ལ་ཡང་ཡོང་ཐུབ་ཀྱི་མེད་པ་ཁྱེད་ཚོས་ཤེས་གསལ་རེད། ཁོང་ཚོའི་བསམ་བློ་ནང་ཕ་ཡུལ་དུ་ཕྱིན་ན་དཀའ་ངལ་འཕྲད་སྲིད་པའི་དོགས་གཞི་འོག་ཡོང་གི་མེད་པ་རེད། གོང་གི་བཀའ་སློབ་འདི་གཅིག་པོས་ཀྱང་། པཎ་ཆེན་རིན་པོ་ཆེ་ཡིས་བོད་མི་དམངས་ལ་བཅིངས་བའི་ལྷག་བསམ་དང་སྙིང་སྟོབས་ཅི་འདྲ་ཞིག་ཡོད་པ་རྟོགས་ཐུབ།

ད་འདི་ནས་པཎ་ཆེན་རིན་པོ་ཆེ་ཡིས་༡༩༨༧ལོའི་སྟོན་མཇུག་ཡང་བསྐྱར་འཁྲུངས་ཡུལ་བིས་མདོ་ཕེབས་ཏེ། སེམས་བསྐྱེད་མཆོད་པ་གནང་བའི་སྐབས་ཀྱི་བཀའ་སློབ་ཞིག་དང་། ༡༩༨༥ལོར་ལྷ་སའི་སྨོན་ལམ་སྐབས་གནང་བའི་བཀའ་སློབ་ཞིག་རྒྱ་གར་ནས་ཉན་པའི་སྐོར་ཞིག་བྲིས་ཏེ། རྗེས་དྲན་དྲན་ཐོ་ཐུང་ངུ་འདིའི་མཇུག་བསྡུ་རྒྱུ་ཡིན། ༡༩༨༧ལོའི་སྟོན་མཇུག་ཞིག་ལ། ཡང་བསྐྱར་སྐུའི་འཁྲུངས་ཡུལ་བིས་མདོར་ཕེབས་ཏེ། སེམས་བསྐྱེད་མཆོད་པ་གནང་བའི་སྐབས་སུ་རོང་བོ་དགོན་པའི་གྲྭ་བ་ཚོའི་མཉམ་དུ་བིས་མདོ་གྲྭ་ཚང་ལ་གསུངས་ཆོས་ཞུ་རུ་སོང་། ང་ཚོ་སྡོད་གནས་ནི་སྔོན་ལྟར་ཨ་ལགས་གཡེར་གཤོངས་ཚང་གི་བླ་བྲང་ནང་བཀོད་སྒྲིགས་གནང་བ་ལྟར་བསྡད།  སེམས་བསྐྱེད་མཆོད་པ་གནང་ཚར་བའི་རྗེས་ཀྱི་མི་དམངས་ལ་བཀའ་སློབ་གནང་བཞིན་པའི་མཚམས་ཞིག་ལ། མི་སྐྱ་ཞིག་གིས་བཞུགས་ཁྲིའི་ཟུར་ནས་ལངས་ཏེ་རིན་པོ་ཚང་ལ་ཞུ་བཞིན་པ་ཡོད་པ་མཐོང་། རིན་པོ་ཆེ་ཚང་གི་ཞལ་རས་ཅུང་འགྱུར་ཏེ་ཐུགས་ལ་མ་བབས་པའི་རྣམ་པ་འདྲ་ཞིག་ཏུ་གྱུར་སོང་།

ཕྲན་གྱིས་རིན་པོ་ཆེ་ཚང་གི་ཞལ་རས་ལ་དོན་སྣང་ཤུགས་ཆེན་བྱེད་དོན་ནི། དེའི་སྔོན་དག་དག་ལ་བོད་ཀྱི་བླ་སྤྲུལ་ཚོར་བཀའ་གྱོན་མང་པོ་བཏང་སོང་བ་མ་ཟད། གྲྭ་བ་དཀྱུས་མ་ཚོ་ཡང་སྤུས་ཀ་ཡག་པོ་དགོས་པ་ལས། གྲྭ་བའི་སྤུས་ཀ་དང་ཀུན་སྤྱོད་ཡག་པོ་མེད་པའི་གྲྭ་བ་མང་པོ་ལས།གྲྭ་བ་ཉུང་ཉུང་སྤུས་ཀ་དང་ཀུན་སྤྱོད་གཙང་མ་ཅན་འགའ་རེ་ལས་མེད་ན་ཡང་དེའི་སངས་རྒྱས་ཀྱི་བསྟན་པ་དང་མི་དམངས་ལ་ཕན་ཐོག་ཆེ་ཚུལ་སོགས་ཀྱི་བཀའ་སློབ་གནང་སོང་། སྐབས་དེར་༥༨ཡར་སྔོན་གྱི་སྤྲུལ་སྐུ་རྒན་མོ་ཡོད་མཁན་མང་པོ་སླེབས་ཡོད་སྟབས། ཕྲན་གྱིས་རྒྱུན་ཏུ་སྤྲུལ་སྐུ་སྐྱེས་དམན་ཡོད་མཁན་ཚོས་རང་གི་ཁྱིམ་ཚང་མ་གཏོགས་མི་བསམ་མཁན་ཚོའི་ཐོག་ལྟ་སྟངས་ཡག་པོ་ཞིག་མེད་པས། བཀའ་སློབ་དེ་ནད་ཐོག་ལ་སྨན་བཞིན་དུ་མཐོང་སོང་བས་རེད།

གང་ལྟར་བཞུགས་ཁྲིའི་ཟུར་གྱི་མི་སྐྱ་དེ་ཕར་ཕྱིན་ཚར་རྗེས་སུ། པཎ་ཆེན་རིན་པོ་ཆེ་ཡི་ཞལ་རས་ལ་ཁྲོ་ཉམས་ལྟ་བུ་ཞིག་གི་སྒོ་ནས་བཀའ་སློབ་འདི་ལྟར་གནང་སོང་། ༼ད་ལྟ་རང་ཀྲུང་དབྱངས་ནས་བརྡ་ལན་འབྱོར་གསལ་ལ། ལྷ་ས་ནས་བོད་མི་ཚོས་རང་བཙན་དགོས་ཀྱི་ཡོད་ཟེར་ནས་ངོ་རྒོལ་བྱས་འདུག་ཟེར། དོན་རྐྱེན་གུང་ཁྲན་ཏང་གིས་བཟོས་རྗེས་སུ།  གནད་དོན་དེའི་སྐོར་གྱི་མི་དམངས་ལ་ཁ་བརྡ་སློབ་གསོ་ང་ལ་རྒྱག་རོགས་ཟེར། ང་ལ་འགན་ཁུར་ཡོད་པ་བདེན་པ་རེད། ཡིན་ན་ཡང་། ངས་བཤད་ན་ཉན་གི་ཡོད་མེད་མི་ཤེས་ཅེས་གསུངས་ཏེ། དུས་ཚོད་སྐར་ཆ་འགའ་ལ་ཅི་ཡང་མི་གསུངས་བར་ཞལ་རས་སྔོན་ལྟར་ཅུང་ཁྲོ་ཉམས་ཀྱིས་བཞུགས་སོང་།  ༽རྗེས་ནས་ཤེས་གསལ་ལ། རིན་པོ་ཚང་གི་བཞུགས་ཁྲིའི་གཡས་གཡོན་ན་དམག་ཆས་སྤྲས་ཏེ་ལག་ཏུ་མཚོན་ཆ་བཟུང་བའི་རྒྱ་མིའི་དམག་མི་འགའ་ཡོད་པ་ཚོ་བརྗེ་བོ་རྒྱབ་སྟེ། ལན་ཀྲུག་དམག་སྒར་ནས་དམག་མི་འགའ་ཡོང་བ་རེད་ཟེར། སྔོན་མའི་དམག་མི་དེ་ཚོ་ཞིན་ཧྭ་རྫོང་གི་དམག་མི་ཚོ་རེད་ཟེར། གང་ལྟར་ཡང་འདི་འདྲའི་རང་དབང་སྤུ་ཙམ་མེད་ན་ཡང་། བོད་མི་དམངས་ཀྱི་ཆེད་དུ་བཀའ་སློབ་གང་གནང་དགོས་ཀྱང་ཐུགས་སྤོབས་ལ་ཞུམ་མེད་པར་གསུངས་ཐུབ་ཡོད།  མ་ཟད་སྐབས་དེའི་ཆབ་སྲིད་བཙོན་པ་མང་པོ་ཡང་།དེང་སང་གི་ཆབ་སྲིད་ཀྱི་དོན་རྐྱེན་ཆུང་ཚགས་ཞིག་ལ་ཁ་གཡར་ཏེ་ཁྲིམས་ཐག་གཅོད་པ་ལྟར་མ་ཡིན་པར། སྐུ་འཚོ་བཞུགས་སྐབས་ཁྲོམ་སྐོར་དུ་སོང་སྟེ་འཛིན་བཟུང་བྱས་བའི་ཆབ་སྲིད་བཙོན་པ་མང་པོ་ཡང་གློད་གྲོལ་གཏོང་ཐུབ་ཀྱི་ཡོད། འདིའི་སྐོར་དེང་སང་བཙན་བྱོལ་གཞུང་གི་བོད་མི་ཚོས་ཤེས་ཀྱི་ཡོད་མེད་མི་ཤེས་མོད། འོན་ཀྱང་བོད་ནང་གི་གཞི་ལུས་མི་དམངས་ཚོས་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས། བོད་ཀྱི་དགོན་སྡེ་ཁག་དང་སློབ་གྲྭའི་ནང་ཡང་སློབ་དེབ་སོགས་བོད་ཡིག་ནང་ཁྲིད་པ་ལ་དཀའ་ངལ་མེད་པ་ཤེས་ཀྱི་ཡོད།

