མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོ་སོའི་འདོད་ཕྱོཊ་ཆེད་གཞིས་ལུས་མི་མང་བེད་སྤྱོད་མ་བྱེད།

བོད་ཀྱི་དུས་བབ།
༢༠༠༨/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དམིགས་བསལ་ཚོགས་ཆེན་འཚོགས་པར་དུས་ཚེས་ཇེ་ཉེ་ལ་འགྲོ་བཞིན་ཡོད་པ་དང༌། མི་མང་གི་བསམ་ཚུལ་དང་སྤྱི་ཚོགས་ནང་གི་གླེང་སློང་ཡང་ཤུགས་ཆེ་རུ་འགྲོ་གི་ཡོད། སྤྱིར་ང་ཚོའི་དུས་བབ་གསར་ཁང་གིས་བོད་གཞུང་ལས་བྱེད་རྣམས་ཀྱིས་ཚོགས་ཆེན་ལ་བསམ་བློ་འཛིན་སྟངས་ཐད་གནས་ཚུལ་མཁོ་སྒྲུབ་བྱེད་པར་འདོད་ལ། དེ་ཡང་མི་མང་གིས་ཧ་གོ་དགོས་པ་གལ་ཆེན་ཡིན་པར་རྩིས་ནས་བོད་གཞུང་བཀའ་དྲུང་ཡིག་ཚང་ལ་སྙན་ཞུ་ཕུལ་ཏེ་ལས་བྱེད་རྣམས་ཀྱི་བསམ་ཚུལ་བརྗོད་པར་ཆོག་མཆན་ཡིག་ངག་གཉིས་ནས་ཞུས་ཀྱང་བཀའ་འཁྲོལ་མ་ཐོབ་པས་འདིར་སྡེ་ཚན་ཁག་གི་འགན་འཛིན་དང་མི་སྒེར་ཁ་ཤས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པ་ཡིན།  


བཙན་བྱོལ་བོད་གཞུང་གི་རྩིས་ཞིབ་འགན་འཛིན་བཀའ་རྒྱུད་དོན་གྲུབ་ལགས་ལ་དམིགས་བསལ་ཚོགས་ཆེན་ཐད་དགོངས་ཚུལ་ཅི་ཡོད་དྲིས་པར། ཁོང་གིས། ༧གོང་ས་མཆོག་གིས་བོད་ཀྱི་རྩ་དོན་སྒང་ལ་གོ་བསྡུར་གནང་དགོས་པ་རེད་ཅེས་གསུངས་ཡོད། ད་ལྟའི་དབུ་མའི་ལམ་གྱི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་འདི་༧གོང་ས་མཆོག་དང་མི་མང་གིས་བདམས་པ་རེད།  དེ་ཡིན་དུས་ད་ལྟའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་དགོས་པ་རེད་བསམ་གི་ཡོད།  སྐུ་ཚབ་དེ་ཚོ་ཕེབས་ཀྱི་ཡོད་པ་རེད། གཞུང་ཡང་དབུ་མའི་ལམ་ལ་འགྲོ་གིན་ཡོད། ཡིན་ཡང་ཐག་གཅོད་བྱུང་མེད། དེ་ཡིན་དུས་ད་ནི་ང་ཚོས་རྩ་བ་ཞིག་ལ་དགོངས་པ་བཞེས་དགོས། ང་ཚོས་ལངས་ཕྱོགས་དེ་ལ་འཆར་གཞི་བཟོས་པ་སོགས་ཀྱིས་མ་འདང་བ་རེད་མ་གཏོགས་དབུ་མའི་ལམ་ལ་གྲུབ་འབྲས་མེད་པ་མ་རེད་བསམ་ཡོད། ཚོགས་ཆེན་གྱི་གྲོས་གཞི་གསལ་བོ་ཞིག་མེད་པས་ང་ཚོས་སྐད་ཆ་མང་པོ་བཤད་ན་སྔ་དྲག་པ་རེད། རྩ་དོན་སྒང་ལ་གོ་བསྡུར་གནང་དགོས་རེད་གསུངས་ཡོད་པ་ཡིན་དུས་རྩ་དོན་དེ་ག་རེ་སྒང་ལ་ཡང་ཡོང་སྲིད་གི་རེད། མཐའ་དོན་དེ་བོད་གཞིས་བྱེས་གཉིས་ཀྱི་དཀའ་ངལ་འདི་སེལ་དགོས་གིན་ཡོད། བཙན་བྱོལ་གྱི་དཀའ་ངལ་འདི་དོན་དངོས་ཐོག་དཀའ་ངལ་ཆེན་པོ་མ་རེད། དཀའ་ངལ་ལྟེ་བ་དེ་བོད་དུ་ཡོད་པའི་བོད་མི་ཚོའི་དཀའ་ངལ་རེད། དཀའ་ངལ་དེ་སེལ་ཐབས་ལ་བསམ་བློ་གཏོང་དགོས། རྒྱ་གར་ནང་ལ་མཚོན་ན་༧གོང་ས་མཆོག་དང་གཞུང་གིས་དབུ་མའི་ལམ་འདི་གང་འདྲ་ཡིན་མིན་ལམ་སྟོན་བཀའ་སློབ་ཡོད་པ་རེད་དེ། བོད་ནང་གི་བོད་མི་ཚོས་དབུ་མའི་ལམ་གྱི་འགྲོ་སྟངས་དང་༧གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་ངོ་མ་དེ་མཁྱེན་གི་ཡོད་མེད་ཐེ་ཚོམ་རེད། དེ་ཡིན་དུས་ངོ་རྒོལ་གྱི་འབོད་སྒྲ་དེ་སྣ་མང་ཡོང་གི་རེད། ཐོག་དང་བོ་དབུ་མའི་ལམ་གྱི་གྲོས་གཞི་སྒང་ལ་བོད་ནང་གི་བོད་མིས་བསམ་ཚུལ་ཡང་བསྡུ་རུབ་བྱས་ཡོད་པ་རེད། ང་རང་གི་བསམ་ཚུལ་ཡིན་ན་བོད་ནང་གི་བོད་མི་ཚོ་ང་ཚོ་ལས་ལྷག་པའི་ ༧ གོང་ས་མཆོག་ལ་དད་པ་དང་ཡིད་ཆེས། བློ་གཏོད་ཡོད་པ་རེད། དེ་ཡིན་དུས་བོད་ནང་གི་བོད་མིས་༧གོང་ས་མཆོག་ལ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་སྐུ་དབང་འབུལ་གི་རེད། དམིགས་བསལ་གྱིས་༧གོང་ས་མཆོག་ང་ཚོའི་བླ་མ་གཅིག་པུ་མ་ཡིན་པར་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན་པ་མ་ཟད། ༧གོང་ས་མཆོག་གིས་ཆོས་ཕྱོགས་ནས་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཡིན་པར་འཛམ་གླིང་གི་གནས་སྟངས་ངོས་ཟིན་པའི་ཐོག་ནས་བོད་དོན་ལ་དགོངས་པ་བཞེས་ཡོད། གང་ལྟར་བོད་མིའི་ཁྲོད་ན་༧གོང་ས་མཆོག་ལས་ལྷག་པ་ཞིག་ཕྱོགས་གང་ཅིའི་ཐད་ནས་མེད་ལ་ད་ལྟའི་ཆར་ཁོང་གི་བཀའ་ལས་ལྷག་པའི་འགྲོ་ས་ཡང་མེད། སྤྱི་ཟུར་ཚོ་དང༌། གཞིས་མགོ་ཁག  གཞུང་གི་སྡེ་ཚན་ཁག གཞུང་ཞབས་སོགས་ཚང་མ་བསྡོམས་ན་མི་གྲངས་ ༣༠༠ གཡས་གཡོན་རེད། ལས་བྱེད་མི་མང་པོས་ཁ་གྲགས་གི་མ་རེད། ཁ་གྲགས་མཁན་གཙོ་བོ་དེ་མི་མང་རེད་ལ་ཚོགས་ཆེན་སྒང་ནས་ལག་པ་མང་ཉུང་གིས་ཐག་གཅོད་བྱེད་རྒྱུ་མིན་པས་འཐུས་མི་ཡོང་ཁུངས་འདི་གནད་འགག་ཞིག་མ་རེད་བསམ་གི་ཡོད། ཅེས་གསུངས་བྱུང༌།

 

བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས། ༧གོང་ས་མཆོག་དབུ་ཁྲིད་ཡིན་པའི་ཆ་ནས་གང་ཐུབ་ཐུབ་གནང་ཡོད་པ་རེད། ཡིན་ཡང་དཀའ་ངལ་དེ་བསྡད་ཡོད་པ་རེད། ད་ནི་ལམ་ཁ་གང་འདྲ་ཞིག་ལ་འགྲོ་དགོས་རེད་དམ། རྒྱ་ནག་གིས་བོད་དོན་ལམ་སེང་ཐག་མ་བཅད་པ་ཡིན་ན་བོད་དོན་ཡོང་ས་མ་རེད་བསམ་སྟེ་རང་གི་ལྟོ་གོས་འགྲིག་ན་འགྲིག་པའི་སྣང་བས་ལུང་པ་གང་སར་སོང་ན་འགྲིག་གི་མ་རེད། མ་འགྲིག་པ་ཡིན་ན་ད་ནི་ང་ཚོའི་བོད་འདི་མི་རབས་མང་པོ་འགོར་ཡང་མ་ཤི་ཐབས་ལ་ག་རེ་གནང་དགོས་ཀྱིན་འདུག གནས་ཚུལ་འདི་ཐབས་ཤེས་དང་གོ་བསྡུར་ཞིག་བྱེད་དགོས་ཀྱི་ཡོད་པ་རེད། སྐྱབས་བཅོལ་དུ་ཡོད་པའི་བོད་མི་ཚོ་རང་དབང་ཆེ་ཙམ་ཡོད་ཙང་མཐུན་སྒྲིལ་བྱས་ཏེ་བོད་དོན་མ་བརླག་པར་ཐབས་ཤེས་དང༌། བོད་ཀྱི་ངོ་བོ་འཛིན་པར་ཁ་ནས་བཤད་པ་ཙམ་མིན་པར་ལག་ལེན་ལ་བསྟར་བར་ག་རེ་གནང་དགོས་ཀྱིན་འདུག་པའི་གནད་དོན་འདི་ཚོ་ཚོགས་ཆེན་སྒང་ལ་གླེང་སློང་ཡོང་དགོས་པ་རེད་བསམ་གྱིན་ཡོད། དེ་བས་ཚོགས་ཆེན་འདིས་འགྱུར་བ་གང་གཏོང་མ་ཐུབ་ཀྱང་གནད་དོན་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་ཆགས་གི་རེད་བསམ་གྱི་ཡོད། དྲང་པོར་བཤད་ན་བཙན་བྱོལ་ནང་ལ་བཤད་མཁན་མང་ཐག་ཆོད་ཡོད་ཀྱང་དངོས་སུ་ལག་ལེན་བསྟར་མཁན་དང་ལས་ཀ་བྱེད་མཁན་ཉུང་ཉུང་རེད། ངའི་བསམ་པར་ཆོས་དང་རིག་གཞུང་ལ་འཛིན་སྐྱོང་བྱེད་དགོས་ཀྱི་རེད་ཟེར་ནས་བཤད་ན་དེ་ལག་ལེན་བསྟར་ནས་བྱེད་དགོས་ཀྱིན་ཡོད་པ་རེད། སྡིངས་ཆ་སྒང་ལ་བཤད་རྐྱང་དང་སྡིངས་ཆ་སྒང་གི་མི་དེ་ཚོ་ཕར་སོང་ཚུར་ཡོང་ནས་རང་མགོ་ཐོན་ཐབས་བྱེད་ན་ལག་ལེན་བསྟར་མཁན་སུ་བྱེད་དགོས་པ་རེད། དང་པོ་ང་རང་ཚོའི་ནང་ལོག་གི་བོད་ཀྱི་ངོ་བོ་འདི་ཚོ་མ་བརླག་པ་བྱེད་དགོས། ང་ཚོའི་ངོ་བོ་མ་བརླག་ན་ང་ཚོ་ནམ་ཡང་ཤི་གི་མ་རེད། མ་ཤི་ན་བོད་དོན་གནས་གི་རེད། གྲུབ་འབྲས་ཐོན་དང་མ་ཐོན་ཟེར་བ་དེ་དུས་དང་གནས་བབ། ཁ་གཏད་གཅོག་ས་སོགས་མང་པོ་ཞིག་ལ་མཉམ་དུ་བསྡུར་ནས་སྐད་ཆ་བཤད་དགོས་ཀྱི་ཡོད་པ་རེད། དུས་ཡུན་ཐུང་ཐུང་ནང་ལ་གྲུབ་འབྲས་ཐོན་ཡོད་མེད་བཤད་ཐུབ་གི་མ་རེད། ང་རང་གི་ངོས་ནས་གྲུབ་འབྲས་ཐོབ་ཡོད་པ་རེད་བསམ་གི་ཡོད། དེ་མ་ཡིན་པར་དམག་འཁྲུག་དང་འགད་རྫས་གཏོར་བ་སོགས་བྱས་ན་ཉིན་ཁ་ཤས་ལ་གསར་ལམ་ཁག་ཏུ་ཡོང་སྲིད་ཀྱང་དེ་ནས་གང་ཡང་ཡོང་གི་མ་རེད། རང་བཙན་རྩོད་གི་ཡིན་ཟེར་ནས་ངར་ཆོག་གི་རེད་ལ་ཁ་ནས་ལབ་ཀྱང་ཆོག་གི་རེད། ཡིན་ཡང་ཐབས་ལམ་གང་ལ་འགྲོ་གི་ཡིན། དང་པོ་འཚེ་མེད་ཞི་བའི་ལམ་ལ་འགྲོ་གི་ཡིན་ནམ་མིན། འཚེ་མེད་ཞི་བའི་ལམ་ལ་འགྲོ་ན་སྐད་ཆ་བཤད་ཡ་མི་འདུག་གཱ  དེ་ང་ཚོས་བྱེད་བཞིན་པ་འདི་རེད།  རང་དབང་ལུང་པར་སོ་སོས་ག་རེ་བྱེད་ན་འགྲིག་པའི་སྣང་བས་ག་རེ་ཡིན་ཡང་བྱེད་ཀྱིན་ཡོད་པ་རེད། བྱེད་ཆོག་གི་རེད། ཡིན་ན་ཡང་མི་མང་ལ་རང་རང་གི་ལངས་ཕྱོགས་ཤིག་མེད་ན་དེ་ནུས་པ་འཐོན་རྒྱུ་ཁག་པོ་རེད།  རྒྱལ་ཁབ་ཡོད་པའི་མི་དང་རྒྱལ་ཁབ་མེད་པའི་མིས་རང་དབང་ལོངས་སྤྱོད་བྱེད་སྟངས་ཏོག་ཙམ་འདྲ་གི་མ་རེད་བསམ་གྱིན་ཡོད། རྒྱལ་ཁབ་ཡོད་པའི་རང་དབང་སྤྱོད་མཁན་ཚོས་དཀར་པོ་རེད་དང་ནག་པོ་རེད་མང་པོ་བརྗོད་ཆོག་ཀྱང༌། ང་ཚོའི་བོད་མི་ཕྱེད་ཀ་དགྲ་བོའི་འོག་ན་ཡོད་དུས་ང་ཚོས་སྤྱིའི་ཁེ་ཕན་ལ་བསམ་བློ་གཏོང་དགོས། ང་ཚོར་མི་འབོར་ཉུང་ཉུང་རེད་ལ་ནུས་པ་ཡང་ཆུང་ཆུང་རེད། འདི་ལ་ཡང་ལངས་ཕྱོགས་བརྟན་པོ་ཞིག་དང་འབབ་ས་གཅིག་པ་ཞིག་མེད་ན་དཀའ་ངལ་འཕྲད་གི་རེད་བསམ་གི་ཡོད། ཅེས་གསུངས་བྱུང༌།

 

དབུ་མའི་ལམ་ལམ་སྟོན་ཚོགས་པའི་འགན་འཛིན་མགོ་ལོག་དམ་ཆོས་དཔལ་བཟང་གིས། མང་པོ་ཅིག་གིས་རང་བཙན་དང་དབུ་མའི་ལམ་མ་གཏོགས་དེ་ལས་བརྒལ་ཐུབ་གི་མི་འདུག ཡིན་ན་ཡང་འགྱུར་བ་གཏོང་ཐུབ་ཀྱིན་ཡོད་མེད་ཀྱི་སྐད་ཆ་འདིའི་སྒང་ནས་རང་བཙན་ལ་འགྱུར་བ་གཏོང་ཐུབ་གི་མ་རེད། དེ་ཚོགས་པ་གཅིག་གི་ལངས་ཕྱོགས་ཡིན་དུས་དེ་ལ་མི་མང་དང་གཞུང་གི་ངོས་ནས་འགྱུར་བ་གཏོང་མིན་བཤད་རྒྱུ་མི་འདུག