བལ་གཞུང་གིས་གྲོས་ཚོགས་འཐུས་མི་གཉིས་ལ་སྐྱོན་བརྗོད་བྱེད་ཀྱི་འདུག  

བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གཉིས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པར་མཉམ་ཞུགས་གནང་སྟེ་བལ་གཞུང་གི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དོ་ཕོག་བཏང་ཡོད་སྐོར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུགདེ་རིང་བལ་ཡུལ་གྱི་ཀ་ཐ་མན་ཌུ་ཆ་འཕྲིན་(The Kathmandu Post)  གྱིས་སྤེལ་བའི་གནས་ཚུལ་ལྟར་ན། བལ་ཡུལ་གཞུང་ཕྱོགས་ནས་ཉེ་སྔོན་ཡུ་རོབ་ཀྱི་རྒྱལ་ཁབ་ལཱ་ཊི་ཝིའི་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་ཚོགས་པའི་ཐོག བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་པར་དྷིབ་ཡ་དྷབ་(Pradip Yadav)དང་། ཨིག་བྷལ་མི་ཡ་(Iqabal Miya)རྣམ་གཉིས་མཉམ་ཞུགས་གནང་སྟེ། བལ་ཡུལ་གཞུང་གི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དོ་ཕོག་བཏང་ཡོད་སྐོར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

གསར་ཁང་དེས་སྤེལ་བའི་གནས་ཚུལ་ནང་། བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་དེ་གཉིས་ཀྱིས་བལ་ཡུལ་གྲོས་ཚོགས་ལ་སྒེར་དོན་ཞིག་གི་ཆེད་དུ་ཕྱིར་སྐྱོད་བྱ་རྒྱུ་ཡིན་ལུགས་ཞུས་ཡོད་པ་ལས། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་ཞུགས་རྒྱུའི་སྐོར་སྙན་གསེང་ཞུས་མེད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ཐོག་ཚོགས་ཆེན་སྐོར་གནས་ཚུལ་བཀོད་པའི་ནང་། བལ་པོ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ ༡༣ གྱི་གྲོས་ཚོགས་འཐུས་མི་ ༢༥ མཉམ་ཞུགས་གནང་ཡོད་པ་དང་། རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་འཛེམས་པར་ཚོགས་ཆེན་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་སོགས་བཀོད་འདུག

གྲོས་ཚོགས་འཐུས་མི་ཨིག་བྷལ་མི་ཡ་(Iqabal Miya) ཡིས་ཀ་ཐ་མན་ཌུ་ཆ་འཕྲིན་གྱི་གསར་འགོད་པར། ཚོགས་ཆེན་དེར་རྒྱ་གར་གྱི་གྲོགས་པོ་ཚུད་པའི་གཞན་པ་ཡང་བཅར་འདུག ང་ཚོར་ཚོགས་ཆེན་དེའི་སྐོར་ཤེས་རྟོགས་གང་ཡང་མེད་པར་བརྟེན་སྐད་ཆ་གང་ཡང་བཤད་མེད། ཅེས་བརྗོད་ཡོད་སྐོར་དང་། གྲོས་ཚོགས་འཐུས་མི་པར་དྷིབ་ཡ་དྷབ་(Pradip Yadav)ལགས་ཀྱིས་ལན་གང་ཡང་སྤྲད་མེད་སྐོར་བསྒྲགས་འདུག

བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་བྷ་ར་ཏ་ར་ཇ་པོ་ཌི་ཡལ་(Bharat Raj Poudyal)གྱིས། ཕྱི་སྲིད་ལྷན་ཁང་ངོས་ནས་གྲོས་ཚོགས་འཐུས་མི་གཉིས་ཚོགས་ཆེན་དེར་བཅར་བ་ཤེས་རྟོགས་བྱུང་མེད་པ་དང་། གལ་ཏེ་གྲོས་ཚོགས་འཐུས་མི་ཞིག་ཚོགས་ཆེན་དེར་བཅར་ཡོད་ཚེ་བལ་གཞུང་གི་སྲིད་བྱུས་ལ་རྒྱབ་འགལ་བྱས་པ་རེད། ཅེས་བརྗོད་འདུག་པ་དང་། ཡང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ར་མེ་ཤི་ནཱ་ཐ་པན་ཌེ་(Ramesh Nath Pandey) ཡིས། གལ་ཏེ་ཁོ་ཚོ་ཚོགས་ཆེན་དེའི་ནང་མཉམ་ཞུགས་བྱས་ཡོད་ཚེ། དེ་ནི་ངོ་ཚ་འོས་པའི་གནད་དོན་ཞིག་རེད། དེས་ང་ཚོའི་གཞུང་གི་འགྲོ་ལུགས་འགྲིག་གི་མེད་པ་སྟོན་གྱི་ཡོད་པ་དང་། གལ་ཏེ་ང་ཚོས་རང་གི་ཕྱི་སྲིད་ལ་དོ་ནན་པོ་མ་བྱས་ཚེ། དེས་རྒྱལ་ཁབ་ཀྱི་མཚན་མཐོང་ལ་གནོད་པ་སྐྱེལ་སྲིད་པ་རེད། ཅེས་བརྗོད་འདུག་ལ། དེ་བཞིན་བལ་ཡུལ་གྱི་གཞུང་འཛིན་མི་སྣ་སོགས་ཀྱིས་གྲོས་ཚོགས་འཐུས་མི་གཉིས་དེ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ནང་མཉམ་ཞུགས་གནང་པ་དེ་ནི། བལ་གཞུང་གི་བོད་དང་ཐའེ་ཝན་གཉིས་རྒྱ་ནག་གི་མངའ་ཁོངས་ཡིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དོ་ཕོག་བཏང་ཡོད་སྐོར་གྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་བལ་ཡུལ་གྱི་ར་ཤི་ཏི་རི་ཡ་སཱ་མཱ་ཅར་སཱ་མི་ཏི་ (Rastriya Samachar Samiti) ཞེས་པའི་གཞུང་འབྲེལ་གསར་ཁང་གི་གསར་འགོད་པ་གསུམ་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་སྙུང་གཞི་དྲག་སྐྱེད་བྱུང་སྟེ་ཕྱིར་བཞུགས་སྒར་དྷ་སར་ཞབས་སོར་བདེ་བར་བཀོད་གནང་ཡོད་པའི་གསར་འགྱུར་སྤེལ་ཡོད་པར་བརྟེན། བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་གྱི་བཀའ་རྒྱ་ལྟར། ཉིན་དེའི་ཕྱི་དྲོར་གསར་འགྱུར་དེ་དྲ་ཐོག་ནས་བསུབས་ཡོད་པ་མ་ཟད། གསར་ཁང་གི་མགོ་འཁྲིད་བཞི་ཡིས་གསར་འགོད་པ་གསུམ་དེར་ཆབ་སྲིད་ཀྱི་ཀུན་སློང་ཡོད་ལུགས་བརྗོད་དེ་འདྲི་ཞིབ་བྱས་ཡོད་པའི་གནས་ཚུལ་བྱུང་སྟེ་ཉིན་བཅུ་གྲངས་ལས་མ་འགོར་བར་སྐྱོན་བརྗོད་ཀྱི་གནད་དོན་འདི་བྱུང་ཡོད་པ་རེད།

ཡང་ཀ་ཐ་མན་ཌུ་ཆ་འཕྲིན་གྱི་གནས་ཚུལ་ནང་། ད་ལན་གྱི་གནད་དོན་དེ་་ཐེངས་དང་པོ་མིན་པར་ཕྱི་ལོ་ ༢༠༡༠ ལོར་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གསུམ་དྷ་རམ་ས་ལར་བཅར་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་གྱི་ཐེབས་རྩ་(India Foundation) ཡིས་གོ་སྒྲིག་བྱས་པའི་ཚོགས་འདུ་ཞིག་གི་སྟེང་། བལ་ཡུལ་གྱི་ཀོང་རི་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་དང་བལ་ཡུལ་གྱི་སྲིད་བློན་ཟུར་པ་ཤེར་བྷ་ཧཱ་དྷུར་དྷུ་བྷ་(Sher Bahadur Deuba)་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་བཞུགས་གྲལ་གཅིག་ཏུ་བསྡད་པའི་གནས་ཚུལ་བྱུང་རྗེས། བལ་ཡུལ་གྱི་གཞུང་དམངས་གཉིས་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༥/༡༥

Leave a Reply

2 thoughts on “བལ་གཞུང་གིས་གྲོས་ཚོགས་འཐུས་མི་གཉིས་ལ་སྐྱོན་བརྗོད་བྱེད་ཀྱི་འདུག  

  1. བལ་ཡུལ་གཞུང་འདིའི་བོད་དོན་བསྐོར་ལ་འདི་ལྟར་བུའི་རྔམས་ཚབས་ཞིག་བྱེད་དགོས་དོན་ཅི་ཞིག་ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམའ་

    རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཚུད་པའི་ནེ་པལ་གཞུང་ལ་ཁག་ཡོད་པ་
    མ་རེད་ལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྲོས་ཚོགས་འཐུས་མི་རྣམས་ནས་
    བོད་ཀྱི་གནས་སྟངས་ཛ་དྲགས་ནང་ཡོད་པ་དེ་དག་རྒྱ་ནག་གི་གནོན་ཤུགས་དང་
    འཇིག་བསྐུལ་ལ་མ་འཛེམས་པར་རྒྱལ་ཁབ་སོ་སོའི་མི་མང་ལ་ངོ་སྤྲོད་གནང་ཐུབ་
    པའི་མཆོད་སེམས་དང་འགན་འཁུར་བཞེས་དགོས་པའི་འབོད་བསྐུལ་ནན་པོ་ཞུ་
    འདོད་བྱུང།