དེ་རིང་ཞོགས་པར་༧གོང་ས་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་ནུབ་ཨབ་རི་ཁའི་གླིང་ཕྲན་ནི་ཇི་རི་ཡའི་གྲོང་ཁྱེར་ལཱ་གྷོ་སིའི་ཕྱོགས་སུ་ཆིབས་བསྒྱུར་གནང་ཡོད་པ་དང༌། ཨབ་རི་ཁའི་ནང་ཡོད་པའི་བོད་གཞུང་སྐུ་ཚབ་དོན་གཅོད་དང༌། ཆིབས་སྒྱུར་གདན་ཞུའི་མི་སྣ་ཕེབས་བསུར་བཅར་ཏེ་གདན་ཞུས་ཐོག་ཉིན་གྲངས་གཉིས་རིང་ཁུལ་དེར་མཛད་འཆར་བསྐྱང་རྒྱུ་ཡིན་འདུག་ལ། དེ་རྗེས་ཡུ་རོབ་ཁུལ་དུ་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག ཚེས་ ༢༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་གྷ་གྷལ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།
༧གོང་ས་མཆོག་ཐེངས་འདིར་ཡུ་རོབ་དུ་ཆིབས་བསྒྱུར་སྐབས་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་མཆོག་གིས་པོ་ལན་ཌུ་ནས་ཕྱི་ཟླ་ ༡༢ པའི་ཚེས་ ༦ ཉིན་༧རྒྱལ་བ་རིན་པོ་ཆེར་མཇལ་འཕྲད་གནང་རྒྱུ་ཡིན་ཚུལ་ཉིན་ཤས་སྔོན་ནས་གསར་ལམ་ཁག་ཏུ་བསྒྲགས་ཡོད་པ་དང་། དེའི་ཐད་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་གིས་བརྗོད་དོན། སར་ཁོ་རྫེ་དང་ཏཱ་ལའི་བླ་མ་གཉིས་ཐུག་འཕྲད་བྱེད་འཆར་དེས་རྒྱ་ནག་དང་ཧྥ་རན་སི་གཉིས་ཀྱི་རྒྱལ་འབྲེལ་ལ་དོ་ཕོག་འགྲོ་ངེས་པའི་ཉེན་བརྡ་དང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་སུ་ཞིག་གི་དབུ་ཁྲིད་ཀྱིས་ཏཱ་ལའི་བླ་མར་ཐུག་འཕྲད་བྱེད་པར་ངོ་རྒོལ་ཡོད་ཅེས་ནམ་རྒྱུན་གྱི་ཆ་རྐྱེན་དག་བཏོན་ཡོད་པ་རེད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།