ཚེས་ ༡༣ ཉིན་གྱི་ཆུ་ཚོད་ ༡༢ དང་ཕྱེད་ཀའི་སྟེང་དུ་བོད་དོན་ལས་འགུལ་བ་ཁ་ཤས་ཀྱིས་པེ་ཅིན་དུ་ལས་འགུལ་སྤེལ་ཡོད།
ལས་འགུལ་སྤེལ་མཁན་མི་ལྔ་ཡིས་བོད་རང་དབང་ཞེས་བྲིས་ཡོད་པའི་སྟོད་གོས་རེ་གྱོན་ཡོད་པ་དང༌། རང་དབང་གི་ཆེད་དུ་བོད་མི་ཚོ་འཆི་བཞིན་ཡོད་ཞེས་བྲིས་ཡོད་པའི་འཕྲེད་དར་ཞིག་བཟུང་ཏེ། པེ་ཅིན་ཨོ་ལིམ་པིག་སྤྱི་གླིང་གི་ལྷོ་ཕྱོགས་ཀྱི་མཐར་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སྤྱི་གླིང་གི་སྒོ་ཁར། ལྕགས་རྟ་རྣམས་བསྡམས་ཏེ་བཞག་པ་དང༌། ཕ་ལགས་བོད་པ་ཡིན་པའི་ཉི་ཧོང་གི་བུད་མེད་ཅིག་གིས་ཁོ་ཚོས་ཅི་ཞིག་གི་ཆེད་དུ་ལས་འགུལ་འདི་སྤེལ་བཞིན་པ་དང༌། བོད་ནང་གི་གནས་སྟངས་ཇི་འདྲ་ཡིན་མིན་གྱི་སྐོར་མི་རྣམས་ལ་འགྲེལ་བཤད་བྱས་ཡོད་འདུག ཡང་དེ་དང་ཐག་ཉེ་བའི་རྐང་ཐང་འགྲོ་སའི་ཟམ་པ་ཞིག་གི་སྒང་དུ། བོད་དོན་ལས་འགུལ་བ་གཉིས་ཀྱིས། འཕྲེད་དར་ཞིག་གི་ངོས་སུ་བོད་རང་དབང་ཞེས་བྲིས་ཡོད་པ་ཞིག་ཕྱར་ཡོད་འདུག ཟམ་པའི་སྒང་གི་ལས་འགུལ་སྤེལ་མཁན་དེ་གཉིས། ལམ་སེང་བདེ་འཇགས་མི་སྣས་འཛིན་བཟུང་བྱས་ཡོད་པ་དང༌། ལས་འགུལ་བ་གཞན་པ་ཚོ་སྐར་མ་ལྔ་ཙམ་འགོར་ཡོད་མེད་ཀྱི་བར་ནས་འཛིན་བཟུང་བྱས་ཡོད་འདུག
ལས་འགུལ་བ་དེ་དག་ནི་རང་ལོ་ ༢༥ སོན་པའི་དབྱིན་ཇིའི་མི་སེར་པདྨ་ཡོ་ཁའོ་དང༌། རང་ལོ་ ༤༡ ཡིན་པའི་ཨ་རི་བ་ཊོམ་ཁོ་ཧེན་ Tom Cohen རང་ལོ་ ༣༦ ཡིན་པའི་ཇེན་ནི་ཧྥེར་ ཁིར་བྷའེ Jennifer Kirby རང་ལོ་ ༣༠ ཡིན་པའི་ཇེ་ནེ་ ཏིས་སི་པན Jene DeSpain རང་ལོ་ ༣༡ ཡིན་པའི་ཇེམ་སི བྷུ་རའེ་ཌི་ James Brady རང་ལོ་ ༤༡ ཡིན་པའི་བྷ་ནི ཁམ་པའོ་ཛ་ནོ Bani Campozano རང་ལོ་ ༢༠ ཡིན་པའི་རྗོ་ན་ནཱ་ཐན ཧྥོག་ཟི Jonathan Fox རང་ལོ་ ༢༩ ཡིན་པའི་ཨ་རི་བ་ཞིག་བཅས་ཡིན་པ་དང༌། ཁོང་ཚོ་འཇུས་པ་ནས་ད་བར་གྱི་གནས་སྟངས་ཤེས་ཐུབ་མེད་པ་རེད།
གྲངས་ཉུང་མི་རིགས་ཀྱི་རིག་གཞུང་སྤྱི་གླིང་དེ་ནི་ ༡༩༩༢ ལོར་བཟོ་བསྐྲུན་བྱས་པ་དང༌། ༢༠༠༠ ལོར་པེ་ཅིན་ཨོ་ལིམ་པིག་ཆེད་དུ་རྒྱ་བསྐྱེད་བཏང་བ་ཞིག་རེད་འདུག འདི་ནི་རྒྱ་ནག་གིས་འཆར་གཞི་ཡོད་པའི་ཐོག་ནས་རྒྱ་མི་རིགས་དང༌། བོད་མི་རིགས་བར་གྱི་མཐུན་སྒྲིལ་གྱི་རི་མོ་ལྟ་བུར་བེད་སྤྱོད་གཏོང་གིན་ཡོད་པ་བཞིན། རྒྱ་མི་རིགས་དང་གྲངས་ཉུང་མི་རིགས་བར་གྱི་འབྲེལ་བ་ཡང་གསལ་བོར་སྟོན་གྱིན་ཡོད་འདུག རིག་གཞུང་སྤྱི་གླིང་འདི་ནི་རྒྱ་ནག་གིས་བོད་ཐོག་ལ་བཟུང་བའི་སྲིད་བྱུས་ཁྲིམས་མཐུན་ཡིན་ཚུལ་འཛམ་གླིང་མི་མང་དང༌། རྒྱ་ནག་མི་དམངས་ལ་ཁྱབ་བསྒྲགས་བྱེད་ཐབས་ཀྱི་ཡོ་ཆས་ཤིག་ལ་ངོས་འཛིན་འོག་བེད་སྤྱོད་གཏོང་གིན་ཡོད་པ་རེད། བོད་རང་དབང་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་བཀྲས་མཐོང་ལྷ་སྒྲོན་ལགས་ནས། རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩ་འཛུགས་རུ་ཁག་སོགས་ལ། བོད་འདི་ཁྲིམས་མཐུན་གྱི་སྒོ་ནས་རྒྱ་ནག་ལ་བདག་པ་དང༌། བོད་མི་ཚོ་རྒྱ་ནག་གིས་དབུ་ཁྲིད་པའི་སྲིད་བྱུས་འོག་བདེ་སྐྱིད་ལྡན་པ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་ཀྱང༌། དོན་དངོས་སུ་བོད་ནང་གི་གནས་སྟངས་དང་རྒྱ་ནག་གི་ཁྱབ་བསྒྲགས་བྱས་པ་གཉིས་ཐ་དད་ཡིན་ཚུལ་གསུངས་ཡོད་ལ། ཡང་པེ་ཅིན་དུ་བོད་ཀྱི་གཞས་དང་ཞབས་བྲོ་སོགས་དར་ཁྱབ་ཆེ་མདོག་ཡོད་ཀྱང༌། བོད་ནང་དུ་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་རིག་གཞུང་ལས་འགུལ་སོགས་རྒྱ་ནག་ཉེན་རྟོག་པའི་ལག་ཏུ་ཡོད་ཚུལ་གསར་ལམ་ཁག་ལ་འགྲེལ་བརྗོད་གནང་འདུག
བོད་རང་དབང་སློབ་ཕྲུག་ཚོགས་པ་ནི་འཛམ་གླིང་གི་གཞོན་སྐྱེས་མང་པོས། བོད་རང་དབང་གི་ཆེད་དུ་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ཞིག་སྟེ། རྒྱལ་ཁབ་སུམ་ཅུ་ལྷག་ཏུ་ཡན་ལག་ ༧༠༠༠ ཙམ་ཡོད། རྒྱལ་སྤྱིའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་ལྷན་ཚོགས་དེ་ཨ་རིའི་ནེའུ་ཡོག་ཏུ་ཡོད་པ་དང། ཊོ་རིན་ཊོ་དང་ལོན་ཌོན། རྒྱ་གར་གྱི་ངྷ་རམ་ས་ལ་སོགས་སུ་ཡན་ལག་ལས་ཁུངས་ཡོད་འདུག
![Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]](https://tibettimes.net/wp-content/uploads/2026/10/Screen-Shot-2026-10-16-at-2.29.07-PM-360x180.png)




