ཆབ་མདོ་ས་ཁུལ་གྱི་བོད་མི་གཞོན་སྐྱེས་གསུམ་གྱིས་ཕྱི་ཚེས་ ༢༠ ཉིན་ཞི་བའི་ངོ་རྒོལ་བྱས་སྟབས་ས་གནས་ཉེན་རྟོག་འཇུས་ཡོད་འདུག
སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་མཁོ་འདོན་བྱས་པ་ལྟར་ན། ཕྱི་ཚེས་ ༢༠ ཉིན་རྒྱབ་ཆུ་ཚོད་ ༣ པ་དང་ ༤ བའི་བར་ལ་ཆབ་མདོ་ས་ཁུལ། མཛོ་སྒང་རྫོང་དུ་བོད་མི་གཞོན་སྐྱེས་གསུམ་གྱིས་བོད་ཀྱི་རྒྱལ་དར་དང༌། བོད་རང་བཙན་འཁོད་པའི་འཕྲེད་དར་འཕྱར་ནས་བོད་རང་བཙན་གྱི་སྐད་འབོད་བྱེད་ཞོར། མཛོ་སྒང་གྲོང་ནས་རྫོང་གི་ཁྲོམ་གཞུང་བར་དུ་སྐར་མ་ ༤༠ ཙམ་གྱི་རིང་གོམ་བགྲོད་ཀྱིས་རྫོང་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་མ་སླེབ་ཙམ་ལ་ཉེན་རྟོག་པ་ ༤༠ ཙམ་ཡོང་ནས་ཁོང་རྣམས་འཕྲལ་དུ་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་སྟེ་ཤི་མིན་རོ་མིན་དུ་བཟོས་ཡོད་འདུག ཁོང་ཚོར་མི་མང་གི་མཐོང་ས་ནས་ཉེས་རྡུང་གཏོང་དོན་ནི་མཛོ་སྒང་རྫོང་དུ་བོད་རང་བཙན་གྱི་སྐད་འབོད་བྱས་པ་ཐོག་མ་ཡིན་པར་བརྟེན། གཡས་གཡོན་གྱི་བོད་མི་རྣམས་ལ་འཇིགས་སྐུལ་བྱས་པ་ཡིན་ཚུལ་ས་གནས་མི་མང་གིས་བརྗོད་ཀྱིན་ཡོད་འདུག ཉེས་རྡུང་ཚབས་ཆེ་གཏོང་མཁན་གྲས་སུ་བོད་མི་ཉེན་རྟོག་པ་ཡང་ཡོད་པ་དང་སྐབས་དེར་བུ་མོ་བདེ་ཆེན་སྒྲོལ་མ་ཞེས་པ་ཞིག་ཀྱང་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག
ངོ་རྒོལ་གནང་མཁན་གྱི་བོད་མི་གསུམ་པོ་ནི་མཛོ་སྒང་རྫོང་དབུ་ཡག་ཤང༌། དབུ་དཀར་གྲོང་ཚོ་ནས་ཡིན་པའི་མ་ཚེ་རིང་དཔལ་འཛོམས་ཀྱི་བུ་རང་ལོ་ ༢༤ ཡིན་འཕྲིན་ལས་དངོས་གྲུབ་དང༌། ཕ་ཆོས་ལྡན་ཉི་མ་དང༌། མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ་རང་ལོ་ ༢༣ ལ་སོན་པ་བུ་གཡང་དར་རྒྱས། གོང་གསལ་བུ་གཉིས་སྤུན་ཉེ་ཡང་ཡིན་འདུག དེ་བཞིན་མ་བདེ་དགའི་བུ་རང་ལོ་ ༢༤ ཡིན་པ་པདྨ་ཚེ་དཔག་བཅས་ཡིན་འདུག
ཕྱི་ཚེས་ ༢༡ ཉིན་དུད་ཚང་ ༥༠ ཡས་མས་ཙམ་ཡོད་པའི་གྲོང་ཚོའི་བུད་མེད་དང་ཕྲུ་གུ་མང་པོ་ཞིག་ཁོང་གསུམ་གློད་གྲོལ་གཏོང་བར་ཞུ་བ་འཐེན་ཕྱིར་མཛོ་སྒང་ཕྱོགས་སུ་བསྐྱོད་ཡོད་ནའང་ཤང་གི་ས་མཚམས་སུ་ཉེན་རྟོག་པས་བཀག་འགོག་གིས་རྫོང་ཕྱོགས་སུ་བཏང་ཡོད་མི་འདུག