དབུ་མའི་ལམ་འདི་༧གོང་ས་མཆོག་གི་དགོངས་པ་རེད་ལ།  བཀའ་ཤག་དང་སྤྱི་འཐུས་གཉིས་ཀྱི་གྲོས་ཚོགས་ཐོག་ནས་གཏན་ལ་ཕབ་ཡོད་དུས་དེ་མི་མང་གི་མངོན་འདོད་མ་རེད་ལབ་ཐུབ་གི་མ་རེད་ལ། མི་གང་བྱུང་གིས་འགྱུར་བ་གཏོང་ཐུབ་གི་མ་རེད། དེ་ཁྲིམས་དང་གནས་ལུགས་ཞིག་གིས་གཏན་ལ་འབེབ་དགོས། གལ་ཏེ་དབུ་མའི་ལམ་གྱི་སྒང་ནས་གྲུབ་འབྲས་མ་ཐོན་པར་ལྟ་སྐབས་ལག་ལེན་བསྟར་མཁན་གྱི་ངོས་ནས་མ་ཡོང་པ་རེད། སྤྲོད་མཁན་གྱི་ངོས་ནས་མ་སྤྲད་པ་རེད་དམ། ཡང་ན་རྒྱ་ནག་གིས་རྣ་བ་མ་གཏད་པ་རེད་དམ། འདིའི་ཐད་ཚོགས་ཆེན་སྒང་ལ་གླེང་སློང་ཡོང་རྒྱུ་རེད་བསམ་གི་ཡོད། ད་ལྟ་བར་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་འོག་ཚད་མཐོའི་རང་སྲིད་རང་སྐྱོང་དགོས་ཟེར་བ་འདི་༧གོང་ས་མཆོག་གིས་འགྱུར་བ་བཏང་མི་འདུག་ལ། བཀའ་ཤག་གི་ངོས་ནས་ཀྱང་འགྱུར་བ་བཏང་ཡོད་མདོག་ཁ་བོ་མི་འདུག འདིར་ཡོད་པའི་མི་ཁ་ཤས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ངོ་མ་དེ་ཤེས་ཀྱིན་ཡོད་པར་ཐེ་ཚོམ་རེད། ད་ལྟ་བར་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་རྩ་ཁྲིམས་དེ་ག་ཚོད་ཅིག་ལག་བསྟར་བྱས་འདུག་གམ། ཕྱེད་ཙམ་བཏང་འདུག་གམ་ཡང་ན་གཏན་ནས་ལག་བསྟར་བཏང་མི་འདུག འདི་ཚང་མས་ཧ་གོ་བའི་ཐོག་ནས་ད་གཟོད་རང་སྲིད་རང་སྐྱོང་ཟེར་བ་དོན་ངོ་མ་གང་འདྲ་ཞིག་ཡིན་མིན་ཤེས་པ་གནང་དགོས་ཀྱི་ཡོ་པ་ལས། ཧ་མ་གོ་བར་རང་སྲིད་རང་སྐྱོང་ཡིན་ན་ཡོང་གི་མ་རེད། ང་ཚོས་དེ་ལས་མཐོ་ཅིག་རྩོད་དགོས་ཀྱིན་ཡོད་རབས་བཤད་ན་དེ་ཏན་ཏན་ཞིག་ཡོང་གི་མ་རེད། ད་ལྟ་བར་ང་ཚོའི་སྤྱི་ཚོགས་ནང་ནས་ལམ་ཁ་དེ་འགྲིག་དང་མི་འགྲིག་ལས་ལམ་ཁ་གསར་བ་ཞིག་གསར་གཏོད་གནང་ཐུབ་མི་འདུག་ལ་ལག་ལེན་འབབ་ས་ཡང་མི་འདུག བོད་དོན་བཤད་མཁན་དང་གླེང་སློང་བྱས་མཁན་ཚང་མ་བོད་སྤྱི་བའི་དོན་རེད་མ་གཏོགས་གང་ཟག་སྒེར་གྱི་གནད་དོན་མ་རེད་ལ་དེ་ནོར་འཁྲུལ་ཡང་མ་རེད། ཡིན་ཡང་ང་ཚོས་འབབ་ས་ཞིག་དང་ཁེ་ཕན་ཞིག་ལ་ལྟ་དགོས་པར་སྣང༌། འདིར་ཡོད་པའི་མི་དེ་ཚོས་གཞིས་ལུས་བོད་མི་ཚོས་རང་བཙན་ཟེར་ནས་འབོད་ཀྱིན་འདུག་ཟེར་ན་དེ་ཧམ་པའི་སྐད་ཆ་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག་ཟེར་ན་དེ་ལས་ཀྱང་ཧམ་པ་རེད། རང་གི་ལངས་ཕྱོགས་ཀྱི་ཆེད་དུ་བོད་ནང་གི་བོད་མི་བེད་སྤྱོད་གཏོང་བ་ལས་འདི་གཉིས་ཆ་ཏག་ཏག་བསྡད་མེད། ཡིན་ན་ཡང་༧གོང་ས་མཆོག་བོད་ལ་ཕེབས་དགོས་ཟེར་བ་འདི་བདེན་པ་རེད། འདི་ཐུན་མོང་གི་སྐད་ཆ་རེད། གལ་ཏེ་གཞིས་ལུས་བོད་མིར་སྐད་ཆ་བཤད་རྒྱུའི་རང་དབང་ཞིག་ཡོད་ན་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དེ་བོད་མི་བརྒྱ་ཆ་ ༩༥ ཡི་རེ་བ་ཡིན་པ་གསལ་བོ་རེད། བོད་དོན་འདི་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཡོད་པ་དེ་རྒྱལ་སྤྱིའི་སྒང་གི་རྒྱབ་སྐྱོར་དང༌། རྒྱ་ནག་གི་ཤེས་ལྡན་མི་སྣ་མང་པོས་༧གོང་ས་མཆོག་གིས་གསུངས་པའི་བོད་ཀྱི་གནད་དོན་འཐབ་ཕྱོགས་ཐད་ལ་རྩ་ཆེན་པོ་དང་དོ་སྣང་བྱེད་ཀྱིན་འདུག དེ་ཡིན་དུས་བོད་འདི་ཛ་དྲག་གི་གནས་སྟངས་ལས་སྐྱོབ་དགོས་ན་༧གོང་ས་མཆོག་གི་དགོངས་གཞི་ལྟར་འགྲོ་དགོས་ཀྱི་འདུག་ཟེར་ནས་བཤད་མཁན་འདུག རང་བཙན་ཟེར་བ་འདི་རྩོད་ཤེས་ཀྱིན་ཡོད་མེད་དང༌། དབུ་མའི་ལམ་ཟེར་བའི་འཐོབ་བྱ་གང་འདྲ་ཞིག་ཡིན་པ། གང་འདྲ་བྱས་ནས་རྩོད་དགོས་པ། མི་མང་གིས་ལས་ཀ་ག་རེ་བྱེད་དགོས་པ་སོགས་གོ་བ་ལེན་ཐུབ་གི་ཡོད་མེད་ཀྱང་ཐེ་ཚོམ་རེད། གང་ལྟར་འགྱུར་བ་གང་ལ་འགྲོ་ཡང་ཚོགས་པ་ཁག་གི་ལངས་ཕྱོགས་ལ་འགྱུར་བ་འགྲོ་གི་མ་རེད་བསམ་གི་ཡོད། ད་ང་ཚོར་ཆིག་སྒྲིལ་དགོས་གི་འདུག་བསམ་ནས་ལངས་ཕྱོགས་ལ་འགྱུར་བ་གཏོང་གི་མ་རེད། ཅེས་གསུངས་བྱུང༌། མིང་འདོད་འདོན་མེད་པའི་གངས་སྐྱིད་ཀྱི་གཞུང་ཞབས་ཞིག་གིས། བོད་མིའི་མངོན་འདོད་ལ་ག་རེ་ཡིན་ཡང་ཡོང་ཆོག་གི་རེད། རང་བཙན་དང་དབུ་མའི་ལམ་སོགས་ཚང་མ་ཡོང་ཆོག་གི་རེད། ང་རང་གི་བསམ་ཚུལ་ཡིན་ན་བོད་མི་ཚང་མའི་མངོན་འདོད་ནི་རང་བཙན་ཡིན་ངེས་རེད། མངོན་འདོད་ཟེར་བ་དེ་རྨི་ལམ་དང་གཅིག་པ་རེད།  ང་ཚོས་བོད་མིའི་རྨི་ལམ་བཤད་སྐབས་ཞིག་གཏན་ནས་མ་ཡིན་པར་ང་ཚོས་དུས་རབས་ཀྱིས་སྤྲད་པའི་དོན་དངོས་ལ་ངོས་ལེན་གནང་དགོས། ༧གོང་ས་མཆོག་གིས་ཀྱང་རང་བཙན་ཐོབ་གི་ཡོད་ཀྱང་མི་དགོས་ཟེར་གིན་མེད། ཡིན་ཡང་དངོས་ཡོད་གནས་ཚུལ་དང་ད་ལྟའི་གནས་བབ་སྒང་ནས་མི་ཡོང་བ་ཞིག་རེད། སྒུག་རྒྱུའི་དུས་ཚོད་ཡོད་པ་མ་རེད། དོན་དངོས་དང་མངོན་འདོད་གཅིག་པ་མ་རེད། མངོན་འདོད་དེ་དོན་དངོས་དང་གཏན་ནས་མི་མཐུན། དོན་དངོས་དང་གནས་བབ་ཀྱིས་སྤྲད་པའི་དེ་རིང་གི་འཐབ་རྩོད་ལ་བསམ་བློ་གཏོང་དགོས་པ་རེད།  ད་ལྟའི་ཐག་ཉེ་ཤོས་དང་རང་བཙན་དང་བསྡུར་ན་ཐོབ་སླ་བ་དེ་དབུ་མའི་ལམ་འདི་རེད་ཟེར་གི་ཡོད།  བོད་ནང་གི་བོད་མི་བེད་སྦྱོད་བཏང་ནས་རང་གི་ལངས་ཕྱོགས་སྒྲུབ་ཚེ་དེ་ཐབས་སྐྱོ་བོ་རེད། བོད་ནང་གི་བོད་མིའི་སྐད་རྒྱག་ཤེས་ཀྱིན་ཡོད་པ་མ་རེད། སྐྱབས་བཅོལ་བོད་མིས་ཀྱང་སྐད་རྒྱག་ཤེས་ཀྱིན་མེད། ད་ལྟ་བར་དུ་བཙན་བྱོལ་བོད་མིས་བོད་རང་བཙན་དང༌། རྒྱ་མི་བོད་ནས་ཕར་རྒྱུག་ཅིག་ཟེར་ནས་སྐད་བརྒྱབས་པ་ལས་ང་ཚོ་ལ་རང་སྐྱོང་དགོས་དང༌། ང་ཚོ་འཚེ་མེད་ཞི་བ་ཡིན་ཟེར་ནས་སུ་གང་གིས་ཀྱང་སྐད་རྒྱག་གི་མེད། དེ་ཡིན་དུས་བོད་ནང་གི་བོད་མིས་རང་བཙན་ཟེར་ནས་སྐད་བརྒྱབས་པ་དེ་བོད་མིའི་མཐར་ཐུག་གི་དོན་དངོས་དང་མཐུན་པའི་མངོན་འདོད་ཡིན་པ་གང་འདྲ་བྱེད་ནས་སྒྲུབ་དགོས། བོད་ནང་གི་བོད་མིར་སྐད་རྒྱག་སྟངས་དང་འཚེ་མཻད་ཞི་བའི་ལས་འགུལ་སྤེལ་སྟངས་ཀྱི་སློབ་སྦྱོང་ཡོད་པ་མ་རེད། སྐད་རྒྱག་སྟངས་ལ་ཡང་སློབ་སྦྱོང་བྱེད་དགོས་རེད། སྐད་རྒྱག་སྟངས་ལ་ཡང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མཐུན་པའི་རིག་པའི་གཞུང་ལུགས་ཡོད་པ་རེད། མི་མང་པོས་དབུ་མའི་ལམ་ལ་གྲུབ་འབྲས་མ་ཐོན་པ་རེད་ཟེར་བ་དེ་དྲང་བདེན་དང་བོད་ལ་ཤ་ཚ་བའི་སྐད་ཆ་མ་རེད། གྲུབ་འབྲས་ཐོབ་ཡོད་མེད་དེ་ལོ་རྒྱུས་ཀྱིས་གཏན་འཁེལ་བྱེད་རྒྱུ་ཞིག་རེད། མཇུག་སྡོམ་འདི་འབྱུང་འགྱུར་གྱི་མི་རབས་གསར་བས་ཐག་གཅོད་བྱེད་རྒྱུ་ཞིག་རེད། དྲི་བ་རྡོག་རྡོག་དེ་༧གོང་ས་མཆོག་གིས་ལམ་སྟོན་གནང་བ་བཞིན་བོད་མི་རེ་རེ་ཡིས་དབུ་མའི་ལམ་འདི་ལག་བསྟར་བྱས་ཡོད་དམ། ཡོད་ཚེ་གྲུབ་འབྲས་ཐོན་ཡོད་མེད་བཤད་ཆོག་གི་རེད། གལ་ཏེ་དེ་ལྟར་མིན་ན་དེ་ག་རེ་བྱས་ནས་གྲུབ་འབྲས་མ་ཐོབ་པ་རེད། དེ་མི་མང་གི་དྲི་བ་རེད། དབུ་མའི་ལམ་འགྲིག་ཡོད་མེད་ཀྱི་དྲི་བ་མ་རེད། དབུ་མའི་ལམ་འདི་བོད་མི་རེ་རེ་ཡིས་ལག་བསྟར་ག་ཚོད་གནང་ཡོད་མེད་དེ་ལ་རང་རང་གིས་བསྐྱར་ཞིབ་གནང་དགོས། དབུ་མའི་ལམ་ལ་གྲུབ་འབྲས་ཐོན་མེད་ན་ད་ལྟའི་བར་བོད་ཀྱི་གནད་དོན་བསྡད་ཐུབ་ཡོད་པ་མ་རེད། དེ་ན་རང་བཙན་རྩོད་སྐབས་གྲུབ་འབྲས་ཐོབ་ཡོད་དམ། གྲུབ་འབྲས་ལ་མཐའ་མཇུག་གི་གྲུབ་འབྲས་དང་སྤྱིའི་གྲུབ་འབྲས་རིགས་གཉིས་ཡོད། མཐའ་མཇུག་གི་གྲུབ་འབྲས་ཟེར་བ་དེ་ཐག་གཅོད་ཡོད་མེད་ལ་གོ་དགོས། མཐའ་མཇུག་གི་གྲུབ་འབྲས་འབྱུང་བར་ད་དུང་འབད་པ་བྱེད་ཀྱིན་ཡོད་པ་རེད། སྤྱིའི་གྲུབ་འབྲས་ཐོབ་ཡོད་པ་རེད། དེ་མིག་མཐོང་ལག་ཟིན་རེད། གང་ལྟར་ཚོགས་ཆེན་འདི་གལ་ཆེན་རེད། ཡིན་ཡང་འདིས་འགྱུར་བ་གང་ཡང་གཏོང་ཐུབ་གི་མ་རེད་ལ། བོད་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ན་ཡང་འགྱུར་བ་གཏོང་རྒྱུ་ཡོད་པ་མ་རེད་བསམ་གི་ཡོད། ཅེས་གསུངས་བྱུང༌།

 

སྐུ་སྒེར་ཡིག་ཚང་གི་ལས་བྱེད་རྒན་པ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས། སྐུ་མདུན་གྱིས་རྩ་དོན་སྒང་ལ་གོ་བསྡུར་བྱེད་དགོས་ཅེས་གསུངས་ཡོད་ཀྱང་ང་ཚོ་དམངས་གཙོ་ཡིན་དུས་རང་རང་གི་བསམ་འཆར་བཤད་ཆོག་གི་རེད། ད་ལྟ་ང་ཚོས་རྒྱ་ནག་དང་འབྲེལ་བ་བྱེད་བཞིན་པ་འདི་མཚམས་ཆད་མི་རུང་ལ་དམིགས་བསལ་གྱིས་སྐུ་ཚབ་དེ་ཚོའི་ནང་དུ་རྒྱ་ནག་གི་གནས་སྟངས་དང་རྒྱ་སྐད་མཁྱེན་མཁན་དེ་འདྲ་གོ་སྒྲིག་གནང་དགོས། དེ་བས་ང་ཚོས་ད་ལྟའི་ཆར་དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་ལངས་ཕྱོགས་ཙམ་གླེང་རྒྱུ་མཚམས་བཞག་ནས་བོད་མི་ཚོ་ནང་འགལ་མེད་པ་དང༌། རྒྱ་ནག་གིས་ལག་པ་འཆིང་ས་མེད་པ་ཞིག་གནང་དགོས། གལ་ཏེ་ང་ཚོས་ཚོགས་ཆེན་སྒང་ནས་ལངས་ཕྱོགས་ཙམ་གྱི་དོན་དུ་གོ་བསྡུར་བྱས་ཚེ་རྒྱ་ནག་ལ་ལག་པ་འཆིང་ས་ཡོད་པར་བཟོས་པ་རེད་ལ། བོད་མི་ཚོ་ལ་ཡང་ནང་འགལ་གྱི་རྣམ་པ་འབྱུང་གི་རེད། དེ་བས་ཚང་མས་བོད་མི་ཚོ་ཆིག་སྒྲིལ་ཡོང་ཐབས་ཀྱི་གཞི་རྩའི་གྲོས་གཞི་ཞིག་བཞག་སྟེ་དེའི་སྒང་ནས་རྒྱ་ནག་ལ་རྣམ་འགྱུར་གསལ་བོ་ཞིག་སྟོན་དགོས། ད་ལོ་རྒྱ་ནག་གིས་༧གོང་ས་མཆོག་ལ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་དབང་ཆ་མེད་ཅེས་པར་མི་ཚང་མས་མ་གོ་ཁུལ་གྱིས་བཞག་འདུག བོད་མི་ཡོངས་རྫོགས་ཀྱིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པའི་གྲོས་གཞི་འདི་མ་རྩར་བཞག་ནས་གོ་བསྡུར་གནང་ཚེ་བོད་མི་ཚང་མར་ཆིག་སྒྲིལ་གྱི་རྣམ་པ་མངོན་གི་རེད་ལ། བོད་མི་ཚོས་ཁ་ཚ་དགོས་གཏུགས་ཀྱིས་བྱེད་དགོས་པ་ཞིག་ཀྱང་ཡིན། བོད་མིའི་ཁྲོད་དུ་༧གོང་ས་མཆོག་ལས་ལྷག་པ་སུ་ཡིས་ཀྱང་བོད་མིའི་ཚབ་བྱེད་ཐབས་མེད་ལ་བྱེད་ཐུབ་མཁན་ཡང་མེད། བོད་མི་མང་པོས་རང་གི་ཚོགས་པ་སོགས་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་ཆེད་བོད་ནང་གི་བོད་མི་བེད་སྤྱོད་གཏོང་གིན་འདུག བོད་ནང་གི་བོད་མིར་རང་བཙན་མ་གཏོགས་དབུ་མའི་ལམ་གྱི་གོ་བ་བླངས་ཡོད་མཁན་དང་ལེན་ཐུབ་རྒྱུ་ཁག་པོ་རེད། བརྒྱུད་ལམ་གང་ལ་གཞིགས་ཀྱང་བོད་ནང་གི་བོད་མིས་༧གོང་ས་མཆོག་གི་ལམ་སྟོན་དང་དགོངས་གཞི་ལ་ངོས་ལེན་ཡོད་པ་གསལ་བོ་འདུག དེ་ཡིན་དུས་བོད་མི་ཚོས་མ་འོངས་པ་བོད་ནང་གི་བོད་མི་དང༌།  རྒྱ་མི་རིགས་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བར་ལས་འགུལ་སྤེལ་དགོས་ལ། ༧གོང་ས་མཆོག་གིས་གསུངས་པ་བཞིན་རྒྱ་མི་རིགས་ལ་མཐུན་སྒྲིལ་གནང་སྟེ་རྒྱ་ནག་དམངས་གཙོ་ཅན་ལ་འགྱུར་བར་འབད་པ་གནང་དགོས། མདོ་དོན་དེ་ཚོགས་ཆེན་སྒང་ནས་རང་བཙན་གཡུག་ཞོག དབུ་མའི་ལམ་གཡུག་ཞོག  བོད་མི་རྣམས་ཆིག་སྒྲིལ་གྱིས་༧གོང་ས་མཆོག་ལ་བོད་གྱི་གནད་དོན་ཐག་གཅོད་གནང་རྒྱུའི་ཐོབ་ཐང་དང་ནུས་པ་ཡོད་པ་རྒྱ་ནག་ལ་གསལ་བོ་ཞིག་སྟོན་དགོས།  ཅེས་གསུངས་བྱུང༌།

 

ཉམས་ཞིབ་པ་ཀླུ་མཁར་བྱམས་ཀྱིས། བོད་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པ་གལ་ཆེན་རེད། སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་དེ་ང་ཚོའི་ལག་ཏུ་ཡོད།  བོད་དོན་ལ་འབྲས་བུ་མེད་པ་དེ་བོད་གཞུང་གི་ལངས་ཕྱོགས་ནོར་སོང་བས་རེད་མ་གཏོགས། བོད་ཕྱི་ནང་གཉིས་ནས་མང་ཚོགས་ཀྱིས་ལས་འགུལ་སྤེལ་བ་རྩ་བ་ནས་ཉུང་མེད་ལ། ཚོགས་ཆེན་འདིའི་སྒང་ནས་ལས་འགུལ་སྤེལ་སྟངས་ལ་གོ་བསྡུར་བྱས་ན་གཅིག་ཐོག་ལ་འབབ་ཐུབ་གི་མ་རེད། ད་དུང་རྒྱ་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་བྱེད་ཀྱིན་པ་མཚམས་འཇོག་བྱེད་དགོས་པ་རེད་ཟེར་བ་སོགས་བཤད་ན་ཅི་ཡང་ཡོང་གི་མ་རེད། ༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨཽད་བྱེད་མིན་དེ་རྒྱ་གཞུང་གི་ལག་པར་ཡོད། དེ་ལས་སོ་སོའི་ལག་གི་མ་རྩ་འདྲ་བོ་ངོས་ཟིན་པའི་ཐོག་ནས་དེའི་སྒང་ལ་བཤད་ན་འགྲོ་ས་ཞིག་དང་འབབ་ས་ཞིག་ཡོད་པ་རེད། ང་ཚོར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པ་དང༌། བོད་མི་མང་གི་སེམས་པ་གཞི་གཅིག་ཏུ་སྐོང་ཐུབ་པའི་ལག་ཆ་ཉག་གཅིག་ཡོད་པ་ནི་བོད་རང་བཙན་ཟེར་བ་འདི་རེད། འདི་བློས་བཏང་ཚར་ན་ད་ནི་ལག་བ་སྟོང་པ་སྟོང་རྐྱང་རེད་དཱ། ཁ་སྟོང་ནང་གི་ཚིག་སྟོང་ལབ་ན་འདི་ལས་གཞན་ཅི་ཡང་མེད།  འུ་ཚང་གི་མཛད་གཙོ་རྣམ་པས་ཚོགས་ཆེན་སྒང་ཁ་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་དབང་ཚད་མི་འདུག་ཅེས་གསུང་གིན་ཡོད། བཀའ་སྤྱི་གཉིས་དང་མི་མང་གི་འཐུས་མི། ༧གོང་ས་མཆོག་གི་བཀའ་རྒྱ་སོགས་ཡོད་པའི་ཚོགས་ཆེན་ཞིག་ལ་ད་དུང་དབང་ཚད་ཡོད་པ་མ་རེད་གསུངས་ན། གསུང་མཁན་གྱི་དབང་ཚད་དེ་གང་ནས་བྱུང་བར་ང་ཚོས་དོགས་འདྲི་བྱེད་ཆོག་པ་ཞིག་རེད། ཁ་སྔོན་༧གོང་ས་མཆོག་གིས་བོད་ཁྱིམ་ནས་བཀའ་སློབ་བསྩལ་བའི་ནང་དུའང་བོད་མི་མང་གིས་ད་རེབ་ཚོགས་ཆེན་ཐོག་གང་ཐག་གིས་བཅད་ན་ཁོང་གིས་དེ་ངོས་ལེན་ཡོད་ཅེས་གསུངས་སོང་ན། ཐག་གཅོད་ཟེར་བ་དེ་ཁ་ཕྱོགས་ཀྱི་འགྱུར་བ་ཞིག་ལ་གོ་དགོས་ཀྱི་རེད་པཱ། ཡིན་ན་ཡང་བཀའ་སྤྱི་གཉིས་ཀྱིས་ཁ་ཕྱོགས་ལ་འགྱུར་བ་འགྲོ་གི་མ་རེད་ཟེར་བ་དེ་ཚོགས་ཆེན་འདིའི་རྒྱབ་ལོག་ན་ནང་ཁུལ་ཆབ་སྲིད་ཀྱི་ལག་འབྲེལ་ག་རེ་ཡོད་མེད་ངས་ཧ་གོ་གི་མི་འདུག འདི་ལྟར་བྱས་ན་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མི་མང་གི་རེ་བ་ཚང་མ་ཆུད་ཟོས་ལ་འགྲོ་རྒྱུ་ལས་ཅི་ཡང་མེད། ངའི་རེ་བ་ཆེ་ཤོས་ནི་དབུ་མའི་ལམ་ལ་འགྱུར་བ་བཏང་ནས་རང་བཙན་ལ་འགྲོ་རྒྱུ་དེ་ཡིན། གལ་ཏེ་རེ་བ་འདི་མ་ཡོང་ན། གཉིས་པ་ནི་ཚོགས་ཆེན་འདིའི་ཐོག་ནས་བཀའ་ཤག་གི་མི་རིགས་ས་གནས་རང་སྐྱོང་ཟེར་བའི་སྐད་ཆ་མི་བཤད་རྒྱུ་དང༌།  རབ་བྱུང་ན་ཆ་རྐྱེན་ངེས་ཅན་གྱི་འོག་ནས་མ་གཏོགས་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་འདི་གཅོད་དགོས་མོད། ཡིན་ན་ཡང་ཚོགས་ཆེན་འདི་ང་ཚོའི་རྒྱུན་འབྱམས་སྤྱི་ཚོགས་ཀྱི་ཁ་ལོ་བསྒྱུར་བཞིན་པའི་ལས་རིམ་ཞིག་ཏུ་གྱུར་སོང་བར་བརྟེན། ད་ལྟའི་དབང་འཛིན་པ་ཚོའི་མཛད་རྗེས་ལ་རྗེས་སུ་ཡི་རངས་བྱེད་སའི་སྡིངས་ཆ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་ན། ངས་ཚོགས་འདུར་ཞུགས་རྒྱུའི་ཐོ་འགོད་ཀྱང་བྱས་མེད། ཅེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese