འཆར་ལོའི་དབྱར་ཁར་ལ་དྭགས་སུ་ཕེབས་འཆར་འདུག

༧གོང་ས་མཆོག་ནས་ཕྱི་ལོ་ ༢༠༢༠ ལོའི་དབྱར་ཁར་ལ་དྭགས་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུའི་ཞལ་བཞེས་གནང་ཡོད་འདུགཁ་སང་ཕྱི་ཚེས་ ༢ ཉིན་ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་པི་ཊི་ཀུན་བཟང་ལགས་དང་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཟླ་བ་ལགས། དྲུང་ཆེ་ཚེ་རིང་དབང་ཕྱུག་ལགས། དེ་བཞིན་ལ་དྭགས་དགོན་པའི་ཚོགས་པའི་ཚོགས་གཙོ་བཤད་སྒྲུབ་བྱམས་པ་ལགས་དང་དངུལ་གཉེར་བ་རིག་འཛིན་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འཆར་ལོའི་དབྱར་དུས་སུ་ལ་དྭགས་ལ་སྐུ་ངལ་གསོ་ཆེད་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུའི་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་མཆོག་ནས་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་རྒྱུུའི་བཀའ་བཞེས་བཟང་པོ་བསྩལ་གནང་ཡོད་འདུག

༧གོང་ས་མཆོག་ལ་ཕུལ་བའི་གསོལ་འདེབས་ཞུ་ཡིག་ནང་། ང་ཚོས་ལ་དྭགས་དང་ཧི་མ་ལ་ཡ་རི་བརྒྱུད་ཀྱི་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ། མགོན་པོ་གང་ཉིད་ནས་འདས་པའི་ལོ་དུ་མའི་རིང་ནས་གུས་འབངས་རྣམས་ལ་བཀའ་ཆོས་བཀའ་དྲིན་བསྩལ་ཏེ་ཐུགས་བརྩེ་བས་བསྐྱངས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་དང་། སྐུ་ཉིད་ནས་ལ་དྭགས་འདི་བཞིན་མགོན་པོ་གང་ཉིད་ཀྱི་དབྱར་དུས་ཀྱི་བཞུགས་གནས་ཤིག་ཏུ་བདམས་པར་ང་ཚོས་ལ་དྭགས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་དབྱར་དུས་སུ་ལ་དྭགས་ནང་སྐུ་ལྷོད་བཞུགས་ཡོང་རྒྱུའི་རེ་སྨོན་ཞུ་ཡི་ཡོད་ལ། ང་ཚོའི་གསོལ་འདེབས་འདིར་སྐུ་ཉིད་ནས་ཐུགས་བརྩེ་བས་ཞལ་བཞེས་སྐྱོང་ཡོང་བར་ཞུ། ཞེས་བཀོད་འདུག

འདི་གའི་གསར་འགོད་པས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྟག་ལྷ་བསྟན་འཛིན་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ༧རྒྱལ་བ་རིན་པོ་མཆོག་གིས་མཇལ་ཁའི་སྐབས་སུ་དབྱར་ཁར་ཆིབས་བསྒྱུར་གནང་གི་ཡིན་ཞེས་བཀའ་གནང་སོང་། ཚེས་གྲངས་དང་དེ་ཚོ་ད་ལྟ་དམིགས་བསལ་ཐུགས་ཐག་བཅད་མ་སོང་། ཞེས་དང་། ཁོང་རང་ཚོས་༧རྒྱལ་བ་རིན་པོ་ཆེ་ཡར་ཕེབས་ནས་སྐུ་ངལ་གསོ་རྒྱུ་རང་ལས། ཡར་མར་གདན་འདྲེན་ཞུ་རྒྱུ་སོགས་གང་ཡང་མེད་སྐོར་སྙན་གསེང་ཞུས་སོང་། ཞེས་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར་དང་པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༠༣

Leave a Reply