ལོ་རབས་དགུ་བཅུའི་ནང་ང་རང་རྒྱ་གར་རྡ་རམ་ས་ལར་ཡོད་པའི་སྐབས། བཙན་བྱོལ་གཞུང་གི་ཕྱི་དྲིལ་ལས་ཁུང་བརྒྱུད་ནས། པཎ་ཆེན་རིན་པོ་ཆེ་ཡི་བཀའ་སློབ་སྒྲ་ཐག་འཁོར་ལོ་ཅན་ཞིག་རེག་སོང་། བཀའ་སློབ་དེ་ནི་ཕལ་ཆེར༡༩༨༥ལོའི་སྨོན་ལམ་སྐབས་གསུངས་པ་ཞིག་ཡིན་སྙམ། བཀའ་སློབ་དེའི་ནང་གསུངས་བའི་ཚིག་འགའ་འདིར་བསྐྱར་དུ་བཀོད་དེ་ང་ཚོའི་མཉམ་དུ་བལྟ་ཆོག   ༼དེང་སང་མི་ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེ་དང་ངེད་གཉིས་འཆམ་མཐུན་མེད་ཚུལ་བཤད་ཀྱི་འདུག་མོད། ཡིན་ན་ཡང་། རྒྱལ་བ་རིན་པོ་ཆེ་དང་ངེད་གཉིས་ཆོས་གྲོགས་ཡིན་པས་ངེད་གཉིས་བར་ལ་མི་འགྲིག་མི་མཐུན་པ་ཅི་ཡང་མེད། ཁྱེད་རང་ཚོ་དཀྲུགས་ཤིང་གི་སྐད་ཆའི་ནང་ནམ་ཡང་མགོ་འཁོར་གྱི་ཡོད་པ་མ་རེད། དེའི་རྗེས་༧གོང་ས༧་རྒྱལ་བ་རིན་པོ་ཆེ་ཡིས་ཀྱང་རྡོ་རྗེ་གདན་ན་དུས་འཁོར་དབང་ཆེན་གནང་གི་ཡོད་པས། སངས་རྒྱས་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཆེད་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚེ་ཞབས་པད་བརྟན་པ་དང་། ཡང་སྒོས་ཕྱིར་བོད་ཁ་བ་གངས་ཅན་ལ་མྱུར་བ་མྱུར་དུ་ཕེབས་ཐུབ་པའི་སྨོན་ལམ་ང་ཚོ་ཆ་ཚང་གིས་འདེབས་ཅེས་༽གསུངས་འཕྲིན་དེ་ཐོས་དུས། ང་རང་ཡང་རང་དབང་མེད་པར་མིག་ཆུ་ཤོར་མྱོང་ཡོད། རྒྱུ་མཚན་ནི། ང་རང་བོད་ན་ཡོད་དུས་ངས་ཀྱང་རྒྱལ་བ་རྣམ་གཉིས་དོག་ཙམ་འཆམ་མཐུན་མེད་པའི་གཏམ་འཆལ་དེ་ཐོས་མྱོང་ཡོད་པའི་རྐྱེན་རེད། དེང་སང་ཁ་ཕྱིར་འཁོར་ནས་བསམ་བློ་གཏོང་དུས། འདི་འདྲའི་དཀྲོགས་གཏམ་གུང་ཁྲན་ཏང་གིས་ཆེད་མངགས་ཀྱིས་བཟོས་ཏེ་བོད་མི་དམངས་ནང་ཁྱབ་སྤེལ་བྱས་པ་ཞིག་ཡིན་པ་ཤེས་ཐུབ་ཀྱི་འདུག  ཀློག་མཁན་ཡོངས་ལ་ཞུ་རྒྱུ་ཞིག་ལ། ལས་ཀའི་བར་གསེང་ཞིག་ནས་བྲིས་སྟབས་ཆད་ལྷག་སོགས་ཤོར་སྲིད་པས་དགོངས་འགལ་མེད་པར་ཞུ།  འདིར་ཞུ་རྒྱུ་ཞིག་ལ།སྐབས་རེ་པཎ་ཆེན་རིན་པོ་ཡི་མིང་འདི་རིན་པོ་ཆེ་ཡི་ཞེས་བྲིས་ཡོད།ཨ་མདོ་ལུང་པ་ནས་རྒྱལ་བ་རྣམ་གཉིས་མ་གཏོགས། རིན་པོ་ཆེ་ཞེས་བའི་ཚིག་འདི་སྤྲུལ་སྐུ་ཡོད་ཚད་ལ་མི་འབོད་པས་དེ་ལྟར་བྲིས་པ་ཡིན།

བསྐྱར་བཅོས།: ༢༠༡༩/༠༡/༣༠

Leave a Reply

One thought on “པཎ་ཆེན་རིན་པོ་ཆེར་ཐོག་མར་མཇལ་བ།

  1. ཀླུ་སྨྱོན།

    ཁྱེད་བསོད་བདེ་ལ། ངས་དེ་དུས་མང་རྫོང་ནས་རྟ་སྒ་མེད་ཅིག་ལ་ཞོན་ནས་ཉིན་ལམ་ལྔ་དྲུག་ཅིག་བརྒྱུད་དེ་ར྄རྩེ་ཁོག་དང་དེ་ནས་ཤར་རླུང་རླངས་འཁོར་ལ་བསྡད་ནས་རེབ་གོང་ལ་བསླེབས།