རྔ་པའི་གྲྭ་བ་གསུམ་འཇུས།

རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་ཚོས་གྲྭ་བ་ཚོར། ཁྱེད་རང་ཚོས་ཕྱི་རྒྱལ་ཁག་གི་གནོན་ཤུགས་སོགས་ཀྱིས་དགོན་པ་སྒོ་རྒྱག་ཐུབ་ཀྱི་མ་རེད་བསམ་ཀི་ཡོད་སྲིད་མོད། ང་ཚོ་ལ་སི་ཁྲོན་ཞིང་ཆེན་དང༌། རྒྱ་ནག་དབུས་གཞུང་གཉིས་ཀས་ཆོག་མཆན་ཐོབ་ཡོད་ཟེར།

་་་

དཔལ་འབྱོར་རང་ཁ་རང་གསོ་བྱ་ཐུབ་དགོས།

སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པ་མཆོག་ཞལ་བཞུགས་པའི་དུས་འདིར་ང་ཚོའི་གཞུང་ལ་དམིགས་བསལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་མེད་ནའང། མ་འོངས་པར་ང་ཚོར་དཔལ་འབྱོར་ཐོག་དཀའ་ངལ་འཕྲད་མི་སྲིད་པ་མིན་སྟབས། དཔལ་འབྱོར་གྱི་གནས་སྟངས་དེ་རང་ཁ་རང་གསོ་ཐུབ་པའི་ཕྱོགས་ལ་འབད་དགོས་ཟེར།

་་་

བོད་གཞུང་དམངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུཊ།

ལྔ་བཅུའི་དུས་དྲན་མཛད་སྒོའི་དབུ་འཛུགས་དང་བསྟུན་ཏེ་བོད་གཞུང་དམངས་ལྷ་མི་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ལ། ༧གོང་ས་མཆོག་གིས་ཀྱང་ཐུགས་ཧ་ཅང་རྒྱས་པའི་ངང་ནས། ཁྱེད་ཅག་གིས་བློ་བདེ་བོ་བྱོས། ངས་ད་དུང་ཕན་པ་རིང་བོ་གཏོང་གིན་ཡོད། ཅེས་ཞལ་བཞེས་གནང་ཡོད་པ་རེད།

་་་

གྲྭ་པ་ ༡༠༩ གནས་སྤོར།

མདོ་སྨད་ཀླུ་ཚང་དགོན་པའི་གྲྭ་པ་ ༡༠༩ བཀག་སྡོམ་ས་གནས་གཞན་ཞིག་ཏུ་གནས་སྤོར་བཏང་ཡོད་འདུག་ལ། དེ་ནི་གསུམ་བཅུའི་དུས་དྲན་ཐེངས་ ༥༠ ཉིན་ཞི་བའི་ངོ་རྒོལ་མི་ཡོང་བའི་ཆེད་དུ་ཡིན་འདུག

་་་

བལ་ཡུལ་དུ་བོད་མི་འཛིན་བཟུང༌།

གསུམ་བཅུའི་དུས་དྲན་ཐོན་ལ་ཉེ་བའི་སྐབས་འདིར་བལ་ཡུལ་གཞུང་གིས་བོད་མི་ཚོར་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང༌། དོན་མེད་ཁྱིམ་ཚང་ནང་ཡོང་སྟེ་བོད་མི་རྣམས་འཛིན་བཟུང་བྱེད་ཀྱིན་འདུག་ཟེར།

་་་

ཞི་རྒོལ་ཁག་གསུམ།

༧གོང་ས་མཆོག་མགྱོགས་པོར་བོད་དུ་ཕེབས་དགོས། བོད་རྒྱ་ཞི་བའི་གྲོས་མོལ་ལ་རྒྱ་གཞུང་གིས་ཆེད་དུ་འགོག་རྐྱེན་བཟོ་བཞིན་ཡོད་པ་བོད་པ་ཚང་མས་ཤེས་དགོས། ཞེས་མགོ་ལོག་གསེར་རྟའི་དགེ་འདུན་པ་ཞིག་གིས་སྐད་འབོད་བྱས་ཡོད་འདུག

་་་

འདས་མཆོད་དང་བསྔོ་སྨོན།

བོད་བརྒྱུད་ནང་བསྟན་རིག་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་དང་བླ་ཆེན་རྣམས་མཉམ་བཞུགས་ཐོག བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རིན་ཆེན་གཅེས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་དག་ལ་བསྔོ་བ་སྨོན་ལམ་གསུངས་ཡོད།

་་་

དྲ་རྒྱ་གཙོ་གཉེར་བ་འཛིན་བཟུང༌།

ཟླ་སྔོན་མའི་ཚེས་ ༢༦ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ཆུ་རྫོང་དངུལ་རྭ་ཞང་ཁུལ་སྐོར་སྡེ་བའི་གོ་བྷེ་ཚང་གི་དཀོན་མཆོག་ཚེ་འཕེལ་འབོད་པ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་མི་སྣས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གློ་བུར་འཛིན་བཟུང་གིས་དེ་གའི་སྤྱི་བདེ་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་འདུག

 

་་་