བོད་མིའི་ཚོང་ཁང་མང་པོ་མེར་སྲེག་བཏང་།

རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ནང་གཞུང་གིས་གཏན་སྡོད་ཆོག་མཆན་དཔང་ཡིག་ཡུལ་མི་མ་ཡིན་པ་ཚོར་སྤྲོད་ཀྱི་ཡོད་པའི་རྩོད་རྙོག་བྱུང་སྟེ་ཡུལ་མི་ཚོས་གཞུང་མང་གི་རྒྱུ་ནོར་གཏོར་བཅོམ་དང་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨེ་ཊ་ན་གར་(Itanagar)ནང་རྒྱ་གར་རྒྱལ་ཡོངས་འོས་བསྡུ་བསླེབ་ལ་ཉེ་བ་དང་བསྟུན། ས་གནས་ཡུལ་མི་དང་སློབ་ཕྲུག་མཉམ་འབྲེལ་མཐུན་ཚོགས་སོགས་ཀྱིས་མངའ་སྡེའི་གཏན་སྡོད་ཆོག་མཆན་དཔང་ཡིག་ཟེར་བ་ (Permanent Residency Certificates) ཡུལ་མི་མ་ཡིན་པ་ཚོར་སྤྲོད་ཀྱི་ཡོད་པའི་རྩོད་རྙོག་བྱུང་སྟེ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པའི་ཁང་པ་དང་། ནེ་ཧར་ལ་གྷན་གྲོང་ཚོའི་ནང་ཡོད་པའི་ཐོག་རྩེག་བཞི་ཅན་གྱི་ཚོང་ར་ཆེན་པོ་ཞིག་བཅས་མེར་སྲེག་བཏང་བར་བརྟེན།  ཐོག་རྩེག་དེའི་ནང་ཡོད་པའི་ས་གནས་བོད་མིའི་ཚོང་ཁང་ ༡༤ ལ་མེར་སྐྱོན་ཆེན་པོ་ཤོར་ཏེ་ཅ་དངོས་སོགས་འབོར་ཆེན་འཚིགས་ཡོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཚོང་ར་ཆེན་པོ་དེ་མངའ་སྡེའི་ཁོར་ཡུག་དང་ནགས་ཚལ་བློན་ཆེན་ན་བྷམ་རེ་བྷི་ཡའི(Nabam Rebia) ལགས་ཀྱི་ཡིན་པ་དང་། ཐོག་རྩེག་དེ་མེར་སྲེག་གཏོང་དོན་ནི་བློན་ཆེན་ན་བྷམ་ལགས་ཀྱིས་མགོ་འཁྲིད་པའི་ཚོགས་ཆུང་ཞིག་གིས་ཐེངས་འདིའི་གཏན་སྡོད་ཆོག་མཆན་དཔང་ཡིག་སྤྲོད་དགོས་པའི་གྲོས་གཞི་བཏོན་པ་ཡིན་ལུགས་བརྗོད་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་གནས་ཚུལ་དེའི་སྐོར་དྲིས་པར་ཁོང་གིས། ཕྱི་ཚེས་ ༢༤ ཉིན་གྱི་ཉིན་རྒྱབ་ཙམ་ལ་ཨེ་ཊ་ན་གར་གྱི་ཡུལ་མི་དང་སློབ་ཕྲུག་མཉམ་འབྲེལ་མཐུན་ཚོགས་གིས་ངོ་རྒོལ་ལས་འགུལ་སྤེལ་ཏེ། གཏན་སྡོད་ཆོག་མཆན་དཔང་ཡིག་(Permanent Residency Certificates) ཡུལ་མི་མ་ཡིན་པ་ཚོར་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཞིག་བྱུང་བར་ངོ་རྒོལ་བྱས་ཡོད་པ་དང་། མངའ་སྡེའི་བློན་ཆེན་མཆོག་གིས་གཞུང་ངོས་ནས་གནས་ཚུལ་དེ་བདེན་པ་མ་རེད་ཅེས་གསུངས་ཡོད་ན་ཡང་། གནས་ཚུལ་ཆེན་པོ་ཆགས་ནས་སྤྱི་ཁྱབ་བློན་ཆེན་གཞོན་པའི་ཁང་པ་གཏོར་བ་མ་ཟད་མེར་སྲེག་བཏང་པའི་གནས་ཚུལ་བྱུང་ཡོད་པ་དང་། དོན་རྐྱེན་དེའི་ཁྲོད་བོད་མིའི་ཚོང་ཁང་ ༡༤ ཡོད་པའི་ཚོང་ཁང་ཆེན་མོ་དེ་ཆ་ཚང་མེར་སྲེག་བཏང་ཡོད་པ་མ་ཟད། ད་ལྟའི་ཆར་ཚོང་ཁང་ནང་འཛུལ་ཐུབ་ཀྱི་མེད་པའི་དཀའ་ངལ་ཆེན་པོ་བྱུང་གི་ཡོད་པ་དང་། ང་ཚོས་ཐད་ཀར་ས་གནས་ལ་འབྲེལ་བ་བྱས་ཏེ་ནང་སྲིད་ལས་ཁུངས་ངོས་ནས་ག་རེ་བྱེད་རྒྱུ་ཡོད་པ་དེ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

བོད་མིའི་སྒྲིག་འཛུགས་ངོས་ནས་གནས་ཚུལ་དེའི་ཐད་ཐག་གཅོད་ག་རེ་གནང་གི་ཡོད་པ་དང་ས་གནས་བོད་མི་ཚོའི་བདེ་འཇགས་ལ་ཉེན་ཁ་སོགས་འཕྲད་ཀྱི་ཡོད་མེད་དྲིས་པར། ད་ལྟའི་ཆར་གཞན་ཕར་ཞོག་བློན་ཆེན་སོགས་ཀྱང་ཕྱི་ལ་ཉེན་གཡོལ་དུ་ཕེབས་དགོས་ཆགས་ཡོད་པ་རེད། དེ་བས་ང་ཚོ་ལམ་སང་ཕར་ལ་སོང་ནས་བསླེབ་ཐུབ་པའི་གནས་སྟངས་མེད་པ་དང་། འབྲེལ་ཡོད་དང་བཀའ་མོལ་གྱིས་གནས་ཚུལ་གང་ཡག་ལ་ལྟ་མུས་ཡིན་སྐོར་བརྗོད་བྱུང་བ་དང་། དེ་བཞིན་བོད་མི་ཚོས་བདེ་འཇགས་ཐད་ཉེན་ཁ་འཕྲད་མི་སྲིད་པ་ཞིག་མིན་པ་དང་། ཨ་རུ་ན་ཅལ་གྱི་དཀའ་ངལ་དེ་འོས་ཤོག་གི་གནད་དོན་ཞིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་འོས་བསྡུ་དེ་ཕྱི་ཟླ་ ༥ ནང་ཡོང་གི་ཡོད་དུས་ཡང་བསྐྱར་ཁོང་ཚོའི་ཆབ་སྲིད་ཀྱི་གནས་དོན་དེ་འདྲའི་རྐྱེན་གྱིས་མཐའ་མའི་ཐུབ་ཚོད་བྱེད་ས་དེ་ག་དུས་ཡིན་ནའང་བོད་པ་ཚོ་ཆགས་ཡོད་པ་དང་། ད་སྔ་བོད་མི་ཚོར་རྨས་སྐྱོན་སོགས་བྱུང་མེད་ན་ཡང་དཔལ་འབྱོར་གྱི་དོ་ཕོག་ཆེན་པོ་བྱུང་ཡོད་པ་དང་། ད་ལྟའི་ཆར་དཔལ་འབྱོར་གྱི་གྱོང་གུད་ག་ཚོད་ཐེབས་ཡོད་མེད་ཚོད་དཔག་ཐུབ་ཀྱི་མེད་ན་ཡང་། དེའི་སྐོར་ཀྱི་གནས་ཚུལ་རག་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་འདིའི་སྐོར་ལ་རྒྱུས་ཡོད་ཅིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། ཉིན་ ༥ ཙམ་སྔོན་ནས་ཡུལ་དེར་རྙོག་དྲ་བྱུང་ནས་ཚོང་ཁང་ཚང་མའི་སྒོ་བརྒྱབས་ཡོད་པ་དང་། གཟའ་ཉི་མའི་ཕྱི་དྲོ་ཙམ་ལ་བོད་མིའི་ཟ་ཁང་དང་ཚོང་ཁང་ཡོད་པའི་ཁྲོམ་ར་དེར་སློབ་ཕྲུག་ངོ་རྒོལ་བ་ཚོས་མེ་བརྒྱབས་ཡོད་པ་རེད། བོད་མི་ཚོས་ཚོང་ཁང་སྒོ་བརྒྱབས་ཏེ་ནང་ན་ཡོད་པས་ཚོག་ཟོག་རྣམས་ཚོང་ཁང་ནས་ཕྱིར་འདོན་ཐུབ་མེད་སྟབས་ཅ་དངོས་རྣམས་མེར་འཚིགས་ཡོད་པ་དང་། ཟིང་འཁྲུག་ཆེན་པོ་ལངས་ཡོད་རྐྱེན་ཞེད་སྣང་འོག་ཚོང་ཟོག་ཕྱིར་ལེན་ཐུབ་མེད་པ་མ་ཟད། ད་ལྟ་ས་གནས་ལ་དྲ་བ་བཅད་ཡོད་པ་དང་ཁ་པར་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་པས་གནས་ཚུལ་དེ་ཙམ་ལས་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་བོད་མིར་རྨས་སྐྱོན་བྱུང་མེད་སྐོར་འགྲེལ་བརྗོད་བྱས་བྱུང་།

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༧ ཉིན་བྷི་ཇེ་པི་སྲིད་དོན་ཚོགས་པས་བཏོན་པའི་མི་སེར་ཁྲིམས་འཆར་དེར་གྲོས་ཚོགས་འོག་མས་མོས་མཐུན་བྱས་པར་བརྟེན། བྱང་ཤར་ཁུལ་གྱི་གདོད་མའི་མི་རིགས་རྣམས་ཀྱིས་ཁྲིམས་འཆར་དེར་ངོ་རྒོལ་དྲག་པོ་བྱས་ཡོད་འདུག ཁྲིམས་འཆར་དེའི་ནང་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤི་དང་། ཨཧྥ་གྷན། པཱ་ཀི་སི་ཐན་གྱི་ཁ་ཆེ་ཆོས་ལུགས་མ་ཡིན་པའི་གནས་སྤོར་བ་དག་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༡༢ ཚེས་ ༣༡ སྔོན་ནས་རྒྱ་གར་ལ་འབྱོར་ཡོད་ཚེ། ཁོ་ཚོར་རྒྱ་གར་གྱི་མི་སེར་ལག་འཁྱེར་སྤྲོད་རྒྱུ་ཡིན་པ་འཁོད་ཡོད་སྟབས། བྱང་ཤར་ཁུལ་གྱི་གདོད་མའི་མི་རིགས་རྣམས་ཀྱིས་རང་གི་ཁེ་དབང་དང་། རིག་གཞུང་སོགས་ལ་ཕྱིའི་མི་རིགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་དོགས་པ་དང་། གཞན་ཡང་ཁྲིམས་འཆར་དེས་ཆོས་ལུགས་ཀྱི་དབྱེ་མཚམས་བཀར་ཡོད་པ་མ་ཟད། ཕྱི་ལོ་ ༡༩༨༥ ལོའི་ཨ་སམ་ཆིངས་ཡིག་ནང་ ༡༩༧༡ ལོའི་རྗེས་སུ་འབྱོར་བའི་ཕྱིའི་མི་སེར་སུ་རུང་ཞིག་ཨ་སམ་མངའ་སྡེ་ནས་ཕྱིར་འཕུད་གཏོང་དགོས་པའི་འབྲུ་དོན་དང་འགལ་གྱི་ཡོད་པས་ཡིན་འདུག

མི་སེར་ཁྲིམས་འཆར་དེ་རྒྱ་གར་གྱི་གྲོས་ཚོགས་འོག་མས་མོས་མཐུན་རྒྱབ་སྐྱོར་བྱས་ཏེ་གྲོས་ཚོགས་གོང་མར་ཕུལ་ཡོད་ཀྱང་། བྱང་ཤར་ཁུལ་གྱི་ངོ་རྒོལ་ཟིང་འཁྲུག་གི་རྐྱེན་པས་གྲོས་ཚོགས་གོང་མས་ཐག་གཅོད་གཏན་འབེབ་བྱེད་ཐུབ་མེད་པ་མ་ཟད། གྲོས་ཚོགས་གོང་མའི་ཚོགས་འདུ་དེ་དུས་ཡུན་ངེས་མེད་ཐོག་གྲོལ་བར་བརྟེན། གྲོས་ཚོགས་འོག་མས་བཏོན་པའི་ཁྲིམས་འཆར་རྣམས་རང་ཤུགས་ཀྱིས་ནུས་མེད་དུ་གྱུར་ཡོད་པ་དང་། མི་སེར་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབ་བྱུང་ཐུབ་མེད་སྟབས་རྒྱ་གར་བྱང་ཤར་ཁུལ་གྱི་གདོད་མའི་མི་རིགས་རྣམས་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་སྟེ། བྱང་ཤར་གྱི་ངོ་རྒོལ་ཟིང་འཁྲུག་གི་དོན་རྐྱེན་དེ་གནས་སྐབས་ཞི་འཇགས་ལྟ་བུ་བྱུང་ཡོད་ཀྱང་། ཉེ་ཆར་ལྷན་ཚོགས་ཤིག་གིས་ཨ་རུ་ན་ཅལ་མངའ་སྡེའི་གདོད་མའི་མི་རིགས་མ་ཡིན་པའི་ཚོགས་སྡེ་ ༦ ལ་གཏན་སྡོད་ཆོག་མཆན་ཡི་གེ་སྤྲད་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱུང་བར་བརྟེན། ཨ་རུ་ན་ཅལ་གྱི་ས་གནས་མི་མང་བརྒྱ་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར་དང་པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༠༡

Leave a Reply to བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ Cancel Reply

One thought on “བོད་མིའི་ཚོང་ཁང་མང་པོ་མེར་སྲེག་བཏང་།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    རང་བཙན་ཡོད་པའི་མང་གཙོའི་རྒྱལ་ཁབ་ནང་མི་མང་གི་ལས་འགུལ་ལས་ནུས་པ་
    ཆེ་བ་གང་ཡང་མེད་ན་བཟང་པོའོ་ཞོར་ལ་ཇ་ཆང་དང་ངན་པའི་རྗེས་ལ་རྒྱུགས་
    སྡུང་ཟེར་བའི་དཔེ་ལྟར་བོད་མི་བཙན་བྱོལ་ཚོ་རང་ས་ལག་ཐིལ་ཙམ་ཡང་མེད་པ་
    ནས་འགྲོ་བཟོ་སྡོད་མཁས་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེར་སོང་རང་ས་དང་རང་བཙན་མེད་
    ན་དཀའ་ངལ་འདི་ལས་ཆེ་བ་ཡོང་རྒྱུ་ཡིན་པ་ང་ཚོའི་བྱེད་སྟངས་དང་ལས་སྟངས་ནས་ངོ་
    འཕྲོད་ཐུབ་པ་དང་དོན་དངོས་རང་བཙན་མེད་པའི་མི་རིགས་ཞིག་མིའི་ལུང་པའི་ནང་འཛུགས་
    བསྐྲུན་རྒྱ་སྐྱེད་བྱ་རྒྱུ་དེ་རང་འགོ་རང་གི་སྡུང་བ་མ་རེད་དམ།