མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་རྒྱགས་པ་དང་ཚེ་གཡོག་ལམ་ལུགས།

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨོ་ཝེན།

ཏཱ་ལའི་བླ་མའི་གསུང་འཕྲིན་རེ་རེའི་ཤུགས་རྐྱེན་གྱིས་ཆོས་ལུགས་མི་འདྲ་བ་དང༌། གོམས་གཤིས་མི་འདྲ་མཁན་གང་མང་ཞིག་ཁོང་གིས་མཚོན་པའི་བོད་དང༌། བོད་མི། བོད་ཀྱི་རིག་གཞུང་བཅས་སུ་དགའ་ཚོར་འདྲེན་གྱི་ཡོད། དེའི་རྐྱེན་གྱིས་དེ་སྔ་བོད་རིགས་དང་འབྲེལ་མེད་ཡིན་པའི་རྒྱལ་ཁབ་དང་མི་རིགས་གང་མང་བོད་པའི་སྤྱི་ཚོགས་ལ་ངང་གིས་ཕྱོགས་ཀྱི་ཡོད།  དེར་བརྟེན་ང་རང་ཡང་བོད་རིགས་མང་ཚོགས་ཁྲོད་སྤྲོ་འཁྱམས་ཀྱི་ཚུལ་དུ་ཐེངས་འགར་སོང་བ་ཡིན། དེས་ན་དེ་སྐབས་དམིགས་བསལ་ཅན་གྱི་ཚོར་སྣང་བྱུང་བ་ཞིག་འདིར་རོབ་ཙམ་ཤོད་འདོད་སྐྱེས། དེ་ནི་དགག་པ་དང་སྐྱོན་བརྗོད་བྱས་པ་མིན་པར་བོད་རིགས་སྤྱི་ཚོགས་ནང་འཁྱམས་ཉུལ་བྱེད་སྐབས་སྤྲོ་བོ་བྱུང་བའི་རིན་བབ་ཙམ་དུ་སེམས་བཟང་གིས་ཕུལ་བ་ཡིན། ཀུན་གྱིས་ཤེས་གསལ་བཞིན་རང་དབང་དང་མང་གཙོ་ནི་འཛམ་གླིང་གི་འཕེལ་ཕྱོགས་གསར་པའི་མཚོན་རྟགས་གཙོ་བོར་གྱུར་ཡོད་ནའང༌། བོད་རིགས་སྤྱི་ཚོགས་སྲོལ་རྒྱུན་གྱི་བཀག་རྒྱ་སྣ་ཚོགས་དབང་གིས་ད་དུང་དོན་དམ་པའི་རང་དབང་དང་མང་གཙོའི་མཁའ་དབུགས་དང་རྒྱང་ཐག་ཧ་ཅང་རིང༌། རང་དབང་དང་མང་གཙོའི་དོན་སྙིང་གཙོ་བོ་གང་ཟག་སྒེར་བའི་ཐོབ་ཐང་དང་ཁྱད་ཆོས་ལ་རྩིས་མཐོང་བྱེད་པ་དེ་ཡིན། གང་དུ་རང་དབང་དང་མང་གཙོའི་མཁའ་དབུགས་ཡག་པོ་ཡོད་ན་དེར་གང་ཟག་སྒེར་བའི་ཐོབ་ཐང་དང་ཁྱད་ཆོས་མཐོང་རྒྱུ་ཡོད་ལ། གང་ཟག་སྒེར་བའི་འདོད་འདུན་དང་ཁྱད་ཆོས་ལ་བརྩི་མེད་རྡོག་རྫིས་བྱེད་ས་དེར་སྐད་ཆ་ཇི་འདྲ་ཞིག་བཤད་ནའང༌། དོན་ལ་མི་སེམས་ཀྱིས་བཟོད་དཀའ་བའི་གདུག་རྩུབ་དང་མུན་ནག་ཅིག་ཡོད་ཁོ་ཐག་ཡིན། ངས་འདི་ལྟར་ཤོད་སྐབས་བོད་པ་ཚོའི་སེམས་ལ་རྒྱ་གཞུང་གི་སྤྱོད་སྟངས་ངང་གིས་དྲན་ཡོང་སྲིད། འོན་ཀྱང་ངས་འདིར་ཤོད་འདོད་པ་ནི་རྒྱ་དམར་གཞུང་གི་གདུག་རྩུབ་དབང་སྒྱུར་སྐོར་མིན་པར་དེ་དང་ཆ་འདྲ་བའི་བོད་ཀྱི་སྤྲུལ་སྐུ་ཚོའི་བསམ་སྤྱོད་ཀྱི་ཟུར་ཞིག་ཡིན།

ང་རང་ལ་མཚོན་ན་ཕྱི་མི་ཞིག་ཡིན་སྟབས་བོད་ལ་རྒྱུས་ལོན་དེ་ཙམ་མེད་ན་ཡང༌། ངའི་གྲོགས་པོ་ཞིག་བོད་ཀྱི་སྤྲུལ་སྐུའི་མིང་ཡོད་མཁན་ཞིག་ཡིན་ཁར། ད་དུང་དེ་སྔོན་ཨ་རིའི་གློག་བརྙན་འཁྲབ་མཁན་ཞིག་བོད་ཀྱི་བླ་མ་ཆེན་པོ་ཞིག་གིས་སྤྲུལ་སྐུར་ངོས་འཛིན་བྱས་སྟབས་ཕྱི་ཕྱོགས་སུ་བོད་ཀྱི་སྤྲུལ་སྐུའི་ཐད་ལྟ་ཚུལ་ཁྱད་མཚར་ཞིག་ཡོད།  བོད་ཀྱི་སྤྲུལ་སྐུ་ཕལ་མོ་ཆེ་རང་ཉིད་ཆེས་སྔ་མོའི་སྐྱེས་བུ་དམ་པ་དེ་འདྲའི་རྣམ་སྤྲུལ་ཡིན་ཞེས་གོ་སྐབས་ཡོད་ཚད་ནས་འགྲེལ་རྒྱག་རྒྱུར་དགའ་བོ་ཡོད་པ་ནི་བོད་ཀྱི་སྤྲུལ་སྐུ་སློབ་སྦྱོང་མེད་མཁན་ཐུན་མོང་གི་ཁྱད་ཆོས་ཤིག་རེད། ཡང་བོད་ཀྱི་སྤྲུལ་སྐུ་དེ་ཚོས་ཡུལ་ལུང་གཞན་པའི་ཆབ་སྲིད་ཀྱི་ཚོགས་པ་དེ་འདྲ་བཞིན་སྤྲུལ་སྐུའི་ལམ་ལུགས་སྲ་བརྟན་དང་ཡུན་གནས་ཡོང་ཆེད་སྤྲུལ་སྐུ་གསར་པ་གང་མང་ཐོན་སྐྱེད་བྱེད་པ་དང༌། དེ་ཡང་རང་ཉིད་ཀྱི་གཉེན་ཚན་ནམ། ཡང་ན་ཕྱུག་པོ་ཞིག་གི་བུ་རྒྱུད། མ་མཐར་ཡང་ཁ་ཡག་ངོ་ཡག་ཅིག་ལ་དམིགས་འཛུགས་བྱེད་ཀྱི་ཡོད། དེའི་དམིགས་ཡུལ་ནི་ཆབ་སྲིད་ཀྱི་ལྟ་སྟངས་བྱས་ན་ཁོ་ཚོའི་ཁོར་ཡུག་རྒྱ་བསྐྱེད་ཀྱི་ཐབས་ལམ་ཞིག་རེད། ང་རང་གིས་དངོས་སུ་ཐོས་པའི་གཏམ་རྒྱུད་དགོད་བྲོ་བ་ཞིག་ནི། བོད་པའི་བུ་མོ་ཚོའི་སེམས་ཁྲལ་ཆེ་ཤོས་ཤིག ཕོ་སྒོ་ཡག་པོ་ཡོད་པའི་ན་གཞོན་གང་མང་ཞིག་སྤྲུལ་སྐུར་ཆགས་འགྲོ་བ་དང༌། དེའི་རྗེས་རྣམས་གྲྭ་པ་ཆགས་རྗེས་བུ་མོ་ཚོར་ཕོ་སར་སྐྱེ་སྒོ་ཡག་པོ་ཡོད་མཁན་དེ་ཙམ་མི་ལྷག་ཚུལ་ཞིག་ཀྱང་འདུག གང་ལྟར་བོད་པ་ཚོའི་འཁྲུལ་སྣང་མག་མོག་གི་སེམས་ཁོང་ན་སྐྱབས་མགོན་དང་རིན་པོ་ཆེར་སྒོམ་བཞིན་གློ་སྙིང་བྲང་གསུམ་གཏོད་སའི་སྤྲུལ་སྐུ་མང་ཆེ་བར་སངས་རྒྱས་ཆོས་ལུགས་ཀྱི་ཉམས་རྟོགས་ཕར་ཞོག སྤྱིར་བཏང་གི་རྒྱུན་ཤེས་ཙམ་ཡང་སྐྱོ་ཐག་ཆོད་རེད།

ལྷག་པར་དུ་བོད་མི་རྣམ་དཔྱོད་ཅན་རྣམས་སྙིང་ན་དགོས་པ་ཞིག་ནི། བོད་ཀྱི་སྤྲུལ་སྐུ་ཚོས་རང་ཉིད་ཀྱིས་ཅི་ཡང་མི་ཤེས་པའི་ནང་ཁྲོལ་ལུག་རྒྱུར་སྐྲག་ནས་ཤེས་ཡོན་ཅན་དང༌། ཡར་ཐོན་གྱི་བསམ་བློ་ཡོད་མཁན་ཚོ་དགྲར་བཟུང་ནས་ཞྭ་མོ་ཆེ་ཆུང་འདྲ་མིན་གཡོགས་ཏེ་མགོ་གཅོག་ཐབས་དང༌། རྐང་པ་ནས་འདྲུད་ཐབས་བྱེད་པ་དེ་ཡིན། བོད་རིགས་ཚོས་ད་དུང་ཅི་ཡང་མི་ཤེས་པའི་སྤྲུལ་སྐུ་དེ་ཚོར་རྨོངས་དད་བྱས་ནས་ཤེས་ཡོན་དང་ཤེས་ཡོན་པའི་རིན་ཐང་ལ་ངོས་འཛིན་ཡག་པོ་མ་ཐོབ་ཚེ་འདི་ནི་བོད་པ་རང་ཉིད་དུས་རབས་ཀྱི་འགྲོས་ལས་ལྡོག་ཏེ་འཆི་ལམ་སྙེགས་པ་ཞིག་རེད་སྙམ།

མང་ཚོགས་ཀྱི་རྨོངས་དད་ཇེ་ཉོག་ཏུ་གཏོང་པ་དང༌། དེ་བེད་སྤྱད་ནས་རང་དང་ལྟོས་འབྲེལ་གྱི་ལྟོ་གོས་གཏམ་གསུམ་ཧུར་ཐག་གིས་འབད་སྒྲུབ་བྱེད་པ་ནི་བོད་ཀྱི་སྤྲུལ་སྐུ་ཚོ་བསྟན་དོན་དུ་བྱོན་པ་ཡིན་ཟེར་པའི་ཆེད་ལས་གཙོ་བོ་ཆགས་འདུག དེ་ནི་དེང་སང་དྲ་རྒྱའི་ནང་གཞང་ཚོང་མ་ཚོས་པར་འདྲ་མིན་གྱིས་མི་རྣམས་བསླུས་ཏེ་རང་དོན་སྒྲུབ་ཐབས་བྱེད་པ་དང་རྣམ་པ་ཙམ་ལས་ཀུན་སློང་གཅིག་མཚུངས་རེད་བསམ་གྱི་འདུག རྨོངས་དད་ཀྱིས་བསླུས་ནས་རང་དོན་སྒྲུབ་པ་དང་འདོད་ཆགས་ཀྱིས་བསླུས་ནས་རང་དོན་སྒྲུབ་པ་གཉིས་དཔྱད་བསྡུར་ཙམ་བྱས་ན་དོན་ལ་ཁྱད་པར་ཅི་ཡང་མེད་པ་ལྟ་བུ་ཞིག་རེད།

བོད་མི་གང་མང་ཞིག་གིས་ངོས་འཛིན་ཐོབ་དཀའ་ལ། ངོས་ཟིན་དུས་འཕྱི་དྲགས་པ་ཞིག་ནི་སྤྲུལ་སྐུ་ཚོས་སློབ་སྦྱོང་གི་ཁོར་ཡུག་འགའ་གཉེར་འཛིན་བྱེད་བཞིན་པའི་སྡིག་ཉེས་དེ་ཡིན། མི་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་པ་ནི་རྣམ་པ་ཙམ་གྱི་ཆ་ནས་བཤད་ན་ཡག་པོ་མ་རེད་ཟེར་མཁན་སུ་ཡང་མེད། འོན་ཀྱང་ངེས་པར་དུ་ཤེས་དགོས་པ་ཞིག་ནི། ཡང་སྙིང་སློབ་སྦྱོང་དེ་སུའི་ཆེད་དུ་སྤྲོད་ཀྱི་ཡོད་མེད་དེ་ཡིན། ཆེས་ཕུལ་བྱུང་གི་རྣམ་དཔྱོད་ཅན་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མས་དབུ་ཁྲིད་པའི་སློབ་གྲྭ་ཁག་ནི་སློབ་མ་དང་མང་ཚོགས་ཀྱི་ཆེད་ཡིན་པ་ཆེས་ཁ་གསལ་གཏིང་གསལ་ཡིན་ཡང༌། བོད་ཀྱི་སྤྲུལ་སྐུ་གཞན་འགའ་ཞིག་གིས་གཉེར་འཛིན་བྱེད་པའི་སློབ་སྦྱོང་གི་ཁོར་ཡུག་དག་ནི་སྒེར་སྡོམ་ཡིན་པ་ཨ་ཅང་ཅང༌། བསྟན་སྲིད་མི་རིགས་སོགས་ཀྱི་ཐུམ་ག་འདྲ་ཞིག་བརྒྱབ་ནའང༌། དམིགས་ཡུལ་ངོ་མ་ནི། ཁོང་ཚོས་བོད་རིགས་མང་པོར་སློབ་སྦྱོང་སྤྲད་ནས། བོད་རིགས་དེ་ཚོ་སྤྲུལ་སྐུ་དེ་དག་གི་ཚེ་གཡོག་ཏུ་འགྱུར་ཐབས་བྱེད་ཀྱི་ཡོད་པ་དེ་རེད། ལྷག་པར་དུ་གྲྭ་རིགས་ན་གཞོན་ཚོ་དེ་འདྲའི་ལག་ཆར་བཀོལ་སྤྱོད་བྱེད་རྒྱུར་སྟབས་བདེར་ལྟ་གི་འདུག གྷོཊི་སིལ་ཊེན་གྱིས་བྲིས་པའི་བོད་པའི་ལོ་རྒྱུས་ནང༌། བོད་ཀྱི་སྤྱི་ཚོགས་རྙིང་བའི་ནང་གི་དཔོན་ངན་ཚོའི་ཚེ་གཡོག་ཚོར་ཡང་སློབ་གསོ་འགའ་ཞིག་ཐོབ་ཀྱི་ཡོད་ཚུལ་འདུག་སྟབས། དེ་འདྲའི་ལམ་ལུགས་དང་ད་ལྟའི་བོད་ཀྱི་སྤྲུལ་སྐུ་ཕལ་མོ་ཆེས་བྱེད་ཐབས་འདི་གཉིས་པར་དུས་ཚོད་གསར་རྙིང་ནང་གི་རྣམ་པ་མ་འདྲ་པའི་གཡོག་སྒྱུར་སློབ་གསོ་རིགས་གཉིས་ཡིན་པ་ལས་གཞན་པའི་ཁྱད་པར་དེ་ཙམ་མ་མཐོང༌།

དེས་ན་ངས་འདིར་བོད་ཀྱི་སྤྲུལ་སྐུ་ཚོས་བོད་རིགས་མང་ཚོགས་ནང་གཡོག་སྒྱུར་སློབ་གསོ་སྤྲོད་ཀྱི་འདུག་ཅེས་པར་སྒྲུབ་བྱེད་མེད་པ་མིན་ཏེ། དཔེ་མཚོན་ཆུང་ཆུང་ཞིག་བཤད་ན། བོད་ཀྱི་སྤྲུལ་སྐུ་ཚོར་ནམ་རྒྱུན་སྐྱོར་རྒྱུའི་ཚིག་ཅིག་ཡོད་པ་དེ་ནི། དད་པ་དམ་ཚིག་ཟེར་བ་དེ་ཡིན་ལ། དེའི་ནང་དོན་དངོས་ནི། ཁོ་རང་ཚོར་དགའ་ཞེན་དང་སྦྱིན་བདག་བྱེད་རྒྱུ་སོགས་ཡིན་འདུག དེ་འདྲ་ བྱས་ནས་སྤྲུལ་སྐུ་དེ་དགའ་བོ་ཡོང་བ་བྱེད་ཐུབ་ཚེ་དེ་ནི་དད་པ་དམ་ཚིག་ཡག་པོ་ཡོད་ཚུལ་དང༌། གལ་ཏེ་ཁོ་ཚོའི་བློར་འབབ་མིན་བྱུང་ཚེ་དད་པ་དམ་ཚིག་གཙང་མ་མིན་ཚུལ་བཤད་ནས་མི་སྒེར་དེ་ཚོར་གནོན་ཤུགས་སྤྲོད་ཀྱི་འདུག དེར་བརྟེན་དད་པ་དམ་ཚིག་ཟེར་པའི་འཆིང་ཐག་དེ་ཤེས་རྨོངས་མང་ཚོགས་དང་གྲྭ་གཞོན་ཚོའི་སྐེར་བསྐོན་ནས་ལས་ཀ་ཡོད་ཚད་སྤྲུལ་སྐུ་ཁོ་ཚོའི་མིང་མཐོང་དང་ཁེ་ཕན་ཆེད་བྱེད་དུ་བཅུག་དང་འཇུག་བཞིན་པ་འདི་ཁོ་ནས་ཀྱང་གསལ་བཤད་ག་འདྲ་ཞིག་བྱས་ཡོད་དམ། 

དེས་ན་ངའི་བསམ་པར་བོད་པ་ཚོས་དུས་རབས་ཀྱི་རྗེས་ཟིན་པ་དང༌། དོན་དམ་པའི་རང་དབང་དང་མང་གཙོའི་མཁའ་དབུགས་སྟུག་པོ་ཞིག་ནང་འདྲེན་བྱ་འདོད་ཚེ། ངེས་པར་དུ་རྨོངས་དད་རིགས་གཏོགས་ཀྱི་བསམ་བློའི་འཆིང་རྒྱ་འདི་རིགས་ལས་གྲོལ་དགོས་ལ། ངེས་པར་དུ་སྤྲུལ་སྐུ་ཚོའི་ཧམ་སེམས་ལ་ངོ་རྒོལ་དང༌། ངེས་པར་དུ་སྤྲུལ་སྐུ་ཚོའི་བྱ་སྤྱོད་གཏམ་གསུམ་ལ་མགོ་བོ་སྒུར་མི་རུང་བ་དེ་རེད། ངས་མཐོང་སྣང་གཞན་ནི་བོད་ཀྱི་སྤྲུལ་སྐུ་ཚོ་ཆེས་ན་གཞོན་ཡིན་པའི་དུས་སྐབས་ནས་བཟུང༌། ཤ་རྒྱགས་པ་ཤ་སྟག་ཡིན་པ་དེའང་དོན་ལ་ཚད་མཐོའི་ཤེས་ཚད་ཕར་ཞོག ཆུང་ས་ནས་འཕྲོད་རྟེན་གྱི་ཤེས་བྱ་ཙག་ཙིག་རིགས་ཀྱང་མེད་པར་འདོད་ཟ་འདོད་འཐུང་བྱས་པས་རང་ཉིད་རྒྱགས་པ་ཞེ་གཅིག་ཆགས་འདུག དེ་ནི་སློབ་སྦྱོང་མ་བྱས་པར་མང་ཚོགས་ཀྱི་རྒྱུ་ནོར་ལ་ལོང་སྤྱོད་བྱེད་ཤུགས་ཆེ་དྲགས་པས་ཡིན་པ་ཙམ་མ་ཟད། དེང་རབས་གསོ་རིག་གི་ལྟ་ཚུལ་བྱས་ན་ཤ་རྒྱགས་པ་ཕལ་མོ་ཆེར་སྙིང་ནད་ཡོད་རབས་གསལ་བས་དེ་ནི་བོད་ཀྱི་སྤྲུལ་སྐུ་རྒྱགས་པ་ཚོས་འགྲོ་དོན་མི་འཕེལ་བའི་འགལ་རྐྱེན་ཞིག་ཡིན་ཚོད།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 9

  1. ལི་ཐང་གི་ལུག་རྫི། says:
    ལོ་ 15 སྔོན།

    གྲོགས་པོ་ལགས། ཕྱོགས་རེ་ཙམ་མཐོང་ནས་རང་གི་ལྟ་ཚུལ་བརྗོད་པ་ནི་རྩོམ་པ་པོ་ཞིག་འགན་ཁྲི་དང་དུ་མ་བླང་པར་མངོན་པ་མ་ཟད། སྤྱི་ཚོགས་ལ་ཕན་པའི་བསམ་བློ་ཞིག་ཀྱང་གཏང་མ་ཐུབ་པའི་རང་རྟགས་ཡིན་ངེས་པས། གལ་ཏེ་ཁྱེད་རང་གིས་མི་རིགས་ཤིག་དང་འཁོར་ཡུག་ཅིག་བདེ་དོན་གླེང་འདོད་ཚེ་མཐར་ཕྱིན་པའི་ཞིབ་འཇུག་ཅིག་སྔོན་དུ་བཏང་ཏེ་ལས་ལ་འཇུག་པར་བྱ་དགོས།

    Reply
  2. མི་ནག says:
    ལོ་ 17 སྔོན།

    སྐུ་ཞབས་ཨོ་ཝེན་གྱིས་བཤད་པ་ཚང་མ་ང་ཚོས་མཐོང་བཞིན་པའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བླ་མ་སྟོན་འཁོར་འགའི་སྤྱོད་པ་ཡིན་པ་བདེན་པ་རེད། འོན་ཀྱང་འདི་

    ཙམ་གྱིས་བོད་ཀྱི་སྤྲུལ་སྐུ་ལ་སྡོམ་ཚིག་འཇོག་མི་ཐུབ། ང་ཚོ་བོད་མིས་སྤྲུལ་སྐུ་ལ་དད་པ་དང་ཡིད་ཆེས་བྱེད་པ་ནི་ང་ཚོའི་ཕ་མེས་ཡང་མེས་ནས་ཕུ་ནུ་བུ་ཚའི་བར་དུ་

    བརྒྱུད་ཡོང་བའི་ཚེ་འདི་ཕྱི་གཉིས་ཕན་གྱི་རིགས་གཞུང་དང་བསམ་བློ་འཁྱེར་ཕྱོགས་གཞན་དང་མི་འདྲ་བ་འདི་ཁོང་ཚོར་བསྟེན་ནས་བྱུང་བའི་དབང་གིས་རེད་ལ་བོད་མི་

    རྣམས་སྔར་བཞིན་བསམ་བློ་འཁྱེར་ཕྱོགས་འདིས་མགུ་ཁེངས་ནས་ཡོད། སྤྲུལ་སྐུར་གྲུབ་རྟགས་ཡོད་མེད་དང་མངོན་ཤེས་ཡོད་མེད་ལྟ་བ་ནི་རྒྱ་འོག་ནས་འཚར་བའི་བོད་

    ཕྲུག་འགའ་དང་ཕྱི་རྒྱལ་བ་ཚོས་རིགས་ལམ་དང་ཤོས་སུ་བརྩི་བ་ལས་བོད་མིའི་སྤྲུལ་སྐུར་ཚད་འཇལ་བྱེད་ཀྱི་རྒྱ་མ་མཐར་ཐུག་དེ་མིན། སྐུ་ཞབས་ལགས་འདུན་པ་དྲག་པོ་

    དང་བཅས་སྤྲུལ་སྐུའི་སྤྱི་ཚོགས་སུ་ཕེབས་ཞིང་ཞེན་ལོག་ཡིད་ཕམ་དང་བཅས་སྟོང་ལོག་བྱེད་དགོས་བྱུང་བར་གདོང་སེམས་མཉམ་སྐྱེད་ཡོད། འོན་ཀྱང་ཁྱེད་སྐྱེ་བ་ཕྱི་མར་

    སྤྲུལ་སྐུ་རྒྱགས་པ་འདི་ཚོའི་འབངས་མི་ཞིག་ཏུ་སྐྱེ་བ་ལེན་ཐུབ་ན་མ་མཐའ་ཡང་ཁྱེད་ཀྱི་ད་ལྟའི་མི་ཚེ་ལས་དོན་སྙིང་ཡོད་པར་ངས་ཁག་ཐེག་བྱེད་ཐུབ། ལར་ནས་བོད་མིའི་མངོན་འདོད་གཙོ་བོ་ནི་རྒྱའི་དབང་བསྒྱུར་འོག་ནས་མཐར་འདོད་པ་ཙམ་མ་གཏོགས་རང་དབང་དང་དམངས་གཙོར་གྲགས་པའི་ཕྱི་རྒྱལ་གྱི་སྒྲིག་འཛུགས་ལྟ་བུ་ཞིག་གི་འོག་ཏུ་ཚུད་འདོད་དེ་ཙམ་མེད། བོད་མི་རབས་ཕྱི་མ་དེ་འདྲར་མི་འགྱུར་བར་མི་རབས་འདིས་སྨོན་ལམ་ཡང་འདེབས་ཀྱིན་ཡོད།

    Reply
  3. རྣམ་གླིང་པའི་བྱ་རྒོད། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་སྐུ་ཁམས་བཟང་། གོང་གསལ་གནད་དོན་ལ་པསམ་བཞེས་ཀྱིས་བསམ་ཚུལ་སྤེལ་རོགས།

    Reply
  4. རྣམ་གླིང་པའི་བྱ་རྒོད། says:
    ལོ་ 17 སྔོན།

    རེད་ངོ་མ་ཕྱི་གླིང་བས་བཤད་བདེན། ང་ཚོས་ངོ་མ་སྦས་བསྐུམས་པྱས་ཏེ་ཕན་རེ་མེད། ངས་ཤོད་འདོད་པ་ནི་དེང་སང་སྤྲུལ་སྐུའི་མཚན་ཉིད། དེ་ཡང་སྐྱབས་ཞུ་བསྔོ་རྟེན་ལ་དགའ་ཞིང་བརྟན་བཤིག་གི་རིགས་སུ་གནས་པ་དེང་སང་སྤྲུལ་སྐུའི་མཚན་ཉིད། ངོ་མ་ངས་སྤྲུལ་སྐུར་ཁྱད་གསོད་མིན། །

