བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཕ་ཡུལ་ལྷ་སར་ཡོངབའི་ལམ་དུ་དམག་མི་དང་ཉེན་རྟོག་པ་ཚོར་པར་ཁ་ཤས་བརྒྱབས་པར་ཁ་གཡར་ཏེ་ཉེན་རྟོག་པས་ཆུ་ཚོད་ ༨ ལ་བཀག་ཉར་འོག་འདྲི་གཅོད་བྱས་འདུག
འོད་ཟེར་བཀག་ཉར་བྱས་པ་འདི་ནི་ད་ལོའི་༣ ༡ ༤ ཞི་རྒོལ་སྐབས་ཚོང་ཟོག་དང༌། ལས་ཤག་སོགས་མེ་བསྲེགས་བཏང་རྗེས་ལྷ་སའི་ཧི་མ་ལ་ཡའི་སྲང་བར་དུ་ཉེན་རྟོག་པའི་རྔམ་བརྗིད་དང་བཙན་གནོན་འོག་གི་བོད་མི་སྤྱི་དང་འདྲ།
གཟའ་པ་སངས་ཉིན་ཉེན་རྟོག་པ་ ༨ འོད་ཟེར་གྱི་ཨ་མའི་ཁྱིམ་དུ་ཡོང་སྟེ་འོད་ཟེར་བཀག་ཉར་ཆོག་པའི་བརྡ་ཡིག་ཞིག་སྤྲད་དེ་ཁྲིད་འདུག ཁོང་གི་བཟའ་ཟླ་ཝང་ལིས་ཞོང་གིས། ཁོ་ཚོའི་ཡིག་ཆའི་ཐོག་མིང་ནོར་འདུག་པས། ངས་ཨུ་ཚུགས་ཀྱིས་ཁོ་ཚོར་མིང་དེ་དག་སེལ་བྱས་རྗེས་ཁོ་མོ་ཁྲིད་ཆོག་པ་དང༌། ཆུ་ཚོད་ ༡༢ ནང་ལོག་ནས་ཁོ་མོ་ཁྱིམ་དུ་གཏོང་དགོས་པའི་གསལ་བཤད་བྱས་པ་ཡིན། ཞེས་གསར་ལམ་ལ་བརྗོད་འདུག
ཉེན་རྟོག་པ་ཚོས་རེས་མོས་ཀྱིས་ཁོ་མོར་འདྲི་རྩད་བྱས་པ་དང༌། ཁོ་མོས་གླ་གཏོང་གླ་འཁོར་ཞིག་གི་ནང་དུ་ལྷ་སའི་བར་སྐོར་དང་སྲང་ལམ་གྱི་དམག་མི་དང༌། ཉེན་རྟོག་རུ་ཁག་ལ་པར་རྒྱག་བཞིན་པ་མི་ཞིག་གིས་མཐོང་འདུག་ཅེས་འདྲི་རྩད་བྱས་ཡོད་འདུག
སྐུ་ཞབས་ཝང་ལི་ཞོང་གིས་བརྗོད་དོན། ཁོ་མོས་ཉེན་རྟོག་པ་ཚོར། སྲང་བར་ནས་མི་མང་སོགས་པར་རྒྱག་པ་དེ་ཁྲིམས་འགལ་མིན་པ་མ་ཟད། པར་རྒྱག་སྐབས་དམིགས་བསལ་གྱི་གསང་བའི་ས་ཁུལ་དུ་མ་སོང་ལ། དྲག་སྤྱོད་རིགས་མཐོང་མ་སོང་ཞེས་བཤད་འདུག དེར་མ་ཟད་ཁོ་ཚོ་ལ་གཞི་རྩའི་ཁྲིམས་མཐུན་གྱི་འཛིན་བཟུང་བྱེད་ཆོག་པའི་ཡིག་ཆ་མི་འདུག ཞེས་བརྗོད་ཡོད་པ་རེད། ཉེན་རྟོག་པ་ཚོ་འོད་ཟེར་གྱི་ཨ་མའི་སྡོད་གནས་ལ་ཡོང་ནས་བསྔོག་བཤེར་བྱས་ཡོད་པ་དང༌། ཝང་ལི་ཞོང་གི་གློག་ཀླད་སོགས་ལ་ཡང་བསྔོག་གཤེར་བྱས་ཡོད་འདུག ཁོ་ཚོས་གློག་ཀླད་ཀྱི་གསང་ཨང་གཏོར་ཏེ་གློག་ཀླད་ནང་གི་ཡིག་ཆ་རེ་རེ་བསྔོག་པ་དང༌། འོད་ཟེར་གྱིས་བླངས་པའི་པར་རེ་རེ་བྱས་ཏེ་བསྔོག ཁོ་ཚོས་འདྲི་རྩད་བྱེད་པ་ནི། འོད་ཟེར་གྱི་པར་ནང་དུ་ལྟ་སྐོར་ལ་ཕྱིན་པའི་སྐབས་ལྷ་སའི་ཁུལ་གང་ཞིག་ཏུ་དམག་མིའམ། ཡང་ན་ཉེན་རྟོག་པ་ཞིག་ལམ་ཁར་ལངས་ཡོད་པ་ཞིག་ཡོད་པ་དེ་རེད། ཝང་ལིས་ཞོང་གིས། ཁོ་ཚོས་ཉེས་འགེལ་བྱེད་ས་པར་དེ་ཡིན་མིན་བཤད་མི་ཐུབ་མོད། གལ་ཏེ་ཡིན་ན་ནི་ཤུགས་རྐྱེན་ཟབ་པའི་རྩོམ་པ་པོ་ཞིག་གིས་རང་འགར་པར་ཞིག་བརྒྱབས་པ་ཙམ་གྱིས་འདི་ལྟར་ཉེས་འགེལ་བྱས་ན། བོད་ནང་གི་བོད་མི་ཚོས་ཉིན་རེ་རེ་ལ་འདི་ལྟར་མྱོང་གི་ཡོད་པ་སྨྲ་མི་དགོས། ཅེས་བཤད་འདུག བཟའ་ཚང་གཉིས་ཀྱིས་ཟླ་གཅིག་ལྷག་ལ་ལྷ་སར་ལྟ་སྐོར་བྱེད་རྒྱུའི་འཆར་གཞི་དེ་ཉིན་དྲུག་གི་ནང་དུ་རྫོགས་པར་བྱས་པ་དང༌། དེ་ཡང་འོད་ཟེར་ལ་ཉེན་རྟོག་པས་ཉེས་འགེལ་བྱས་པ་སོགས་ཀྱིས་ལྷ་སར་སྡོད་པའི་དགའ་ཉེ་སྤུན་མཆེད་མང་པོར་ཡང་ཉེན་རྟོག་པས་དཀའ་ངལ་བཟོ་བར་དོགས་ནས་ཐུག་འཕྲད་བྱས་མི་འདུག གཟའ་སྤེན་པའི་ཉིན་ཁོ་གཉིས་ཕྱིར་པེ་ཅིན་ལ་ལོག་འདུག