མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་འཐུས་ཤོར་ངོས་འཛིན་དང་སླར་གསོ་བྱ་ཐབས །

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

སམ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་ལགས་སུ། ལོ་ངོ་སུམ་ཅུའི་རིང་ཤེས་ཡོན་འཐུས་ཤོར་ལ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་འཛིན་སྐྱོང་དང་དགེ་རྒན་ལ་ངོས་འཛིན་བྱེད་མཁན་དང༌། སློབ་ཕྲུག་དང་ཕ་མར་ངོས་འཛིན་བྱེད་མཁན། སྤྱི་ཚོགས་དང་ཁོར་ཡུག་ལ་ངོས་འཛིན་བྱེད་མཁན་འདྲ་མིན་ཡོད་སྟབས། མ་འོངས་པར་དེ་འདྲ་མི་འབྱུང་ཆེད་ད་ལྟ་ནས་འགྱུར་བ་དང་ལེགས་བཅོས་བྱ་ཕྱོགས་ཐད་དགོངས་འཆར་ཅི་ཡོད་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས་གསུངས་དོན། ༧གོང་ས་མཆོག་གིས་ལོ་སུམ་ཅུའི་རིང་ཤེས་ཡོན་འཐུས་ཤོར་ལ་ཕྱིན་འདུག་གསུངས་པ་དེར། འཐུས་ཤོར་གང་དུ་ཕྱིན་ཡོད་པ་དང་དེ་ལ་ཇི་ལྟར་གུན་གསབ་བྱ་རྒྱུ་དེ་ང་ཚོ་ཤེས་ཡོན་ལ་འགན་ཡོད་པ་ཚོར་ཐུག་ཡོད། སོ་སོའི་འགན་ལ་འབབ་པའི་གྲ་སྒྲིག་ཅིག་ཏན་ཏན་བྱ་དགོས་པ་རེད། འཐུས་ཤོར་གང་ནས་ཕྱིན་ཡོད་པ་དང་ཇི་ལྟར་ཕྱིན་ཡོད་པར་འབྲེལ་ཡོད་མི་རེ་ངོ་རེ་ནས་སོ་སོར་བརྩད་གཅོད་བྱ་དགོས། འཐུས་ཤོར་ཕྱིན་ས་སློབ་ཕྲུག་རེད་ཟེར་ན། དེ་འཐུས་ཤོར་ཅིག་ལ་བསམ་གི་མེད། སློབ་ཕྲུག་ཚོར་ག་རེ་བཤད་ཀྱང་མི་ཉན་མཁན་རྩ་བ་ནས་ཡོད་པ་མ་རེད། བཤད་སྟངས་ཤིག་དང་སྤྱོད་སྟངས་ཤིག་ལ་ཐུག་ཡོད། སློབ་གསོ་རྒྱག་གིན་བསྡད་པ་ལས་མིག་དཔེ་གཅིག་བསྟན་ན་ཕན་གྱིན་ཡོད། འོན་ཀྱང༌། ང་ཚོའི་རྒན་པ་ཚོས་མིག་དཔེ་སྟོན་ཐུབ་ཀྱིན་མེད། ང་ཚོས་ཕྲན་བུ་བློས་གཏོང་བྱ་དགོས་ཀྱང༌། རྒན་པ་ཚོས་བློས་གཏོང་བྱེད་ཀྱིན་མེད། འཛིན་སྐྱོང་བྱེད་མཁན་དང་དགེ་རྒན་ཚོས་བློས་གཏོང་ཆུང་ཆུང་ཞིག་ཀྱང་བྱེད་ཐུབ་ཀྱིན་མེད། གནས་སྟངས་འདིའི་འོག་ནས་བྱིས་པ་ཚོ་བརྒྱ་ཆའི་བརྒྱ་ཡར་རྒྱས་འགྲོ་བར་རེ་བ་བྱེད་པ་ཧམ་པ་རེད། ཕར་ཕྱོགས་བརྒྱ་ཆ་བརྒྱ་ཡར་རྒྱས་འགྲོ་དགོས་ན། ཐོག་མར་ངེས་པར་དུ་སོ་སོར་བརྒྱ་ཆ་གཅིག་འགྱུར་བ་གཏོང་དགོས། ང་རང་ལོ་ཉི་ཤུ་རྩ་གྲངས་ལ་བྱིས་པ་ཚོར་མཉམ་གཤིབ་བྱས་པ་ཡིན། ཕ་མས་བུ་ཕྲུག་མཐོང་གིན་ཡོད་ཀྱང༌། ལྟ་གི་མི་འདུག མཐོང་བ་དང་ལྟ་བ་གཉིས་ཁ་ཁ་རེད། ད་བར་འཐུས་ཤོར་ལ་ཕྱིན་ཡོད་ན་མི་རྒན་པ་ལས་འཐུས་ཤོར་ལ་ཕྱིན་པ་རེད། མི་རྒན་པ་ཚོ་དང་དགེ་རྒན་ཚོའི་བསམ་བློའི་ནང་འགྱུར་བ་ཞིག་བསྐྲུན་དགོས། གལ་སྲིད་བསམ་བློའི་འགྱུར་བ་དེ་མ་བསྐྲུན་ན། ད་དུང་ཡར་རྒྱས་གང་ཡང་འགྲོ་གི་མ་རེད་བསམ་ཡོད། སོ་སོས་ལས་ཀ་དྲང་མོ་བྱེད་ཀྱིན་འདུག་གམ་མི་འདུག སོ་སོར་དྲི་བ་འགོད་དགོས། མི་རིགས་ཤིག་འཚོ་གནས་བྱ་ཐུབ་མིན་ནང་གི་བསམ་བློའི་རིན་ཐང་ལ་རག་ལས་ཡོད། བསམ་བློའི་རིན་ཐང་དེ་ཤེས་ཡོན་སློབ་གསོར་ཐུག་ཡོད། སམ་བྷོ་ཊའི་འོག་སློབ་གྲྭ་ ༡༣ ཡོད། ཐོག་མར་ང་ལ་རྩིས་སྤྲོད་བྱེད་སྐབས། སློབ་གྲྭ་ཁ་ཤས་ཀྱི་སྔོན་འགྲོའི་སློབ་ཁྲིད་བྱེད་སྟངས་མི་འདྲ་བ་རེད། ༢༠༠༡ ལོར་སྔོན་འགྲོ་ཡོངས་རྫོགས་གཅིག་གྱུར་བཟོས་ཤིང༌།

སམ་བྷོ་ཊའི་འོག་གི་སློབ་གྲྭ་ཡོངས་རྫོགས་ཀྱི་སློབ་ཁྲིད་བྱེད་སྟངས་གཅིག་པ་ཆགས་ཡོད། ཐ་ན་སློབ་གྲྭ་ཡོངས་རྫོགས་ལ་གཅིག་གྱུར་གྱིས་ཡིག་སྣོད་ ༣༢ བཟོས་པ་ཡིན། སྒྱུར་བཅོས་དེའི་རྗེས་ནས་སློབ་ཕྲུག་གི་ཤེས་ཡོན་ཐོག་ལ་འབུར་དུ་ཐོན་པ་ཞིག་བྱུང་སོང་བསམ་ཡོད། སློབ་ཕྲུག་གི་ཤེས་ཡོན་དེ་གཙོ་ཆེ་ཤས་འཛིན་སྐྱོང་ལ་ཐུག་ཡོད། ཅེས་གསུངས་བྱུང༌།

 

 ས་རཱ་བོད་ཀྱི་རིག་གནས་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་སུ། ཉེ་ཆར་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྐོར་ལ་བཀའ་སློབ་ནན་གྱིས་གནང་བའི་ཐད། འདི་གའི་ས་རཱ་མཐོ་སློབ་ཀྱིས་བསྐྱར་ཞིབ་དང་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས་གསུངས་དོན། ང་ཚོའི་ས་རཱ་ལྟ་བུར་མཚོན་ན། རིག་གནས་རབ་འབྱམས་པ་བཙུགས་ཏེ་ལོ་ ༡༠ ཕྱིན་ཡོད། ༢༠༠༧ ཟླ་ ༡༡ ནང་དགེ་རྒན་ཡོངས་དང་ས་རཱ་ནས་ཐོན་པའི་སློབ་ཕྲུག་དྲག་འདེམས་ཀྱིས་ཚོགས་འདུ་འཚོགས་ཏེ། འགྲོ་བཞིན་པའི་སློབ་ཚན་དང་ཤེས་བྱའི་སྒྲིག་གཞིར་བསྐྱར་ཞིབ་བྱས་པ་ཡིན། ༢༠༡༠ སྔོན་ལ་ཆེས་མཐོའི་རིག་གནས་རབ་འབྱམས་པ་མགོ་འཛུགས་འཆར་ཡོད། བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་འགྲོ་དོན་གཙོ་བོ། ཐོག་མར་རྒྱ་གར་ལ་སླེབས་ཙམ་ལ། མང་པོ་ཞིག་མི་རིགས་གཞན་གྱི་སྐད་ཡིག་ལ་དགའ་དྲགས་ཏེ། བོད་ཡིག་བོད་སྐད་ཉམས་ཆག་ཏུ་ཕྱིན་པ། ཆ་རྐྱེན་བཟང་བའི་ཕ་མ་ཚོས་བུ་ཕྲུག་ཕྱི་རྒྱལ་དུ་བཏང་སྟེ། ཁོང་ཚོ་ཕྱིར་སླེབས་ཀྱང་བྱ་སྟངས་སྦྱོད་སྟངས། བོད་པའི་སྤྱི་ཚོགས་ནང་མ་འཚམ་པ། མི་རབས་གསར་བ་ཚོ་༧གོང་ས་མཆོག་གི་བཀའ་དྲིན་འོག དཀའ་སྡུག་མྱངས་མེད་སྟབས། ཐོབ་ཐང་རྩོད་རྒྱུ་ལས་སྡུག་རུས་དང་བརྩོན་སེམས་ཆུང་བ། འགན་ཁུར་མེད་པ་བཅས་རེད། བྱེ་བྲག་ཏུ་བོད་པའི་སྐད་ཡིག་ཉམས་ཆག་ཤུགས་ཆེན་སོང་ཡོད། རྒྱ་གར་ནང་འཚར་ལོངས་བྱུང་བ་ཚོ་ཆུང་དུས་ནས་སློབ་གྲྭའི་ནང་བཞག་སྟེ། དགེ་རྒན་གྱིས་བསླབ་པ་དང་ཁྱིམ་ཚང་གི་དུས་རྒྱུན་གྱི་བྱེད་སྒོ་ཙམ་ལས་མཐོང་ཐོས་མྱོང་གོམས་ཀྱི་ཁོར་ཡུག་ཉུང་དྲགས་ཏེ། ཁོང་ཚོར་བོད་སྐད་རྣལ་མའི་ཚིག་གིས་འདང་གིན་མེད། ཆུང་དུས་བྱིས་པར་ལྟ་མཁན་རྒྱ་གར་བ་བཞག་པ་དང༌། གུང་སེང་སྐབས་ཕ་མ་མང་ཆེ་བ་སོ་ཊ་བཙོང་དུ་ཕྱིན་ཏེ་བུ་ཕྲུག་དང་མཉམ་སྡོད་བྱེད་པའི་དུས་ཡུན་ཉུང་སྟབས། བོད་སྐད་ཀྱི་ཁོར་ཡུག་ལ་བར་ཐག་ཇེ་རིང་དང༌། མི་རིགས་གཞན་པའི་སྐད་དང་འབྲེལ་འདྲིས་ཇེ་ཟབ་ཏུ་ཕྱིན་སྟབས། བོད་སྐད་གཙང་མའི་རྨང་གཞི་སྲ་བརྟན་མ་ཆགས་པའི་ཁར་དབྱིན་སྐད་དང་རྒྱ་གར་སྐད་ཀྱང༌། ཁྲོམ་ནས་ཅ་དངོས་ཉོ་བྱེད་ཙམ་ལས་ཤེས་ཀྱིན་མེད། ང་ཚོའི་ས་རཱ་ལྟ་བུར་མཚོན་ན། བོད་ནས་ཡོང་བ་ཚོ་ཐོག་མར་སླེབས་སྐབས་སློབ་སྦྱོང་དེ་ཙམ་མེད་ཀྱང༌། སློབ་གྲྭ་འདིར་ཞུགས་རྗེས་ཤེས་ཚད་ཡག་ཤོས་ཆགས་འདུག ཁོང་ཚོར་བོད་སྐད་ཀྱིས་འདང་བསྡད་ཡོད་སྟབས། དགེ་རྒན་གྱིས་ཡི་གེ་ངོ་སྤྲོད་བྱ་རྒྱུ་ཙམ་ཡིན། ངྷ་རམ་ས་ལ་གཡས་གཡོན་དུ་དབྱིན་ཡིག་ཐོག་སྐད་སྒྱུར་བྱེད་མཁན་མང་ཆེ་ཤོས་བོད་ནས་ཡོང་མཁན་རེད། བོད་ནང་བོད་ཡིག་ཡག་པོ་ཡོད་མཁན་ཚོས་རྒྱ་སྐད་ཚད་ལྡན་རྒྱག་ཐུབ་ཀྱིན་ཡོད། དེ་དག་གིས་གང་ཞིག་སྟོན་གྱིན་ཡོད་ཟེར་ན། བོད་རང་གི་སྐད་ལ་བྱང་གོམས་ཡོད་ན། སྐད་ཡིག་གཉིས་པ་སྦྱོང་བསླ་བ་དེ་སྟོན་གྱིན་ཡོད། ཅེས་གསུངས་སོང༌།

 

ཀིརྟི་བྱེས་པ་གྲྭ་ཚང་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་ཤེས་ཡོན་འགན་འཛིན་བློ་བཟང་ཤེས་རབ་ལགས་སུ། ཉེ་ཆར་༧གོང་ས་མཆོག་གིས་ཤེས་ཡོན་དང་རིགས་གཅིག་རྐང་འཛིན་འཐུས་ཤོར་ཕྱིན་སྐོར་ནན་གྱིས་གསུངས་པ་དེ། དགོན་སྡེ་དང་སློབ་གྲྭ མི་སྒེར་ཚང་མིར་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། འདི་ག་རིག་གནས་སློབ་གཉེར་ཁང་ལ་དགོངས་འཆར་དང་གྲ་སྒྲིག་གང་ཡོད་དྲིས་པའི་ལན་དུ་ཁོང་གིས་གསུངས་དོན། སྤྱི་ཚོགས་ཤིག་གི་ཤེས་ཡོན་ཟེར་བ་དེ་གཞུང་དང་ཚོགས་པ། སློབ་མ་དང་སློབ་གྲྭ ཁོར་ཡུག་དང་ཁྱིམ་ཚང་དམིགས་སུ་བཀར་ཏེ་སྐྱོན་འཛུགས་བྱ་ས་མེད། གཙོ་བོ་བཙན་བྱོལ་བ་ཡིན་པ་དང་དཔལ་འབྱོར་གྱི་དཀའ་ངལ་བཅས་ལ་ཐུག་ཡོད། ད་ལྟའི་བར་གྱི་འཐུས་ཤོར་ལ་གུན་གསབ་ཟེར་ན་ཁག་པོ་རེད་དེ། གཞུང་གིས་འཆར་གཞི་དང་སྒྲིག་འཛུགས་ཡག་པོ་ཞིག་བཟོ་དགོས་པ་རེད་སྙམ། འཆར་གཞི་དང་སྒྲིག་འཛུགས་དེ་ཡང་བཟོས་བ་ཙམ་གྱིས་མི་ཆོག་པར། ལག་བསྟར་དང་སྟངས་འཛིན་མཐའ་འཁྱོངས་བྱ་དགོས། བོད་གཞུང་ཤེས་རིག་ལས་ཁུངས་དེ་སློབ་གྲྭ་ཁ་ཤས་དང༌། ཤེས་ཡོན་ཀྱི་སྡེ་ཚན་ཁག་ལ་འབྲེལ་བ་མེད་པ་དེ་སྐྱོན་ཆེན་པོ་རེད། དེའི་ཐད་ང་རང་སྒེར་ངོས་ནས་ཤེས་རིག་ལ་བསམ་ཚུལ་ཞིག་ཕུལ་ཡོད། དེར་ཤེས་རིག་དང་ཆོས་དོན་གཉིས་ནས་ངེས་པར་དུ་དགོན་སྡེ་ཁག་གི་དགེ་འདུན་པ་ཚོར་དེང་རབས་ཀྱི་ཤེས་ཡོན་སྦྱོང་སའི་ལམ་ཁ་གསར་བ་འཚོལ་དགོས་ཀྱིན་འདུག་ཅེས་བཀོད་ཡོད།

་  ང་ཚོ་ཀིརྟི་བྱེ་བ་གྲྭ་ཚང་ལ་མཚོན་ན། ཐོག་མ་ནས་ཤེས་ཡོན་དམིགས་ཡུལ་གཙོ་བོར་བཟུང་སྟེ་བཙུགས་པ་ཞིག་རེད། ༧གོང་ས་མཆོག་གིས་རིགས་གཅིག་རྐང་འཛིན་དགོས་ཀྱིན་འདུག་གསུངས་སྐབས། གཞི་ནས་བསམ་བློ་གཏོང་དགོས་པ་དང༌། ལས་འཆར་སྒྲིག་དགོས་བར་མཐོང་གི་མེད། གང་ཡིན་ཟེར་ན། ཀིརྟི་བྱེས་པ་གྲྭ་ཚང་གི་ལོ་བཅུ་གྲངས་ཀྱི་གྲུབ་འབྲས་ལ་ཕྱིར་མིག་བལྟས་ན། ལས་འགན་གང་འཚམ་འགྲུབ་འདུག་སྙམ་པའི་སྤོབས་པ་སྐྱེས་བ་ལས། ཤེས་ཡོན་འཐུས་ཤོར་བཏང་འདུག་བསམ་པ་ཞིག་དྲན་གྱིན་མི་འདུག གྲྭ་ཚང་འདི་ལས་ཐོན་པའི་རིག་གནས་རབ་འབྱམས་པ་ ༧༠ ལྷག་བྱུང་ཡོད་ལ། མང་ཆེ་བ་མངོན་གསལ་མ་ཡིན་པའི་ཐོག་ནས། བོད་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་དགོན་པ་ ༤༠ ལྷག་ཏུ་ཤེས་ཡོན་ཐད་ཕྱག་ལས་གནང་མུས་ཡིན། འོན་ཀྱང༌། དེ་ཙམ་གྱིས་འགྲིག་སོང་བ་རེད་བསམ་གི་མེད། ད་དུང་ཧུར་བརྩོན་ཆེར་སྐྱེད་ཀྱིས་རིགས་གཅིག་རྐང་འཛིན་དང་ལས་དོན་འདྲ་མིན་བྱ་རྒྱུ་ལྷག་ཡོད། དགོན་པ་གྲྭ་ཚང་ཁག་རིགས་གཅིག་རྐང་འཛིན་གྱི་སྡེ་ཆགས་ཡོད་སྟབས། ད་ལྟའི་གནས་སྐབས་ལ་ང་ཚོའི་གྲྭ་ཚང་གིས་སློབ་གྲྭ་གཞན་དང་མཉམ་འབྲེལ་བྱ་རྒྱུ་དང། སློབ་མ་ཕྱི་རྒྱལ་དུ་གཏོང་རྒྱུ་སོགས་བྱུང་མེད་ཀྱང༌། མ་འོངས་པར་དེའི་ཐད་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། ཅེས་གསུངས་སོང༌།

 

ནོར་གླིང་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་འགན་འཛིན་སྒྲོན་དཀར་སྐྱབས་ལགས་སུ། བཙན་བྱོལ་བོད་མིའི་ཤེས་ཡོན་ཉམས་ཆག་ཏུ་སོང་བའི་རྒྱུ་རྐྱེན་དང༌། མ་འོངས་པར་སླར་གསོ་བྱ་ཐབས། དེ་བཞིན་རིགས་གཅིག་རྐང་འཛིན་སྐྱེད་སྲིང་བྱེད་ཕྱོགས་བཅས་ཀྱི་ཐད། དགོངས་འཆར་ཅི་ཡོད་དྲིས་པའི་ལན་དུ་ཁོང་གིས་གསུངས་དོན། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་འཛིན་སྐྱོང་ཁ་ཤས་ཀྱི་འོག་གནས་ཡོད་སྟབས། བོད་གཞུང་ཤེས་རིག་ལས་ཁུངས་ལ་ཐུགས་ཁག་མེད་མོད། ཤེས་ཡོན་འཐུས་ཤོར་ལ་འགྲོ་ས་གཙོ་བོ་དེ་གཞུང་གིས་སློབ་གྲྭ་ཁག་ལ་སྟངས་འཛིན་བྱེད་སྟངས་དང༌། སློབ་གྲྭ་སོ་སོའི་འཛིན་སྐྱོང་གིས་དགེ་རྒན་ཚོར་སྟངས་འཛིན་བྱེད་ཕྱོགས་ལ་ཐུག་ཡོད། དང་པོ། གཞུང་འཛིན་སྐྱོང་གིས་སློབ་ཚན་གཏན་འབེབས་བྱེད་ཕྱོགས་ཀྱི་ཐད་ནས། བྱིས་པ་ཚོར་འཛིན་གྲྭ་གསུམ་པ་ནས་སུམ་རྟགས་དང༌། ལྔ་བ་ནས་རིགས་ལམ་གྱི་མགོ་བཙུགས་ཡོད། འཛིན་གྲྭ་བདུན་པ་བརྒྱད་པའི་སྐབས་ནང་ཆོས་ཀྱི་དཀའ་གནད་མང་པོ་སྤུངས་ཡོད། སྤྱིའི་ཆ་ནས་ཀྱང་སློབ་དེབ་ཀྱི་ས་མིག་ཆེ་ཤོས་ནང་ཆོས་ཀྱིས་བཟུང་ཡོད། བྱིས་པའི་སེམས་ཁམས་དང་མི་མཐུན་པའི་སློབ་ཚན་ཨུ་ཚུགས་ཀྱིས་ཁྲིད་ན། བྱིས་པ་ཚོས་བོད་ཡིག་ཤེས་རྒྱུ་ཁག་པོ་འདུག་སྙམ་སྟེ། སེམས་ཤུགས་ཆག་པ་དང་བོད་ཡིག་ལ་སུན་སྣང་སྐྱེ་བ་ཡོང་གིན་ཡོད། གཉིས་པ། དགེ་རྒན་གྱི་ལྷག་བསམ་དང་ཡིད་ཆེས། སློབ་ཁྲིད་བྱེད་སྟངས་བཅས་ལ་རག་ལས་ཡོད། སྔོན་མ་དགུ་བཅུ་གོ་གྲངས་ལ་ང་རང་དགེ་རྒན་བྱས་སྐབས། དགེ་རྒན་ཚོས་སློབ་དེབ་ངོས་ཀྱི་ཤེས་བྱ་སློབ་མར་ཀློག་འདོན་བྱས་པ་ཙམ་གྱིས་འགན་འགྲུབ་སོང་བའི་བསམ་ཚུལ་འཛིན་གྱིན་འདུག ནང་སྦྱོང་ལ་དག་བཅོས་ནན་ཏན་དང༌། སློབ་མར་ལྷག་བསམ་རྣམ་དག་གིས་ལྟ་སྐྱོང་རྟིང་སྐུལ་བྱེད་ཀྱིན་མི་འདུག དགེ་རྒན་གྱི་སྤུས་ཚད་སྔར་ལས་ཡག་ཏུ་ཕྱིན་ཡོད་ཀྱང༌། ལྷག་བསམ་དང་འགན་འཁུར་མེད་པའི་སྣང་ཚུལ་སྡུག་ཏུ་ཕྱིན་ཡོད། སློབ་མར་འགན་ལེན་མ་བྱས་ན་ཤེས་ཚད་ཡོད་པས་མི་ཕན། གསུམ་པ། བྱིས་པ་ཚོར་བོད་པའི་སྐད་དང་ཡི་གེ་སྦྱོང་སའི་ཁོར་ཡུག་ངེས་ཅན་སྐྲུན་མ་ཐུབ་སྟབས། གཤིས་ཀའི་རྨང་གཞིར་བོད་པའི་རིག་གཞུང་འཇགས་དཀའ་བ་ཆགས་ཀྱིན་ཡོད། ཐ་ན་ཕ་མ་ཚོས་ཀྱང་བྱིས་པར་བོད་པའི་ཁོར་ཡུག་སྐྲུན་ཐུབ་ཀྱིན་མེད། འཛིན་གྲྭའི་སློབ་སྦྱོང་གི་ཆ་རྐྱེན་དང༌། ཁྱིམ་གྱི་ས྄ློབ་སྦྱོང་གི་ཆ་རྐྱེན་སོགས་ལ་ཞིབ་ཏུ་བལྟས་ན། ཕ་མའི་ངོས་ནས་བྱིས་པ་ཚོར་བོད་ཡིག་དང་དབྱིན་ཡིག་གཉིས་ལས་དབྱིན་ཡིག་གི་མཐུན་རྐྱེན་མང་དུ་སྦྱར་ཡོད། བོད་ཡིག་གི་ཚིག་མཛོད་དང་ཟུར་ལྟའི་དེབ་སོགས་དཀོན་པོ་ཡིན། མ་འོངས་པར་དཀའ་ངལ་དེ་རིགས་སེལ་ཐབས་ལ། གཞུང་གི་ངོས་ནས་སློབ་གྲྭ་ཁག་གཅིག་གྱུར་ཡོང་ཐབས་ལ་འབད་བརྩོན་བྱ་དགོས་པ་རེད། སློབ་ཚན་བསྐྱར་ཞིབ་དང་སྒྲིག་གཞི་བསྐྱར་བཅོས་བྱས་ཏེ། དུས་རབས་དང་མཐུན་ཞིང༌། བྱིས་པའི་སེམས་ཁམས་དང་འཚམ་པའི་ཤེས་བྱ་གཏན་འབེབ། སྟངས་འཛིན་གཅིག་དང་སྒྲིག་གཞི་གཅིག སློབ་ཚན་གཅིག་གྱུར་འོག་འགྲོ་ཐུབ་པ་ཡིན་ན། ཕན་ཐོག་ཆེན་པོ་ཡོང་གི་རད་སྙམ། ཅེས་གསུངས་བྱུང༌།

 

 ཝ་ར་ན་སཱིའི་མཐོ་སློབ་ཀྱི་བོད་ཡིག་དགེ་རྒན་ལྷག་པ་ཚེ་རིང་ལགས་སུ། ༧གོང་ས་མཆོག་གིས་བཙན་བྱོལ་བོད་པའི་ཤེས་ཡོན་འཐུས་ཤོར་ཕྱིན་ཚུལ་ནན་གྱིས་གསུངས་པའི་འཐུས་ཤོར་ངོས་འཛིན་བྱེད་སྟངས་དང༌། ཝ་ར་ན་སཱི་ཡིས་བོད་པའི་ཤེས་ཡོན་ཐད་གོ་གནས་གལ་ཆེན་བཟུང་ཡོད་སྟབས། དམིགས་བསལ་ལས་འཆར་གང་ཡོད་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས། ཤེས་ཡོན་ཉམས་ཆག་ཆེ་ཤོས་སྐད་ཡིག་རེད། སློབ་ཕྲུག་གི་ཐད་ནས་ཀྱང་ལོ་རབས་བདུན་ཅུ་བརྒྱད་ཅུ་ནས་ཉམས་ཆག་ཏུ་ཕྱིན་ཏེ། དེང་སྐབས་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་ཚོའི་བོད་པའི་མ་སྐད་ཐད། འཛིན་གྲྭ་ལྔ་བའི་ཤེས་ཚད་ཀྱང་ཨེ་ཡོད་བསམ་པ་འདུག སྤྱིར་སྔོན་མ་དང་བསྡུར་ན་ཆ་རྐྱེན་ཡག་ཏུ་ཕྱིན་ཏེ། ཚང་མར་ཡིག་རྨོངས་སེལ་ཡོད་པ་ལྟ་བུར་སྣང་ཡང༌། ཞིབ་ཏུ་བརྟག་ན། མཐོ་སློབ་ཐོན་མཁན་དང་བོད་ཡིག་དགེ་རྒན། ལས་ཁུངས་ཁག་གི་ལས་བྱེད་ཁྲོད་བོད་སྐད་གཙང་མ་རྒྱག་ཐུབ་མཁན་ཉུང་ཉུང་རེད། དེ་བཞིན་བོད་སྐད་ཀྱི་ཚིག་སྦྱོར་ཉམས་ཆག་ཕྱིན་འདུག དཔེར་ན། མར་རྒྱས་འགྲོ་བཞིན་འདུག དཀར་པོ་གླང་གོག་ལྟ་བུ་ཟེར་གྱིན་ཡོད། དེ་དག་བོད་སྐད་ཡིན་རུང་བོད་པའི་ཚིག་སྦྱོར་མ་རེད། དེ་དང་མཉམ་དུ་སྐད་ཡིག་ནང་འཐིམ་ཡོད་པའི་བོད་པའི་གཤིས་ཀ་དེ་ཡང་རླག་འགྲོ་བཞིན་ཡོད། དེའི་འབྱུང་རྐྱེན་གཙོ་བོ་ལུང་པ་མེད་པས་རེད། བོད་སྐད་གཙང་མའི་ཁོར་ཡུག་མེད་པས་རེད། འོན་ཀྱང༌། ང་ཚོ་སྐྱབས་བཅོལ་བ་ཡིན་བཞིན་དུ་སྐྱབས་བཅོལ་བའི་འདུ་ཤེས་དང་གྲ་སྒྲིག་མེད། སློབ་སྦྱོང་བྱེད་མཁན་ཚོས་ཀྱང་ལག་ཁྱེར་གཙོར་འདོན་བྱས་ཏེ། རྒྱལ་ཁབ་སླར་གསོ་དང་རིག་གཞུང་འཛིན་སྐྱོང༌། མི་རིགས་རྒུད་སྐྱོབ་ཀྱི་བསམ་བློ་མེད། མགོ་བྱེད་མི་སྣ་ཚོས་མང་ཚོགས་མདུན་ནས་བོད་ཡིག་སྦྱོང་དགོས་ཚུལ་ཤུགས་ཆེན་བཤད་དེ། སོ་སོའི་བུ་ཕྲུག་ལ་སློབ་གསོ་གཞན་ཞིག་རྒྱག་གིན་ཡོད།

སྐད་ཡིག་ཉམས་པ་བསྐྱར་གསོ་བྱ་རྒྱུར་བོད་ཁྱིམ་གཉིས་དང་རྒྱ་བལ་འབྲུག་གསུམ་གྱི་སློབ་གྲྭ་གཞན་དག དཔེ་སྟོན་སློབ་གྲྭ་དང་གཅིག་གྱུར་ཡོང་དགོས། གལ་ཏེ་ཅི་བཞིན་མ་བྱུང་ཡང༌། འཛིན་རིམ་དྲུག་པ་བདུན་པའི་བར་དེ་དང་ཉེ་བ་ཞིག་ངེས་པར་དུ་ཡོང་དགོས། ལོ་ཆུང་དུས་བོད་པའི་སྐད་ཡིག་ལ་བག་ཆགས་ཡག་པོ་ཡོད་ན། ཆེན་པོ་ཆགས་སྐབས་མི་རིགས་གཞན་པའི་སྐད་ཡིག་སྦྱོང་བར་དཀའ་ངལ་མེད། རབ་བྱུང་ན་ཕྱི་རྒྱལ་ཁག་ཏུ་ཡོད་རིགས་ཚོས་ཉམས་རུབ་ཐོག་རྒྱ་གར་ནང་ས་ཉོས་ཏེ། མཐུན་རྐྱེན་འདང་ངེས་སྤྲད་དེ་དགེ་རྒན་ཚད་ལྡན་བཙལ་དགོས། ཉུང་མཐར་འཛིན་གྲྭ་དྲུག་བདུན་བར་རྒྱ་བོད་དབྱིན་གསུམ་བོད་པ་ཡོད་ས་ཞིག་ནས་བསླབ་ཐུབ་ན་རབ་རེད། སྤྱི་ཚོགས་ཕྱོགས་ཡོངས་ནས་དོ་སྣང་བྱ་དགོས་པ་ཞིག་ནི། མིའི་ལུང་པ་ནས་ཕྱིའི་ཁོར་ཡུག་བཟོ་བཅོས་རྒྱག་མི་ཐུབ་ཀྱང༌། ཁྱིམ་ཚང་སོ་སོའི་ནང་ནས་བོད་ཁྱིམ་ངོ་མ་ཞིག་བཟོས་ཏེ། བོད་སྐད་གཙང་མར་འབད་བརྩོན་བྱ་དགོས། ཞེས་གསུངས་བྱུང༌།

བོད་གཞུང་སྨན་རྩིས་མཐོ་སློབ་ཀྱི་ཤེས་ཡོན་འགན་འཛིན་བསྟན་པ་ཆོས་འཕེལ་ལགས་སུ།  

 

བོད་གཞུང་སྨན་རྩིས་མཐོ་སློབ་ཀྱི་ངོས་ནས་རིགས་གཅིག་རྐང་འཛིན་དང༌། གསོ་རིག་གི་སློབ་དེབ་དང་དགེ་རྒན་གྱི་ཁྲིད་ཐབས། དེ་བཞིན་སློབ་མ་ཚོར་ཚོད་ལྟ་དང་སྦྱོང་བརྡར་བྱེད་ཕྱོགས་ཐད་གསར་གཏོད་དང་ལེགས་བཅོས་བཏང་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས་གསུངས་དོན། སྨན་རྩིས་མཐོ་སློབ་འདི་ལྟ་བུར་མཚོན་ན། ད་བར་སྐབས་ ༡༤ བ་དང་སྨན་པ་ ༢༠༠ ལྷག་སྐྱེད་སྲིང་བྱས་ཡོད། སྔོན་མ་སློབ་མ་བསྡུ་སྟངས་དགེ་འདུན་པར་ས་མིག་ ༣ དང༌། བོད་ནས་འབྱོར་བ་ཚོར་ ༣ ། གཏན་འཇགས་སློབ་གྲྭར་ ༣ ། ཧི་མ་ལ་ཡའི་རི་རྒྱུད་དུ་ ༢ ། ཕྱི་རྒྱལ་ལ་ ༡ བཅས་ཆ་བགོ་བྱས་ཡོད་ཀྱང༌། སློབ་མ་ཚོའི་ཤེས་ཚད་མ་མཉམ་པའི་དཀའ་ངལ་འཕྲད་དེ། ད་ལྟ་འགྱུར་བ་བཏང་སྟེ་འཛིན་གྲྭ་བཅུ་གཉིས་ཐོན་པ་ཚོར་ཡིག་རྩལ་བཏང་སྟེ་རྩེ་བཏོག་བྱེད་ཀྱིན་ཡོད། སོག་པོར་དམིགས་བསལ་རེད། འོན་ཀྱང༌། ཕྱོགས་ཡོང་ནས་བལྟས་ན། རིགས་གཅིག་རྐང་འཛིན་སོགས་ཀྱི་ཐད། ང་ཚོར་འདང་གི་མེད་པའི་ཆ་མང་པོ་འདུག གང་ཡིན་ཟེར་ན། རིགས་གཅིག་གི་སྟེང་ལ་ཆེད་མཁས་པ་ཞིག་སྟོན་རྒྱུ་ཁག་པོ་ཆགས་ཡོད། དེ་ལ་སློབ་གྲྭ་དང་སློབ་མ་སོ་སོའི་ངོས་ནས་ཀྱང་འཐུས་ཤོར་ལ་བཏང་ཡོད། བློ་རྩེ་གཉིས་སྐྱེས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཕྱིན་ཏེ་རླག་འགྲོ་བ་མང་པོ་ཞིག་འདུག བོད་པའི་སྨན་པ་ཞིག་ཡིན་ན།  མགོ་ནས་རྐང་མཐིལ་བར་གྱི་གནས་ལུགས་ཆགས་སྟངས། སྨན་གྱི་འགྲོ་སྟངས་ཆ་ཚང་ཤེས་དགོས། དཔེར་ན། ཕྱི་རྒྱལ་ལྟ་བུར་མཚོན་ན། སྙིང་གི་མཁས་པ་འདི་རེད་ཅེས་སྟོན་རྒྱུ་ཡོད་ཀྱང་ང་ཚོར་དེ་འདྲ་མེད།

གནད་དོན་འདི་དག་སེལ་ཐབས་ལ། ད་ལོ་ནས་གོམ་པ་དང་པོ་སྤོས་ཏེ་འཆར་གཞི་སྒྲིག་ཡོད། དགེ་རྒན་ལྔ་ལ་ཉིན་གུང་རྒྱབ་ཀྱི་ཆུ་ཚོད་དམིགས་བསལ་སྤྲད་དེ། སྨན་གྱི་ལོ་རྒྱུས་ཆ་ཚང་བ། སྔོ་སྨན་གྱི་སྐྱེ་ལུགས་གནས་སྟངས་ཆ་ཚང་བ། དེ་བཞིན། བོད་ཀྱི་གསོ་རིག་ནང་ཆོས་དང་འབྲེལ་ཏེ། སེམས་དང་སེམས་བྱུང་གི་རྣམ་བཞག་སོགས་ཟུང་འབྲེལ་གྱི་འགྲོ་སྟངས། བོད་སྨན་དང་རྩིས་ལ་འབྲེལ་བ་ཡོད་སྟབས། རྩིས་གཞུང་གི་དགེ་རྒན། བོད་སྨན་ཆོས་དང་འབྲེལ་ཡོད་སྟབས། གཏོ་བཅོས་སྐོར་གྱི་དགེ་རྒན། བོད་དང་རྒྱ་གར་ནུབ་ལུགས་བཅས་ཀྱི་འཁྲུངས་སྨན་བཅས་རིག་ཚན་བྱེ་བྲག་པ་རེ་རེ་ལ་དགེ་རྒན་གོ་སྒྲིག་བྱས་ཡོད། དེ་ནི་ང་ཚོས་སྨན་རྩིས་མཐོ་སློབ་ནས་རིགས་གཅིག་རྐང་འཛིན་འཐོན་རྒྱུར་རེ་བ་བརྒྱབས་པ་ཡིན། བོད་ཀྱི་སྲོལ་རྒྱུན་ལྟར་ངག་རྒྱུགས་མང་དྲགས་ཏེ། སློབ་མར་དཀའ་ངལ་འཕྲད་བཞིན་འདུག དེ་ལ་ཅུང་འགྱུར་བ་གཏོང་རྒྱུར་ཚོད་ལྟ་བྱས་ཀྱང༌། སློབ་སྦྱོང་གཞན་ལ་གཡེངས་ཏེ། སྨན་གྱི་གྲུབ་འབྲས་སྔར་ལས་ཅུང་སྐྱོ་རུ་ཕྱིན་འདུག དེར་བརྟེན། སློབ་སྦྱོང་གི་རྩ་བའི་འགྲོ་སྟངས་རང་སོར་འཇོག་དགོས་པ་ཆགས་སོང༌། ཞེས་གསུངས་སོང༌།

 

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 7

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    སྒྲོལ་དཀར་སྐྱབས་ཀྱི་བཀའ་མོལ་དེ་སྔོན་མ་དགུ་བཅུ་གོ་གྲངས་ནང་ཁོང་དགེ་རྒན་ཡིན་སྐབས་ཀྱི་བཀའ་མོལ་ཞིག་ཡིན་ན། དགུ་བཅུ་གོ་གྲངས་ནང་ལ་བཙན་བྱོལ་གྱི་སློབ་གྲ་གང་དུ་གཞི་རིམ་འཛིན་གྲ་གསུམ་པ་ནས་སུམ་རྟགས་འཁྲིད་ཀྱི་ཡོད་པ་རེད་དམ།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། ཁོང་ཅག་གི་བཀའ་མོལ་ཡིག་ཐོག་ལ་ཕབས་སྐབས་ངས་ཀྱང་དེ་ལྟར་དྲན་སོང་མོད། སྒྲོན་དཀར་སྐྱབས་ཀྱི་བཀའ་མོལ་དེ་ཁོང་སྔོན་མ་དགུ་བཅུ་གོ་གྲངས་ནང་དགེ་རྒན་ཡིན་སྐབས་ཀྱི་གནས་ཚུལ་ཞིག་གསུང་གིན་ཡོད་པ་མིན་འགྲོ སྤྱིར་ཁོང་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་འཛིན་སྐྱོང་སྟངས་འཛིན་གཅིག་གི་འོག་སྐྱོད་ཐུབ་རྒྱུ་གལ་ཆེན་དུ་གཟིགས་ཀྱིན་འདུག འཛིན་སྐྱོང་མི་འདྲ་བ་དེ་ཁོང་གི་སེམས་འཁྲུལ་ཆེ་ཤོས་རེད།

    Reply
  3. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲང་མོར་བཤད་ན་། ཚང་མས་ལག་ལེན་ལ་མ་བཏང་བ་མ་གཏོགས། བཙན་བྱོལ་གྱི་ཤེས་ཡོན་འཐུས་ཤོར་འགྲོ་དགོས་བའི་རྒྱུ་རྐྱེན་དང་དེ་སླར་གསོ་བྱ་ཐབས་ཀྱི་ཕྱོགས་ནས་བསམ་ཚུལ་སྔ་མོ་ནས་ཡོད་པ་འདྲ།
    གཞན་ངེད་ལ་འདིར་དོགས་སློང་ཞིག་ཡོད།
    ནོར་གླིང་བོད་ཀྱི་མཐོ་སློབ་རིག་གནས་སློབ་གཉེར་ཁང་གི་འགན་འཛིན་སྒྲོལ་དཀར་སྐྱབས་ལགས་ནས་དུས་བབ་གསར་འགོད་པར་འདི་འདྲ་ཞིག་བརྗོད་འདུག
    གཞུང་འཛིན་སྐྱོང་གིས་སློབ་ཚན་གཏན་འབེབས་བྱེད་ཕྱོགས་ཐད་ནས་། བྱིས་བ་ཚོར་འཛིན་གྲྭ་གསུམ་པ་ནས་སུམ་རྟགས་དང་ལྔ་བ་ནས་རིགས་ལམ་མགོ་བཙུགས་ཡོད་ཟེར། གཞུང་གི་འཛིན་སྐྱོང་གང་གི་འོག་གི་སྡེ་ཚན་གང་གིས་འདི་གཏན་འབེབས་བྱས་བ་རེད། ད་ལྟ་རྒྱ་བལ་འབྲུག་གསུམ་ཁྱོན་ཡོངས་ལ་བོད་པའི་གཏན་ཉིན་སློབ་གྲྭ་ཁག་བརྒྱད་ཅུ་གྱ་བདུན་ལྷགཡོད་པའི་ཁོངས་ནས་སློབ་གྲ་གང་དུ་གཞི་རིམ་འཛིན་གྲ་གསུམ་པ་ལ་སུམ་རྟགས་འཁྲིད་ཀྱི་འདུག་གམ། ལན་ཞིག་གནང་རོགས།

    Reply
  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲང་མོར་བཤད་ན་། ཚང་མས་ལག་ལེན་ལ་མ་བཏང་བ་མ་གཏོགས། བཙན་བྱོལ་གྱི་ཤེས་ཡོན་འཐུས་ཤོར་འགྲོ་དགོས་བའི་རྒྱུ་རྐྱེན་དང་དེ་སླར་གསོ་བྱ་ཐབས་ཀྱི་ཕྱོགས་ནས་བསམ་ཚུལ་སྔ་མོ་ནས་ཡོད་པ་འདྲ།
    གཞན་ངེད་ལ་འདིར་དོགས་སློང་ཞིག་ཡོད།
    ནོར་གླིང་བོད་ཀྱི་མཐོ་སློབ་རིག་གནས་སློབ་གཉེར་ཁང་གི་འགན་འཛིན་སྒྲོལ་དཀར་སྐྱབས་ལགས་ནས་དུས་བབ་གསར་འགོད་པར་འདི་འདྲ་ཞིག་བརྗོད་འདུག
    གཞུང་འཛིན་སྐྱོང་གིས་སློབ་ཚན་གཏན་འབེབས་བྱེད་ཕྱོགས་ཐད་ནས་། བྱིས་བ་ཚོར་འཛིན་གྲྭ་གསུམ་པ་ནས་སུམ་རྟགས་དང་ལྔ་བ་ནས་རིགས་ལམ་མགོ་བཙུགས་ཡོད་ཟེར། གཞུང་གི་འཛིན་སྐྱོང་གང་གི་འོག་གི་སྡེ་ཚན་གང་གིས་འདི་གཏན་འབེབས་བྱས་བ་རེད། ད་ལྟ་རྒྱ་བལ་འབྲུག་གསུམ་ཁྱོན་ཡོངས་ལ་བོད་པའི་གཏན་ཉིན་སློབ་གྲྭ་ཁག་བརྒྱད་ཅུ་གྱ་བདུན་ལྷགཡོད་པའི་ཁོངས་ནས་སློབ་གྲ་གང་དུ་གཞི་རིམ་འཛིན་གྲ་གསུམ་པ་ལ་སུམ་རྟགས་འཁྲིད་ཀྱི་འདུག་གམ། ལན་ཞིག་གནང་རོགས།

    Reply
  5. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲང་མོར་བཤད་ན་། ཚང་མས་ལག་ལེན་ལ་མ་བཏང་བ་མ་གཏོགས། བཙན་བྱོལ་གྱི་ཤེས་ཡོན་འཐུས་ཤོར་འགྲོ་དགོས་བའི་རྒྱུ་རྐྱེན་དང་དེ་སླར་གསོ་བྱ་ཐབས་ཀྱི་ཕྱོགས་ནས་བསམ་ཚུལ་སྔ་མོ་ནས་ཡོད་པ་འད

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཀརྨ་ཆུང་བདག་ཚིག་ཟུར་མདའ་དང་འདྲ། །མདའ་རྣོན་པོས་ཆེ་རྒུ་ཚང་མ་རྨས།

    Reply
  7. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ལོ་ངོ་སུམ་ཅུ་ལ་གཉིད་ཤོར་བ་འདི་ཅུང་ཙམ་ཡ་མཚན་རེད་འདུག་ག ་འོནཀྱང་། ད་དུང་ཤུགས་བརྒྱབ་ནས་ཧུར་བརྩོན་བསྐྱེད་པ་ཡིན་ན་རེ་བ་མེད་པ་དེ་འདྲ་རེད་མི་འདུག་སྙམ།
    གང་ལྟར། ཚང་མས་སོ་སོའི་རྣམ་དཔྱོད་བཏོན། རིག་པ་བརྡར། བརྗེ་རེས་བྱས་ནས་མདུན་བསྐྱོད་བྱེད་དགོས་ཀྱི་གལ་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese