མི་རིང་བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིར་འཚམས་གཟིགས་བྱེད་གཏན་འཁེལ་བ་དང་བསྟུན། ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཐེངས་འདིའི་མགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་པའི་ཉན་ཞིབ་ཅིག་འཚོགས།

ཁ་སང་ཕྱི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་འཐུས་མི་ཁན་ནཱ (Khanna) མཆོག་དང་། མེག་གྷོ་ཝན་ (McGovern) མཆོག་གིས་དབུ་ཁྲིད་པའི་ཨ་རི་དང་རྒྱ་ནག་དམར་ཤོག་ཚོགས་པའི་བར་གྱི་ཐབས་ཇུས་འགྲན་སྡུར་ཐད་ཀྱི་དམིགས་བསལ་ཆེད་འཛུགས་ཚོགས་ཆུང་དང་། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཁཱ་པི་ཊོལ་ཧིལ་ (Capitol Hill) དུ་ཉན་ཞིབ་ཅིག་གོ་སྒྲིག་གནང་ཡོད་པ་དང་། ཁོང་ཚོས་སྲིད་འཛིན་ཊོམ་ཕུ་ཡི་སྲིད་གཞུང་གི་རྒྱ་ནག་དང་འབྲེལ་མོལ་གྱི་གནད་དོན་ནང་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཚུད་མེད་པའི་རྒྱུ་མཚན་བགྲངས་ཏེ། སྲིད་འཛིན་ཊོམ་ཕུ་ཡིས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ཕོ་བྲང་དཀར་པོར་གདན་ཞུ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་དོ་སྣང་བྱེད་ཀྱི་མེད་པ་གསལ་སྟོན་བྱས་འདུག
ཉན་ཞིབ་འདིའི་ཐོག་དཔང་མི་བཞི་གདན་འདྲེན་ཞུས་ཡོད་པ་དེ་དག་ནི། ཡུ་གུར་སྐད་ཡིག་གི་གསར་འགྱུར་དྲ་རྒྱ་ “ཡུ་གུར་གསར་འཕྲིན” (Uyghur Post) གསར་འཛུགས་གནང་མཁན་ཏ་ཧིར་ཨི་མིན (Tahir Imin) དང་། རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཀྱི་འགན་འཛིན་དཔལ་ལྡན་རྒྱལ། པེན་གཙུག་ལག་སློབ་གཉེར་ཁང་གི་ཨ་རི་དང་རྒྱ་ནག་གི་མ་འོངས་པའི་འབྲེལ་བའི་ལས་གཞིའི་ཉམས་ཞིབ་པ་ཡཱ་ཆིའུ་ཝང་ (Yaqiu Wang)། དེ་བཞིན་ཧོང་ཀོང་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨ་རིའི་རྒྱ་ནག་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཚོགས་ཀྱི་འཐུས་མི་གནང་མཁན་ཇོ་ནཱ་ཐན་སི་ཊི་ཝར་སི་ (Jonathan Stivers) བཅས་ཡིན།
དཔང་མི་ཚོའི་མཚན་གཞུང་ནང་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་དང་། དེ་བཞིན་ཨ་རི་དང་རྒྱ་ནག་གི་འབྲེལ་བ་བཅས་ས་ཁུལ་མི་འདྲ་བ་ཁག་གི་གནད་དོན་ཚུད་ཡོད་པ་དེས། ཉན་ཞིབ་གོ་སྒྲིག་བྱེད་མཁན་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་ས་ཁུལ་ཁག་གི་གནས་ཚུལ་གསལ་བཤད་བྱས་ཏེ། ཊམ་དང་ཞི་ཅིན་ཕིན་གཉིས་ཀྱི་མཇལ་འཕྲད་མ་བྱས་གོང་གི་གྲ་སྒྲིག་ལས་རིམ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དོ་སྣང་ཡོང་བ་བྱེད་རྒྱུའི་འཆར་གཞི་བཟུང་ཡོད་པ་མཚོན་གྱི་ཡོད།
ཉན་ཞིབ་འདིའི་དཔང་མི་རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཀྱི་འགན་འཛིན་དཔལ་ལྡན་རྒྱལ་ལགས་ཀྱིས་འདི་གའི་གསར་ཁང་ལ། ཐེངས་འདིའི་ཉན་ཞིབ་ཐོག་པེ་ཅིན་གྱི་བོད་མིའི་ངོ་བོ་རྩ་མེད་བཟོ་བའི་འཆར་གཞི་དང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་ཁྲིམས་ལུགས་ཞེས་པའི་ཁྲིམས་ལུགས་གསར་པ་དང་དེའི་ཉེན་ཁ། བཅའ་སྡོད་སློབ་གྲྭ་དང་སྐད་ཡིག་ཉམས་རྒུད་སོགས་ཀྱི་སྐོར་གླེང་སློང་བྱས་པ་མ་ཟད། ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་བྱས་པའི་བོད་ཀྱི་མ་འོངས་པའི་བརྟན་ལྷིང་འགན་ལེན་གྱི་ཁྲིམས་འཆར་གཏན་འབེབས་ཡོང་བ། སྲིད་འཛིན་ཊོམ་ཕུ་ (Trump)མཆོག་གིས་ཞི་ཅིན་ཕིན་དང་ལྷན་དུ་ཐད་ཀར་བོད་དོན་སྐོར་གླེང་སློང་གནང་ནས། ཞི་ཅིན་ཕིན་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་ལུགས་རང་དབང་ལ་གུས་བཀུར་བྱེད་དགོས་པ། དེ་བཞིན་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་སླར་གསོ་གནང་དགོས་པའི་འབོད་སྐུལ་གནང་རྒྱུར་རེ་སྐུལ་ཞུས་ཡོད་སྐོར་གསུངས་བྱུང་།
ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ཚོགས་ཆུང་ནི་ཕྱི་ལོ་ ༢༠༠༠ ལོར་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་སྐོར་གྱི་ཁྲིམས་ལུགས་གཞིར་བཟུང་གསར་འཛུགས་གནང་བ་དང་། དེའི་ནང་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་མི་དང་འཛིན་སྐྱོང་གི་དཔོན་རིགས་ཚུད་ཡོད། ཨ་རི་དང་རྒྱ་ནག་དམར་ཤོག་ཚོགས་པའི་བར་གྱི་ཐབས་ཇུས་འགྲན་སྡུར་ཐད་ཀྱི་དམིགས་བསལ་ཆེད་འཛུགས་ཚོགས་ཆུང་ནི་ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡ སྐབས་ ༡༡༨ པའི་གྲོས་ཚོགས་ནང་གསར་འཛུགས་བྱས་ཡོད། དེའི་དབང་ཆའི་ཁྱབ་ཁོངས་ནི་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡིན་ཏེ། རྒྱ་ནག་དམར་ཤོག་ཚོགས་པ་དང་ཨ་རིའི་བར་གྱི་དཔལ་འབྱོར་དང་། འཕྲུལ་རིག་ལག་རྩལ། བདེ་འཇགས་བཅས་ཀྱི་འགྲན་རྩོད་སོགས་ཚུད་ཡོད།
དུས་བབ་གསར་ཁང་གིས་སྤེལ།



