ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་གཞུང་མང་གཉིས་ནས་བདེན་པའི་བདེན་རྒྱབ་གནང་སྟེ་དུས་ཡུན་རིང་པོར་བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་གསུངས་འདུགཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་མངའ་ཁུལ་ས་གནས་བོད་རིགས་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད་པ་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་བསྩལ་ཏེ། དེ་རིང་དུས་ཚོད་འདིར་ངོས་རང་མི་ལོ་རྒན་ལོ་བརྒྱད་ཅུ་གྱ་བཞིར་ཉེ་བ་ཞིག་གིས་འདས་པའི་ལོ་རྒྱུས་དེ་དག་རྗེས་སུ་དྲན་པའི་ཐོག་ནས་ངོས་ཀྱི་ངོ་ཤེས་མི་མང་པོ་ཞིག་འདས་ཟིན་པ་རེད་དེ། ཡིན་ན་ཡང་། ཁོང་རྣམ་པའི་ཤ་ཚ་དང་སེམས་འཁུར་བྱས་པའི་འབྲས་བུ་ད་ལྟ་ཡིན་ནའང་བསྡད་ཡོད་པ་རེད། བོད་རྒྱ་ཆེའི་མི་མང་གི་བསམ་བློའི་ནང་དུ་དངོས་གནས་བོད་མི་ཚོར་ཤ་ཚའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཚོའི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མ་རེད། ཅེས་གསུངས་འདུག

དེ་ཡང་༧གོང་ས་མཆོག་གི་གསུང་འཕྲིན་ནང་། དེ་རིང་ཁྱེད་རང་ཚོ་ཨ་རིའི་དོན་གཅོད་ཐེ་བའི་འབྲེལ་ཡོད་ཚོགས་པ་ཁག་དང་ས་གནས་བོད་རིགས་ཚོགས་པ་བཅས་ཀྱིས་ཨ་རི་ལ་ཐུགས་རྗེ་ཆེ་ཟེར་བའི་མཛད་སྒོ་ཞིག་ཚོགས་བཞིན་ཡོད་པར་བརྟེན། ངོས་ཀྱི་བསམ་ཚུལ་དང་འབྲེལ་བའི་ཐོག་ནས་འདིར་ཐུགས་རྗེ་ཆེ་ལབ་ཀྱི་ཡོད། ཕྱོགས་གཅིག་ནས་ཨ་རི་ནི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཅིག་རེད། སྟོབས་ཆེན་རྒྱལ་ཁབ་དེའང་རང་དབང་དང་མང་གཙོ། ཁྲིམས་ཀྱི་དབང་སྒྱུར་ལྡན་པ། རང་དབང་ལྡན་པའི་འཛམ་གླིང་སྤྱིའི་མིག་ལྟོས་བྱེད་ས་ཞིག་དང་བློ་གཏད་བཅོལ་ས་ཞིག་ཆགས་ནས་གལ་ཆེན་པོ་ཞེ་དྲགས་ཆགས་བསྡད་ཡོད་པ་རེད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པར་ཆ་བཞག་ན། སྐབས་དེར་ཨ་རི་རང་དབང་དང་མང་གཙོ་འགན་སྲུང་བྱེད་མཁན་ཞིག་ཆགས་པ་ཧ་ཅང་རྩ་ཆེན་པོ་རེད། ང་རང་ཚོ་བོད་པར་ཆ་བཞག་ན་དབྱིན་ཇི་ནི་དེ་སྔ་ནས་རྒྱུས་ཡོད་ཡོད་པ་རེད། བོད་པ་ཚོས་འཇར་མན་ཟེར་ནས་དོ་སྣང་ཞེ་དྲགས་བྱེད་ཀྱི་ཡོད་པ་རེད། དེ་ནས་ཨ་རི་རེད། གང་ལྟར་བོད་དུ་དུས་ལོག་ཡོང་བའི་སྐབས་བོད་པ་ཚོས་ཨ་རིར་རེ་བ་དང་བློ་གཏད་ཞེ་དྲགས་བཅོལ་ནས་བསྡད་པ་རེད། ཕྱི་ལོ་༡༩༥༠ ནང་དུས་ལོག་གི་ཐོག་མའི་གནས་ཚུལ་ཡོང་བའི་སྐབས་བོད་པའི་གནས་ཚུལ་དེ་འཛམ་གླིང་རྒྱལ་ཚོགས་ལ་ཞུས་པ་རེད། སྐབས་དེར་རྐང་ཨ་རིའི་ཤུགས་རྐྱེན་འོག་མ་ལི་ཞི་ཡ་དང་། ཨེལ་སེལ་ཝ་ཌོར་(El Salvador)གཉིས་ཀྱིས་ཞུ་བརྒྱུད་བྱས་ནས་འཛམ་གླིང་རྒྱལ་ཚོགས་ལ་ཞུས་པ་རེད། དེར་བརྟེན། ཨ་རིས་མགོ་སྟོད་ནས་བོད་དོན་ཐོག་དམིགས་བསལ་གྱི་ཤ་ཚ་དང་བདེན་པའི་བདེན་རྒྱབ་བྱས་པ་རེད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ངོས་རང་སྒེར་ལ་ཆ་བཞག་ན་ཕར་ཆེ་ ༡༩༤༢ ཙམ་ཡིན་པ་ཡོད། སྐབས་དེར་དམག་ཆེན་མུ་མཐུད་གནས་ཡོད། ཨ་རི་བ་ཊོལ་སི་ཊོ་ཡེ་(IIia Tolstoy) དང་ཁོང་གི་རོགས་པ་ལྷ་སར་འབྱོར་བྱུང་། དེ་དུས་ཨ་རིའི་སྲིད་འཛིན་རོ་སི་ཝིལ་ཊི་(Roosevelt)རེད། ཁོང་གིས་ཕྱག་ཡིག་གཅིག་དང་ཁོང་གི་པར་ས་ཡིག་སྦྱར་མ་ཞིག དངུལ་གྱིས་བཟོས་པའི་གྲུ་གཟིངས་ཤིག ཆུ་ཚོད་གཅིག་བསྐུར་བ་ནི་འདི་རེད།  དེ་དུས་ངོས་རང་ཆུང་ཆུང་ཡིན་སྟབས་ཕྱག་ཡིག་ལ་དོ་སྣང་དེ་ཙམ་མ་བྱུང་བར་ཆུ་ཚོད་འདི་ལ་དོ་སྣང་ཆེན་པོ་བྱས་པ་རེད། དེ་ནས་བཟུང་ཆུ་ཚོད་འདི་ངོས་ཀྱིས་ཉར་བསྡད་པ་རེད། ཕྱིས་སུ་ཐེངས་ཤིག་ངོས་རང་ཨ་རིར་ཕྱིན་པའི་སྐབས་ནེན་སི་པེ་ལོ་སི་ཁོང་གིས་ཆུ་ཚོད་འདི་མཐོང་འདོད་ཡོད་ཟེར་གྱི་འདུག དེར་བརྟེན་རྗེས་ནས་ངོས་རང་ཨ་རིར་ཕྱིན་པའི་སྐབས་ཆུ་ཚོད་འདི་ཆེད་མངགས་ཁྱེར་ནས་ཁོང་ལ་བསྟན་པ་ཡིན་ལ།  ཁོང་གིས་སྐབས་དེར་ང་ཚོ་དང་ལྷན་མི་བཅུ་གྲངས་ཤིག་ཡོད་པ་ཚང་མར་ཆུ་ཚོད་དེ་བསྟན་སོང་།

གང་ལྟར་ངོས་རང་སྒེར་ལ་ཆ་བཞག་ན་ཕྱི་ལོ་ ༡༩༤༢ ནས་བཟུང་སྔ་ས་ནས་འབྲེལ་བ་ཆགས་ཡོད། དེའི་རྗེས་སུ་ངོས་རང་དངོས་སུ་ཨ་རིར་འགྲོ་རྒྱུའི་གོ་སྐབས་བྱུང་ནས་ཨ་རིའི་སྲིད་འཛིན་སྔ་རྗེས་མང་པོ་ཞིག་ངོས་ཀྱིས་མཇལ་རྒྱུའི་གོ་སྐབས་བྱུང་ཡོད། ལྷག་པར་དུ་ཨོ་བྷ་མ་ལྟ་བུ་ཡིན་ན་ཁོང་རང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་རག་མཁན་ཞིག་རེད། ཁོང་གིས་སྐབས་དེར་དེ་སྔ་སྲིད་འཛིན་རོད་སེ་ཝལ་ཊིའི་ཕྱག་ཡིག་དེའི་ངོ་བཤུས་ཤིག་དང་སྲིད་འཛིན་ཊོར་མན་(Truman)མཆོག་གི་ཕྱག་ཡིག་ངོ་བཤུས་དེ་ངོས་ལ་གནང་བྱུང་། དེ་ཚོ་ཚང་མ་དཔང་རྟགས་རང་རེད།

ལོ་ངོ་བཅུ་ཕྲག་མང་པོ་ཞིག་རིང་ལ་ང་ཚོའི་དབར་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་དང་། ཨ་རིའི་སྲིད་འཛིན་སྔ་རྗེས་ཀྱིས་བོད་དོན་ཐོག་ཤ་ཚ་དང་རྒྱབ་སྐྱོར། སེམས་འཁུར་ཡོད་པ་མཚོན་བསྡད་པ་ཞིག་རེད། དེར་བརྟེན་དེ་རིང་དུས་ཚོད་འདིར་ངོས་རང་མི་ལོ་རྒན་ལོ་བརྒྱད་ཅུ་གྱ་བཞིར་ཉེ་བ་ཞིག་གིས་འདས་པའི་ལོ་རྒྱུས་དེ་དག་རྗེས་སུ་དྲན་པའི་ཐོག་ནས་ངོས་ཀྱི་ངོ་ཤེས་མི་མང་པོ་ཞིག་འདས་ཟིན་པ་རེད་དེ། ཡིན་ན་ཡང་ཁོང་རྣམ་པའི་ཤ་ཚ་དང་སེམས་འཁུར་བྱས་པའི་འབྲས་བུ་ད་ལྟ་ཡིན་ནའང་བསྡད་ཡོད་པ་རེད། བོད་རྒྱ་ཆེའི་མི་མང་གི་བསམ་བློའི་ནང་དུ་དངོས་གནས་བོད་མི་ཚོར་ཤ་ཚའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཚོའི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མ་རེད། དེར་བརྟེན་དེ་རིང་གོ་སྐབས་འདིར་བརྒྱུད་ནས་ཁྱེད་རང་ཚོས་ཨ་མི་རི་ཀའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཐུགས་རྗེ་ཆེ་ཞུ་བཞིན་པར་ངོས་ནས་ཀྱང་འདིར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༢/༡༣

Leave a Reply