མཚོ་རླུང་དྲག་པོས་གནོད་སྐྱོན་ཐེབས་མེད་ཀྱང་ཆར་རླུང་ཆེན་པོ་རྒྱག་བཞིན་འདུག

རྒྱ་གར་ནུབ་རྒྱུད་ཁུལ་དུ་ཨ་རཱ་བྷན་རྒྱ་མཚོའི་ཝ་ཡུ་མཚོ་རླུང་གིས་གནོད་སྐྱོན་ཐེབས་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཀྱང་མཚོ་རླུང་གི་ཁ་ཕྱོགས་འགྱུར་ཡོད་འདུག 

ཁ་སང་རྒྱ་གར་རྒྱལ་ཡོངས་གནམ་གཤིས་སྔོན་བརྡ་ལས་ཁུངས་ཀྱིས། དེ་རིང་ཉིན་རྒྱབ་ཏུ་རྒྱ་གར་ནུབ་རྒྱུད་གྷུ་ཇ་ར་ཏིའི་ཕྱོགས་སུ་ཝ་ཡུ་མཚོ་རླུང་ (Vayu Cyclone) དྲག་པོ་གཡུགས་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཀྱང་། དེ་རིང་སྔ་དྲོར་མཚོ་རླུང་དེ་ཤུགས་ཚད་ལྡབ་གཅིག་ཙམ་གྱིས་ཆུང་དུ་ཕྱིན་ཡོད་པ་མ་ཟད། མཚོ་རླུང་རྒྱ་མཚོའི་གཏིང་ལ་ཁ་ཕྱོགས་ཏེ་གྷུ་ཇ་ར་ཏིའི་ཕྱོགས་སུ་བསླེབ་མེད་ཀྱང་། མཚོ་རླུང་དྲག་པོའི་རྐྱེན་གྱིས་གྷུ་ཇ་ར་ཏི་གཙོས་པའི་ནུབ་རྒྱུད་ས་ཁུལ་ཁག་ཏུ་ཆར་རླུང་ཤུགས་ཆེན་པོ་འབབ་བཞིན་ཡོད་པ་དང་། རྒྱ་གར་གནམ་གཤིས་བརྟག་དཔྱད་ཚན་པས་ཆར་ཤུགས་ཆེན་པོ་དེ་བསྟུན་མར་ཉིན་གསུམ་ཙམ་རིང་འབབ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཁ་སང་རྒྱ་གར་རྒྱལ་ཡོངས་གནམ་གཤིས་སྔོན་བརྡ་ལས་ཁུངས་ཀྱིས་དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པ་ཙམ་ནས་མཚོ་རླུང་དྲག་པོས་ཉིན་གྲངས་བཞིའི་རིང་གནོན་འཚེ་ཆེན་པོ་གཏོང་སྲིད་སྐོར་གྱི་ཉེན་བརྡ་བཏང་བའི་རྐྱེན་གྱིས། གྷུ་ཇ་ར་ཏི་གཞུང་གིས་མཚོ་མཐའི་མི་མང་འབུམ་ ༣ མ་ཟིན་ཙམ་གནས་སྤོ་བྱས་ཡོད་པ་མ་ཟད། སློབ་གྲྭ་ཁག་དང་། མཚོ་མཐའ་ཁུལ་སོགས་གནས་སྐབས་སྒོ་བརྒྱབས་ཏེ། གནས་སྐབས་སྡོད་གནས་དང་། ཛ་དྲག་མྱུར་སྐྱོབ་ཚན་པ་སོགས་འགྲེམ་འཇོག་གིས་གྲ་སྒྲིག་ཨང་གསར་ཡོད་སྐོར་གྱི་གསལ་བསྒྲགས་བྱས་ཡོད་པ་རེད།

ཁ་སང་གྷུ་ཇུ་ར་ཏི་སྤྱི་ཁྱབ་བློན་ཆེན་ཝི་ཇེ་རུ་པཱ་ལགས་ཀྱིས་ཛ་དྲག་ཚོགས་འདུ་སྐོང་ཚོགས་ཀྱིས། ཉིན་མཚན་གཅིག་རིང་པོར་བྷན་དྷར་ (Porbandar)དང་ ཌེའུ་(Diu) སོགས་ས་གནས་བཞིའི་མཁའ་འགྲུལ་ཞབས་ཞུ་མཚམས་འཇོག་བྱས་ཡོད་པ་མ་ཟད། རྒྱ་གར་ནུབ་རྒྱུད་ཀྱི་མེ་འཁོར་ ༧༠ ལྷག་བཀག་ཡོད་པ་དང་། གྷུ་ཇ་ར་ཏི་མཚོ་འགག་གི་ཞབས་ཞུ་ཚང་མ་ཕྱིར་འཐེན་བྱས་ཡོད་པ་དང་། དེ་རིང་སྲིད་བློན་མུ་དྷི་མཆོག་གིས་གྷུ་ཇ་ར་ཏིའི་སྤྱི་ཁྱབ་བློན་ཆེན་ཝི་ཇེ་རུ་པཱ་ནི་(Viajy Rupani)ལགས་ལ་ཞལ་པར་བརྒྱུད་རང་བྱུང་གནོད་སྐྱོན་འགོག་པར་འཕྲལ་དུ་གྲ་སྒྲིག་དང་གནས་ཚུལ་ཅི་བྱུང་ཚང་མ་དབུས་ལ་སྙན་སེང་ཞུ་དགོས་པ་དང་། དབུས་ནས་རོགས་སྐྱོར་གང་ལེགས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

གཞན་ཡང་གྷུ་ཇུ་ར་ཏི་ཛ་དྲག་མྱུར་སྐྱོབ་བློན་ཆེན་གནས་སྤོར་མི་མང་གི་སར་ཕེབས་ཏེ་མི་མང་ལ་དངོས་སུ་ཟ་མ་དང་དགོས་མཁོའི་ཅ་དངོས་རིགས་སྤྲད་ཡོད་པ་དང་། གྷུ་ཇུ་ར་ཏིའིི་དྭང་བླངས་ཚོགས་པ་མང་པོས་ཟ་མ་རིགས་གནས་སྤོར་བ་ཚོར་རིན་མེད་མཁོ་སྤྲོད་དང་། ཟ་མ་བཟོ་ས་སོགས་ཆེད་འཛུགས་ཀྱིས་མི་མང་ལ་རོགས་སྐྱོར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་ཨ་རཱ་བྷན་རྒྱ་མཚོའི་ཝ་ཡུ་མཚོ་རླུང་གི་རྐྱེན་གྱིས་གྷུ་ཇ་ར་ཏིའི་མཚོ་མཐར་མཚོ་རླབས་དྲག་པོ་འཕྱུར་བཞིན་ཡོད་པ་དང་། གནམ་གཤིས་སྔོན་བརྡ་ཚན་པ་ཁག་གིས་རྒྱ་གར་གྱི་ནུབ་རྒྱུད་གྷོ་ཝ་ (Goa) ཀར་ན་ཏཱ་ཀཱ་(Karnataka)་དང་། མཱ་ཧཱ་ར་ཤི་ཏ་ར་ (Maharashtra) ཏཱ་མིལ་ནཱ་དྷུ་མངའ་སྡེ་ (Tamil Nadhu) བཅས་ཀྱི་ནང་དུ་ཡང་ཆར་བ་དང་རླུང་འཚུབ་གཡུག་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

སྤྱིར་གྷུ་ཇ་ར་ཏི་མངའ་སྡེ་དེ་ཨ་རཱ་བྷན་རྒྱ་མཚོའི་མཐའ་ལ་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༦ པའི་ནང་ཨ་ར་བྷན་རྒྱ་མཚོའི་ནང་མཚོ་རླུང་དྲག་པོ་རྒྱུགས་པའི་རྐྱེན་གྱིས་གྷུ་ཇ་ར་ཏི་མངའ་སྡེའི་ནང་དྲག་ཆར་བབས་པ་དང་། ཆུ་ལོག་རྒྱུགས་ཏེ་མི་༨༡ རྐྱེན་འདས་སུ་སོང་ཡོད་པ་དང་། འཛུགས་སྐྲུན་རིགས་ལ་ཡང་གནོན་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༡༩༩༨ ལོའི་ཕྱི་ཟླ་ ༦ པའི་ནང་ཡང་མཚོ་རླུང་དྲག་པོ་གཡུགས་ཏེ་ཉུང་མཐར་མི་གྲངས་ཁྲི་ ༡ ལྷག་རྐྱེན་འདས་སུ་སོང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༦/༡༣

Leave a Reply