མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་ཆེན་མོ་ལེགས་པར་གྲུབ།

འབྲི་གུང་༧སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་དབུ་བཞུགས་ཐོག་ཉིན་ལྔའི་རིང་མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་ཆེན་མོ་ཚོགས་ཡོད་པ་དང་འབྲེལ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་འབྲི་གུང་༧སྐྱབས་མགོན་ཆོས་ཀྱི་སྣང་བ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།ཁ་སང་ཕྱི་ཚེས་ ༡༩ ཉིན། ཟླ་འདིའི་ཕྱི་ཚེས་ ༡༥ ནས་ཉིན་ ༥ རིང་ཚོགས་པའི་མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་ཆེན་མོ་ལེགས་པར་གྲུབ་ཡོད་པ་དང་། ཚོགས་མགོན་དུ་འབྲི་གུང་༧སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་དབུ་བཞུགས་ཐོག སྐྱབས་རྗེ་རྒྱབ་ར་ཁྲི་ཚབ་རིན་པོ་ཆེ་མཆོག་གིས་དབུས་པའི་སྤྲུལ་སྐུ་རྣམ་པ་དང་། བགྲེས་སོང་དགེ་འདུན་རྣམ་པ། དེ་བཞིན་ལྡེ་ར་རྡུན་བདེ་སྐྱིད་གཞིས་ཆགས་ཀྱི་མི་མང་དང་རྒྱ་གར་ནང་པ། ལ་དྭགས་དང་རྒྱ་གར་ཁམས་པ། འབྲས་ལྗོངས་དང་འབྲུག དེ་བཞིན་ཅན་ཌི་གར་གྱི་ལ་དྭགས་སློབ་ཕྲུག ཕྱི་རྒྱལ་ནས་ཆེད་དུ་ཕེབས་པའི་དད་ལྡན་པ་བཅས་སེར་སྐྱ་མི་མང་གྲངས་ཁྱོན་ ༡༠༠༠ ལྷག་འཛོམས་ཡོད་འདུགམཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་དེ་ནི་༧སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་འཕྲིན་ལས་ལྷུན་འགྲུབ་མཆོག་གི་ཐུགས་བསྐྱེད་དང་། རླབས་ཆེན་དགོངས་གཞི་བླ་ན་མེད་པའི་འོག ཕྱི་ལོ་༢༠༡༥ ལོ་ནས་བཟུང་ལོ་ལྟར་འཚོགས་བཞིན་ཡོད་པ་དང་། འདི་ལོའི་དུས་སྟོན་སྐབས་སྔ་དྲོར་འབྲི་གུང་༧སྐྱབས་མགོན་རིན་པོ་མཆོག་གིས་སངས་རྒྱས་ཀྱི་གསུང་ཆོས་ཀྱི་ཚིགས་སུ་བཅད་པའི་བཀའ་འཁྲིད་དང་། ཉིན་རྒྱབ་མི་མང་རྣམས་ལ་སྒོམ་སྒྲུབ་ཉམས་ལེན་གྱི་བཀའ་ཁྲིད་དང་དངོས་སུ་སྒོམ་སྒྲུབ་ཀྱི་ཉམས་ལེན། ཕྱི་དྲོར་ཆེད་དུ་གདན་འདྲེན་ཞུས་པའི་མཁས་དབང་རྣམ་པས་་ཡུལ་ལུང་སོ་སོའི་སྐད་ཡིག་ཐོག་ནང་ཆོས་ཀྱི་བགྲོ་གླེང་དང་། མཇུག་ཏུ་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལེགས་པར་མཛད།ལྷག་པར་དུ་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནམ་བོད་ཟླ་ ༩ ཚེས་ ༢༢ ཉིན་ཏེ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་། འབྲི་གུང་༧སྐྱབས་མགོན་ཆོས་ཀྱི་སྣང་བ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གཉིས་དུས་གཅིག་ལ་ཁེལ་སྟབས། ཉིན་དེའི་ཕྱི་དྲོར་འཛམ་གླིང་བདེའི་ཆེད་མར་མེའི་སྨོན་ལམ་དང་བཀྲ་ཤིས་པའི་གར་རྩེད་གླུ་དབྱངས་ཀྱི་སྒོ་ནས་དུས་ཆེན་ཁག་གཉིས་ཟབ་རྒྱས་ངང་སྲུང་གཙི་ཞུས་ཤིང་། ཉིན་ལྔའི་རིང་གི་མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་ཆེན་མོའི་མཛད་རིམ་ཐམས་ཅད་ལེགས་པར་གྲུབ་ཡོད་པ་རེད།

མཁན་པོ་དཀོན་མཆོག་རང་གྲོལ་ནས་གནས་ཚུལ་མཁོ་སྤྲོད་གནང་།

བསྐྱར་བཅོས།: ༢༠༡༩/༡༡/༢༠

Leave a Reply