    Reply
  5. ཡོན་བྷེ། says:
    ལོ་ 17 སྔོན།

    གོང་གི་ཐེ་བོ་ཤེས་རབ་ཀྱིས་བསམ་ཚུལ་འདི་ལྟར་བཀོད་འདུག ཁྱོད་ཀྱིས་ནང་པའི་ཆོས་ཀྱི་འགྲོ་སྟངས་ཤེས་པ་དང་ཕྱི་གླིང་པས་ནང་པའི་ཆོོས་ཀྱི་འགྲོ་སྟངས་མི་ཤེས་པ་གཉིས་ལས་ཕྱི་གླིང་པས་ནང་པའི་ཆོས་ཀྱི་འགྲོ་སྟངས་མ་ཤེས་ནས་བཤད་པའི་གཏམ་ལ་རྒྱུ་མཚན་འདུགདེར་བརྟེན་སྐུ་ཞབས་གང་ཉིད་ནས་ཨུ་ཚུགས་མ་སྐྱོན་རོགས།ང་ཚོས་བསམ་བློ་ཞིབ་མོ་བཏང་ན་བོད་ཁུལ་གྱི་དོ་ཞག་གི་སྤྲུལ་སྐུ་འགའི་ངོ་གདོང་གསལ་པོར་མཐོང་གི་འདུགསྔོན་གྱི་སྐྱེས་ཆེན་ཞིག་གིས་སྐུ་སྐྱེས་བསྟན་དོན་དུ་བྱོན་པའི་དགོས་པར་བཤད་སྒྲུབ་ལག་རྗེས་རེ་འཇོག་དགོས་ཞེས་གསུངས་ཡོད་པའི་སྡོམ་ཚིག་དེ་ཁྱེད་ཀྱིས་བརྗེད་མེད་པ་ང་ལ་ཡིད་ཆེད་ཡོད། ༼གྲོགས་པོ་ཤེས་རབ་ལགས།མཆན་བུར་འགོད་རྒྱུར་དཀའ་ངལ་འདུག་ཚེ་ཕྲན་གྱི་གློག་འཕྲིན་དྲྭ་བའི་སྟེང་བསྐུར་དང་ངས་འགོད་ཆོག༽

    Reply
  6. YONBAY says:
    ལོ་ 17 སྔོན།

    ཨོ་ཧོ་ཧོ། ད་ཡིན་ན་མ་བཟང་ཐག་ཆོད་རེད། གསང་བ་ཚང་མ་ཤེས་ཚར་འདུག་གཱ།

    Reply
  7. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    I’m sure this compose. our society become like this, so our must change this customs. this mean is very deep.

    Reply
  8. ངག་བསྟན་ཡེ་རྒྱམ། says:
    ལོ་ 17 སྔོན།

    སྙིང་རྗེ། ཕྱི་གླིང་བ་འདི་ནི་ནང་པའི་ཆོས་ཀྱི་འགྲོ་སྟངས་ཅི་ཡང་མི་ཤེས་པའི་བོད་དགའ་ཞིག་རེད། ནང་པའི་གཞུང་ལུགས་གང་དུ་ཡང་མི་ཞིག་ལ་རྒྱུ་མཚན་ཡང་དག་ཅི་ཡང་མེད་པར་དད་པ་མགོ་སྒུར་བྱེད་དགོས་ལུགས་ཤིག་གསུངས་མེད། གལ་སྲིད་རང་གཞན་གཉིས་ཕན་གྱི་བསམ་བློའི་རྒྱབ་རྟེན་ཡང་དག་པ་ཞིག་ཡོད་ན། སྤྲུལ་སྐུ་རྒྱགས་པ་ཙམ་མ་ཟད་སྲང་བར་གྱི་ཁྱི་ཞིག་ལ་ཕྱག་འཚལ་ན་ཡང་ནང་བའི་ཆོས་ཀྱི་དགོངས་དོན་དང་འགལ་ཡོད་རྒྱུ་མ་རེད། ཡིན་ན་ཡང་། རྒྱུ་མཚན་ཤེས་པའི་དད་པ་དང་རྨོངས་དད་གཉིས་བསྲེས་ནས་བོད་མི་ཡོངས་རྫོགས་རྨོངས་དད་པ་ཡིན་པར་བསྒྲུབས་པ་ནི་དོན་ལ་རང་ཉིད་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ཀའི་ཕྱོགས་སུ་ཆ་རྒྱུས་ཅི་ཡང་མེད་པའི་ནང་གི་དེ་ཉིད་ཕྱིར་འདོན་བྱས་པ་ཙམ་མོ། །

    Reply
  9. Thewo Sherrab Gyatso says:
    ལོ་ 17 སྔོན།

    oh that’s really true
    hahhahaaaaaaaa

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese