བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༤ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།
བོད་ཀྱི་རྩ་དོན་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན། མ་མཐར་ཡང་༧གོང་ས་མཆོག་བོད་མིའིི་དབུ་འཁྲིད་དུ་བཞུགས་པའི་རིང་དེ་ལྟར་ཡིན། འོན་ཀྱང་། རྩ་དོན་འདིའི་མ་འོངས་པའི་བདག་པོ་རྣམས་ནི་རྩ་དོན་ལ་རྒྱུས་མེད་མཁན་དང་། རྩ་དོན་ལ་དབྱིངས་མེད་མཁན། རྩ་དོན་ལ་རྒྱབ་ཏུ་ཕྱོགས་བཞིན་པའི་མི་རབས་ཤིག་ཡིན། མི་རབས་འདི་དག་བོད་ཕྱི་ནང་གཉིས་ཀར་དེ་ལྟར་རྩ་དོན་ལ་རྒྱང་དུ་གྱེས་བཞིན་དུ་འཚར་གིན་ཡོད།
བཀའ་ཁྲི་མཆོག་གིས་བོད་མི་སྐྱ་སེར་གཉིས་དང་ཕྱིའི་མི་རིགས་བཅས་ལ་ཡང་དང་བསྐྱར་དུ་བོད་ཀྱི་རྩ་དོན་གྱི་ངོ་བོ་མཐར་ཐུག་དེ་གསུང་གི་ཡོད། བོད་ཀྱི་རྩ་དོན་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ཡིན་པར་གསུངས། ནང་པ་སངས་རྒྱས་པའི་ཆོས་ལུགས་འདིས་ད་གཟོད་འཇིག་རྟེན་ཞི་བདེ་དང་བོད་མི་རིགས་ཀྱི་མ་འོངས་པའི་བདེ་རྩ་ལ་འགན་ལེན་ཐུབ་ལ། ང་ཚོའི་འཐབ་རྩོད་ནི་ཐོབ་ཐང་ཞིག་གི་ཆེད་དུ་མིན་པར། ལས་དོན་ཞིག་ལ་འགན་འཁུར་བའི་ཆེད་དུ་ཡིན་པར་གསུངས།
དེ་ལྟར་ཡང་། རྩ་དོན་འདིའི་མ་འོངས་པའི་བདག་པོར་འགྱུར་རྒྱུའི་མི་རབས་རྣམས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་དོ་སྣང་དང་དད་པ་མེད་མཁན་དང་། ཐ་ན་མང་པོ་ཞིག་ཐད་ཀར་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་དུ་འགྱུར་བཞིན་ཡོད། གཞོན་སྐྱེས་འདི་ལས་མང་བོ་ཞིག་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་ཚོར་བ་མེད་པའི་གྲས་ཡིན། འདིའི་དོན་ནི་ཁོང་ཚོ་ནང་ཆོས་ལ་དད་པ་ཡོད་མཁན་མིན་ལ། རྒྱབ་གཏོད་མཁན་ཡང་མིན། ཁོང་ཚོས་རང་ཉིད་ནི་བོད་མི་ཕལ་བ་ཞིག་ཡིན་པ་དང་དེ་ལ་དཔག་པའི་འགན་ཁུར་ཞིག་གི་ཕན་ནས་བསམ་བློ་གཏོང་གི་མེད།
བོད་ཀྱི་རྩ་དོན་འདིར་དེ་ལས་ལྷག་པའི་ཉེན་ཁ་ཞིག་མཐོང་བ་ནི། མ་འོངས་པའི་མི་རབས་འདི་དག་གིས་ཐ་ན་བོད་ཡིག་དང་བོད་སྐད་ཀྱང་བརླག་གི་ཡོད། བཀའ་ཁྲི་མཆོག་གིས་གསུངས་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ནི་བོད་ཡིག་གི་ནང་ནས་ད་གཟོད་ལེགས་པར་རྟོགས་ཐུབ། མི་རབས་ཕྱི་མ་འདི་དག་ལ་འཕྲད་པའི་བོད་ཡིག་གི་ཉམ་རྒ་ུད་དེས་ཀྱང་བོད་ཀྱི་རྩ་དོན་འདིའི་མ་འོངས་པའི་ཚེ་ཚད་དང་འདིའི་བདག་པོ་ཚོའི་བར་གྱི་ཛ་དྲག་གི་འགལ་འདུ་ཞིག་བརྗོད་ཀྱི་ཡོད།
ད་ཆར་བཀའ་ཁྲི་མཆོག་གིས་བོད་ཀྱི་རྩ་དོན་གྱི་ཁ་ཕྱོགས་གསལ་སྟོན་བྱེད་ཀྱིན་པ་ལས་ལྷག་ཅིག་བོད་ཀྱི་རྩ་དོན་འདིའི་བདག་པོར་འགྱུར་རྒྱུའི་མ་འོངས་པའི་མི་རབས་འདི་དག་གི་ངག་ནས་བོད་སྐད་མི་བརྗེད་པ་དང་། ལག་ནས་བོད་ཡིག་མི་འབོར་བའི་ཐབས་ལམ་ཞིག་གང་མགྱོགས་འཚོལ་རན་འདུག་ལ། འདིའང་ཤོག་ཐོག་ལ་ཕབ་པའི་སྲིད་བྱུས་ཀྱི་སྐྱ་ཐིག་ཙམ་མིན་པར་ལག་ལེན་དུ་འཁེལ་བ་ཞིག་དགོས་ལ། སློབ་གྲྭའི་ནང་གི་སློབ་གསོའི་སྲིད་བྱུས་ཙམ་མིན་པར། སྤྱི་ཚོགས་དང་བཙན་བྱོལ་བོད་གཞུང་གིས་གཙོས་པའི་སྒྲིག་འཛུགས་ཁག་གི་ནང་དུའང་འདི་ལྟའི་སྲིད་བྱུས་ཀྱི་ཁ་ཕྱོགས་ཤིག་གསལ་སྟོན་གནང་རྒྱུ་གལ་ཆེ་བར་འདོད་དོ།།