ཆབ་སྲིད་བཙོན་པས་མནར་གཅོད་མྱོང་བཞིན་འདུག

ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་དགེ་འདུན་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་ཐབས་མཁས་རྒྱ་མཚོ་ལགས་གཉིས་ནད་མནར་འོག་མུ་མཐུད་བཙོན་ཁང་དུ་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟའང་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་དང་། བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་ཀྱང་ནད་ཀྱིས་མནར་ཞིང་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་མེད་པའི་བཙོན་ཟུར་གང་མང་ཞིག་ཡོད་པ་ལྟར། འདི་གར་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ས་བྱི་ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་མིག་ཡ་གཅིག་ནད་པ་ཆགས་ཡོད་པ་དང་། དེ་བཞིན། ས་བྱིའི་ལོར་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་པའི་དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས་ཀྱི་གཟུགས་པོའི་ཕྱེད་ཀ་ནད་པར་གྱུར་ཡོད་པ་མ་ཟད། མིག་གཉིས་ཀྱང་ནད་པ་བཟོས་ཡོད་འདུག

དེ་ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་པའི་བསང་ཆུ་རྫོང་བླ་བྲང་གྲོང་རྡལ་ཙ་ཡུས་སྡེ་བའི་རང་ལོ་ ༤༥ ཡིན་པ་སྐལ་བཟང་རྒྱ་མཚོ་ལགས། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢ ཉིན་གྱི་ནམ་གུང་ཙམ་ལ་གསང་སྟབས་ཀྱིས་ཀན་སུའུ་ཞིང་ཆེན་པེ་ཡེན་(白银)བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་ཀྱང་། ད་དུང་དགོན་པའི་ཚོགས་གྲལ་དང་ཆོས་ལུགས་བྱེད་སྒོར་ཞུགས་མི་ཆོག་པ་མ་ཟད། ཉེན་རྟོག་ཕྱོགས་ནས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག སྐལ་བཟང་རྒྱ་མཚོ་ལགས་ཕྱི་ལོ་༢༠༠༩ ཟླ་ ༣ ཚེས་ ༡༨ ཉིན་བླ་བྲང་ཕྱོགས་ནས་གཙོས་གྲོང་ཁྱེར་དུ་ཉེན་གཡོལ་དུ་ཕྱིན་སྐབས། ལམ་བར་ནས་བསང་ཆུ་རྫོང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཡུན་རིང་གར་སོང་ཆ་མེད་དུ་གྱུར་རྗེས། ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་ལས་འགུལ་ལ་སྣེ་འཁྲིད་བྱས་པ་དང་། ཕྱི་ལོ་༢༠༠༨ ལོའི་ཟླ་ ༤ ཚེས་༩ ཉིན་རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་བཀྲ་ཤིས་འཁྱིལ་དུ་འབྱོར་སྐབས། ས་གནས་བོད་མིའི་གནས་སྟངས་འགྲེལ་བརྗོད་བྱས་ཏེ་རྒྱལ་ཁབ་ཁ་བྲལ་དུ་གཏོང་ཐབས་སོགས་བྱས་པའི་ཉེས་མིང་འོག  ཕྱི་ལོ་ ༢༠༠༩ ཟླ་༨ དང་ ༩ ་ཡས་མས་ཤིག་ལ་བསང་ཆུ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་མི་ལོ་ ༡༠ བཙོན་འཇུག་ཁྲིམས་ཆད་དང་། ལོ་ ༥ རིང་ཆབ་སྲིད་ཐོབ་ཐང་འཕྲོག་སྟེ་བཙོན་ཁང་དུ་བཅུག་ཡོད་པ་རེད།

བསང་ཆུ་རྫོང་བླ་བྲང་གྲོང་རྡལ་ཡིག་ཆུང་སྡེ་བ་ནས་ཡིན་པ་དགེ་འདུན་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ད་ལོ་རང་ལོ་ ༤༧ ཡིན་ཞིང་། ཕྱི་ལོ་༢༠༠༨ ཟླ་ ༥ ཚེས་ ༡༩ ནས་ ༢༠ ཡས་མས་ནང་འབྲུག་ཆུ་རྫོང་ཐོག་གི་ཟ་ཁང་ཞིག་ཏུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༢༡ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ། ལན་ཀྲུའུ་ནས་ཞི་ཨན་ལ་འགྲོ་སའི་ལམ་བར་གྱི་ཐེན་ཧྲེ་བཙོན་ཁང་(Tianshui)གི་རྫས་ལྡན་སྐྲ་རྫུན་བཟོ་སའི་ངལ་རྩོལ་སྒྱུར་བཀོད་ཁང་ཞིག་ཏུ་བཅུག་སྟེ་ལོ་མང་རིང་ངལ་རྩོལ་དུ་བཀོལ་བར་བརྟེན། ཁོང་གི་མིག་ཡ་གཅིག་ནད་པ་ཆགས་ཡོད་འདུག

སྐབས་དེར་ཁོང་ལ་ཉེས་འཛུགས་ཁྲིམས་ཆད་འགེལ་སྐབས་ནང་མིར་བརྡ་ལན་ཙམ་ཡང་སྤྲད་མེད་ཁར། ཁོང་ལ་ཁྲིམས་རྩོད་པ་དང་ཁྲིམས་ཀྱི་བརྒྱུད་རིམ་ཚད་ལྡན་མ་སོང་བར་བཙོན་དུ་བཅུག་ཡོད་པ་དང་། བཙོན་ཁང་དུ་ཡུན་རིང་ནང་མིར་ཐུག་འཕྲད་ཙམ་ཕར་ཟད་ཟ་མ་དང་གོན་པ་སོགས་ཀྱང་སྤྲོད་དུ་བཅུག་མེད་པ་རེད། འབྲེལ་ཡོད་ནས་བརྗོད་པ་ལྟར་ན། ཁོང་ལ་ཚེ་བཙོན་ཁྲིམས་ཐག་གཅོད་དགོས་དོན་ནི་ཁོང་གིས་བླ་བྲང་ཕྱོགས་ཀྱི་ཞི་རྒོལ་གྱི་སྣེ་འཁྲིད་པ་ཁོ་རང་གཅིག་པུ་ཡིན་པ་དང་། གྲྭ་པ་གཞན་པར་ཉེས་པ་ཅི་ཡང་མེད་པ་དང་། ཉེས་ཁྲིམས་སྲོག་ཁྲིམས་གང་ཡིན་ཡང་ཚང་མ་ཁོང་རང་གིས་འཁུར་རྒྱུ་ཡིན་ཞེས་བརྗོད་པར་བརྟེན་ཁྲིམས་ཆད་ལྕི་མོ་བཅད་ཡོད་པ་དང་།  ཕྱི་ལོ་ ༢༠༡༧ ལོར་ཁོང་ལན་ཀྲུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་གཤག་བཅོས་བྱེད་དགོས་བྱུང་ཡོད་པ་དང་། བཙོན་ཁང་གིས་ཁོང་ལ་རྒྱུ་ལྷག་གི་ནད་གཞི་ཡོད་རབས་བཤད་ཡོད་ཀྱང་། གཙོ་བོ་འདྲི་གཅོད་སྐབས་ཚད་ལས་བརྒལ་བའི་གཅར་རྡུང་བཏང་བ་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་རྐྱེན་གྱིས་ཡིན་འདུག

བསང་ཆུ་རྫོང་བསང་ཁོག་ནས་ཡིན་པ་དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས་ནི་ད་ལོ་རང་ལོ་ ༤༤ ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོའི་བླ་བྲང་ཕྱོགས་ཀྱི་མི་མང་ཞི་རྒོལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་འཛུགས་འོག ལོ་དེའི་ཕྱི་ཚེས་ ༡༦ ནས་ ༡༧ ཡས་མས་ཤིག་ལ་བླ་བྲང་དགོན་དུས་འཁོར་གྲྭ་ཚང་གི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་རྗེས།  ལོ་གཅིག་ཙམ་རིང་གནས་ཚུལ་ཅི་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་དང་། ཕྱི་ལོ་༢༠༠༩ ཟླ་ ༥ ཚེས་ ༢༡ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ལོ་ ༡༥ ཁྲིམས་ཐག་བཅད་ཡོད་འདུག ཕྱིས་སུ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་འཛིན་བཟུང་བྱེད་སྐབས་བོད་རིགས་ཉེན་རྟོག་པའི་གདོང་ལ་མཆིལ་ཞག་བཏབས་ནས་སྡིགས་མོད་བྱས་རྐྱེན། འདྲི་གཅོད་ཁང་དུ་ཁོང་ལ་གཅར་རྡུང་ཡ་བ་བཏང་སྟེ་གཟུགས་པོའི་ཕྱེད་ཀ་ནད་པར་གྱུར་ཡོད་པ་མ་ཟད། མིག་གཉིས་ཀྱང་ནད་པ་བཟོས་ཡོད་འདུག་ལ།  ཕྱི་ལོ་༢༠༡༨ ལོར་ཁོང་ཌེན་ཞི་བཙོན་ཁང་གི་སྨན་ཁང་དུ་ཡུན་རིང་སྡོད་དགོས་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༢༥

Leave a Reply

One thought on “ཆབ་སྲིད་བཙོན་པས་མནར་གཅོད་མྱོང་བཞིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམའ་

    བོད་ནང་བོད་མི་ཚོ་རྒྱ་མིའི་སྡུག་སྦྱོང་འོག་ཉིན་ཚན་མི་ཁྱོལ་བ་དང་བཙན་བྱོལ་ནང་
    རང་བཙན་དང་དབུ་མའི་བདག་དབང་སྐོར་ལ་དུས་ཚོད་སྐྱེལ་བཞིན་པ་བཅས་བོད་
    མིའི་ལས་དབང།