ཧྥ་རན་སིའི་བོད་རིགས་ཚོགས་པ་ཐོག་མར་འཛུགས་མཁན་དང་། ཡུལ་འདིར་ཐོག་མར་སྒེར་ངོས་བསླེབས་མཁན་སྐུ་ཞབས་ཀུན་བཟང་ཆོས་འཕེལ་ལགས་སུ་ཧྥ་རན་སིར་གནས་སྡོད་བོད་མི་རྣམས་ཀྱི་གནས་བབ་དང་། ཡུ་རོབ་ཁུལ་དུ་བོད་མི་སྐྱབས་བཅོལ་ལ་ཡོང་སྟངས་བཅས་ལས་འཕྲོས་པའི་དྲི་བ་དྲི་ལན་ཁག་ཅིག་གཤམ་དུ་བཀོད་ཡོད།
དྲི་བ། ཐོག་མ་དེར་སྐུ་ཉིད་ངོ་སྤྲོད་ཐུང་ངུ་ཞིག་གནང་རོགས།
ལན། ངའི་མིང་ལ་ཀུན་བཟང་ཆོས་འཕེལ་ཟེར། ང་སྐྱེས་ས་ནི་སྟོད་གཉའ་ལམ་གྱི་ཉེ་འགྲམ་ཡིན། ༡༩༦༠ ལོར་ང་རྒྱ་གར་དུ་ཡོང་དུས་ལོ་བདུན་རེད། སྐབས་དེར་ཌལ་ཧོར་བོད་གཞུང་སློབ་གྲྭར་ཕྱིན་ཏེ་འཛིན་གྲྭ་དགུ་པ་བར་དུ་སློབ་སྦྱོང་བྱས་པ་ཡིན། དེ་རྗེས་རྒྱ་གར་ལྷོ་ཕྱོགས་ཀྱི་པོན་ཊི་ཅ་རིས་སུ་སློབ་གྲྭར་ཕྱིན་པ་རེད། ༡༩༧༤ ནས་ ༧༦ བར་ངྷ་སར་ཡོང་སྟེ་བོད་གཞུང་ཟློས་གར་དུ་དབྱིན་ཇིའི་དགེ་རྒན་བྱས་ནས་བསྡད་པ་ཡིན། ༡༩༧༦ ལོའི་ལོ་མཇུག་ཙམ་ལ་ང་ཧྥ་རན་སིར་བསླེབས་པ་རེད།
དྲི་བ། སྐུ་ཉིད་ཐོག་མར་འདིར་འབྱོར་སྐབས་ཧྥ་རན་སི་ན་བོད་པ་ཡོད་པ་རེད་མ་རེད། ཡང་མིན་ན། བོད་པའི་སྤྱི་ཚོགས་ཟེར་བ་ཞིག་ཡོད་པ་རེད་དང་མ་རེད། བོད་པ་རྣམས་ཐོག་མར་ཡུ་རོབ་དང་ལྷག་པར་དུ་ཧྥ་རན་སིར་ཡོང་སྟངས་དེ་གང་འདྲ་ཡིན་ནམ།
ལན། ང་ཐོག་མར་འདིར་བསླེབས་དུས་བོད་པ་ ༡༥ ལྷག་ཅིག་མ་གཏོགས་ཡོད་པ་མ་རེད། བོད་པ་རྣམས་ཐོག་མར་ཧྥ་རན་སིར་སླེབས་སྟངས་ནི། ༡༩༦༠ ལོའི་སྐབས་ཤིག་ལ་ཡུ་རོབ་ནང་གི་མཐོ་རིམ་སློབ་གྲྭའི་ནང་གི་བོད་དོན་ཉམས་ཞིབ་གནང་མཁན་དེ་དག་གིས་བོད་པའི་མཁས་པ་དེ་འདྲ་དགོས་ཀྱི་ཡོད་ཟེར་ནས་ངྷ་རམ་ས་ལར་ཞུས་འདུག དེ་ལྟར་ཁོང་ཚོས་བོད་པའི་མཁས་པ་ཁག་ཅིག་སྐད་བཏང་བ་རེད། ཡུ་རོབ་རྒྱལ་ཁབ་བཞི་སྟེ་ཧྥ་རན་སི་ལ་གཅིག དབྱིན་ལན་ལ་གཅིག ཨི་ཊ་ལིར་གཅིག འཇར་མིན་ལ་གཅིག་བཅས་སྐད་བཏང་བ་རེད། ཡིན་ཡང་ཁོང་ཚོ་རྒྱལ་ཁབ་དེ་དག་གཞུང་འབྲེལ་གྱིས་བླངས་པ་མ་རེད། ཁོང་ཚོའི་འགྲོ་སོང་དེ་ནི་ཨ་རིའི་རོ་ཁེ་ཧྥུ་ལེ་ཐེབས་རྩས་འགྲོ་སོང་བཏང་སྟེ་ཡོང་བ་རེད། དེ་ལྟར་ཨི་ཊ་ལི་ལ་མཁས་དབང་ནམ་མཁའི་ནོར་བུ་དང་། དབྱིན་ཇིའི་ལུང་པར་མཁས་དབང་མཁར་རྨེ་བསམ་གཏན་དང་བོན་པོའི་བླ་མ་ཞིག ཧྥ་རན་སི་ལ་དྭགས་པོ་རིན་པོ་ཆེ། འཇར་མན་ལ་བོད་པའི་བླ་མ་གཅིག་བཅས་ཕེབས་པ་རེད། ཡུ་རོབ་ནང་ལ་བོད་པ་ཐོག་མ་སླེབ་སྟངས་དེ་འདྲ་རེད། དེ་བཞིན་ཧྥ་རན་སིའི་མི་ཚང་ཞིག་གིས་ཧྥ་རན་སིའི་གཞུང་ལ་ཞུས་ནས་བོད་པའི་བུ་ཕྲུག་ ༢༠ ཚུར་བླངས་ཏེ་བུ་ཕྲུག་ཚོར་ཕ་ཚབ་དང་མ་ཚབ་གཉིས་བཙལ་ཞིང་། ཉིན་གུང་ཧྥ་རན་སིའི་སློབ་གྲྭར་བཏང་། མཚན་མོ་བུ་ཕྲུག་དེ་དག་མཉམ་དུ་འདུག་ས་བཙལ་ཏེ་ཕ་ཚབ་མ་ཚབ་གཉིས་ནས་བོད་པའི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་དང་བཅས་པ་ངོ་སྤྲོད་བྱས་པ་རེད། འདི་རིམ་པ་གཉིས་པ་འདྲ་བ་རེད། འདིའི་རྗེས་ནས་ཡོང་མཁན་ཕལ་ཆེ་བ་སྒེར་ངོས་ནས་ཡོང་བ་རེད། དེ་ནས་ ༡༩༧༦ ལོའི་ལོ་མཇུག་ལ་ཧྥ་རན་སི་གཞུང་གིས་བོད་པའི་སློབ་ཕྲུག་བཞི་ལ་སློབ་སྦྱོང་གི་གོ་སྐབས་སྤྲད་པ་ལྟར་བོད་གཞུང་བརྒྱུད་ནས་ཡོང་བའི་བོད་པའི་སློབ་ཕྲུག་བཞི་ཡོད་པ་རེད། གང་ལྟར་ ༢༠༠༥ བར་དུ་ཧྥ་རན་སི་ན་བོད་པ་ ༣༠ ལྷག་ལས་ཡོད་པ་མ་རེད། འདས་པའི་ལོ་ ༣ གྱི་རིང་ཡུ་རོབ་རྒྱལ་ཁབ་བྷེལ་རྗེམ། འཇར་མན། དབྱིན་ཡུལ། ཧྥ་རན་སི་བཅས་ལ་བོད་པའི་གཞོན་སྐྱེས་མང་པོ་ཞིག་གིས་སྒེར་ངོས་ནས་འགྲོ་སོང་བཏང་ནས་ཡོང་ཡོད་པ་རེད། ༢༠༠༩ ལོའི་ལོ་ཤར་འདི་ལ་ཧྥ་རན་སི་ན་བོད་པ་ ༥༠༠ ལྷག་ཅིག་ཡོད་པ་རེད། ཁོང་ཚོའི་ཕལ་ཆེ་བ་ནི་གཞོན་སྐྱེས་ཤ་སྟག་རེད།
དྲི་བ། ཁ་ཉིན་གསུམ་བཅུའི་དུས་དྲན་གྱི་ཉིན་སྐད་འབོད་གོ་སྒྲིག་བྱེད་མཁན་ནི་ཧྥ་རན་སི་བོད་རིགས་ཚོགས་པ་རེད། གོ་ཚོད་ལ་སྐུ་ཉིད་ནི་ཚོགས་པ་འདི་ཐོག་མར་འཛུགས་མཁན་གྲས་རེད་ཟེར། འདིའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། གོང་དུ་ཞུས་པ་ལྟར་ང་འདིར་ ༡༩༧༦ ལོའི་ལོ་མཇུག་ལ་སླེབས་པ་རེད། ང་སླེབས་ནས་ཟླ་བ་གཅིག་གི་རྗེས་ལ་གོང་གི་བོད་པའི་སློབ་ཕྲུག་བཞི་དེ་འབྱོར། དེ་མིན་དྭགས་པོ་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་བརྒྱུད་ནས་སླེབ་མཁན་བཅས་བོད་རིགས་གང་འཚམ་ཞིག་ཡོད་པ་རེད། ཡིན་ཡང་དེ་དུས་བོད་པའི་ཚོགས་པ་འདྲ་ཡོད་པ་མ་རེད། བོད་པའི་ལོ་སར་ཡིན་ནའང་རེད། སྐུ་མདུན་གྱི་འཁྲུངས་སྐར། གསུམ་བཅུའི་དུས་དྲན་སོགས་ཀྱི་སྐབས་ང་ཚོ་བོད་པ་ཉུང་ཉུང་དེ་དག་གིས་གཅིག་གིས་གཅིག་སྐད་བཏང་སྟེ་མཉམ་དུ་འཛོམས་ནས་དུས་ཆེན་ཁག་སྲུང་གཙི་བྱས་བསྡད་པ་རེད། དེའི་རྗེས་ནས་ང་ཚོས་ཚོགས་པ་ཞིག་མེད་པ་ཡིན་ན་ཕྱིའི་མི་ལ་རྣམ་པ་སྟོན་རྒྱུ་དེ་ཤུགས་ཆེན་པོ་ཡོང་གི་མི་འདུག ང་ཚོས་ཚོགས་པ་ཞིག་འཛུགས་དགོས་ཀྱི་འདུག ཚོགས་པ་བཙུགས་པ་ཡིན་ན་དེའི་མིང་ལ་ཧྥ་རན་སི་བོད་རིགས་ཚོགས་པ་ལབ་དགོས་ཀྱི་འདུག་གམ། ཡང་ན། བོད་རིགས་སྐྱིད་སྡུག་ཚོགས་པ་ལབ་དགོས་ཀྱི་འདུག གོ་བསྡུར་མང་པོ་བྱས་ཏེ་མཐའ་མ་དེར་བོད་རིགས་ཚོགས་པ་ཞེས་བཏགས་ནས་བཙུགས་པ་རེད། ཚོགས་པ་འདི་ཡང་ཧྥ་རན་སིའི་ཁྲིམས་ལུགས་དང་མཐུན་པར་དེབ་སྐྱེལ་བྱས་ནས་ ༡༩༨༠ ལོར་བཙུགས་ཡོད། ང་ཚོས་ཚོགས་པ་འདི་བཙུགས་པའི་དམིགས་ཡུལ་ནི་བོད་པའི་རིག་གཞུང་འདི་མི་ལ་སྟོན་རྒྱུ། བོད་པའི་རིག་གཞུང་འདི་བུ་ཕྲུག་ཚོར་མུ་མཐུད་ནས་འགྲེལ་བཤད་རྒྱག་རྒྱུ་དང་མིག་སྟོན་བྱེད་རྒྱུ་བཅས་ཡིན།
དྲི་བ། ཤེས་ཚོད་ལ་༧གོང་ས་མཆོག་ ༡༩༨༢ ལོར་ཐོག་དང་པོར་ཧྥ་རན་སིར་ཕེབས་པ་རེད་ཟེར། སྐུ་མདུན་རྒྱལ་ཁབ་འདིའི་ནང་གདན་འདྲེན་ཞུ་སྟངས་ཐད་གང་འདྲ་ཡིན་ནམ།
ལན། ང་ཚོའི་དམིགས་ཡུལ་ནི་བོད་པའི་གོམས་གཤིས་དང་། བོད་པའི་གནས་ཚུལ། བོད་པའི་ཆོས་དང་རིག་གཞུང་འདི་མི་ལ་སྟོན་རྒྱུ་དེ་ཕྱོགས་གཅིག་རེད། དེ་བྱས་དུས་ང་ཚོར་མིག་མཐོང་ལག་ཟིན་གྱིས་སྟོན་རྒྱུ་ཡོད་ན་མེད་ན་དེ་༧རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་ཡོད་པ་མ་རེད། དེ་ལྟར་ད་ནི་༧རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་རྒྱུའི་ཐབས་ཤེས་གཏོང་དགོས་ཀྱི་འདུག་ཅེས་གླེང་སློང་བྱུང་བ་རེད། ཐབས་ཤེས་བྱེད་པ་ལ་འགྲོ་སོང་གཏོང་རྒྱུ་དགོས་པ་རེད། འགྲོ་སོང་གཏོང་བ་ལ་དེ་དུས་ང་ཚོ་ཧྥ་རན་སིའི་གཞུང་ལ་དམིགས་བསལ་གྱི་འབྲེལ་བ་གང་ཡང་ཡོད་པ་མ་རེད། དེ་བཞིན་ཚོགས་པ་གཞན་པ་ལ་ཡང་དམིགས་བསལ་གྱི་འབྲེལ་བ་འདྲ་ཡོད་པ་མ་རེད། ཁོང་ཚོའི་ངོས་ནས་ཀྱང་བོད་པའི་གནས་ཚུལ་དེ་ཡག་པོ་ཞིག་ཤེས་ཀྱིན་ཡོད་པ་མ་རེད། ང་ཚོའི་ངོས་ནས་ཀྱང་བོད་པའི་གནས་ཚུལ་འདི་འགྲེལ་བཤད་གསལ་བོ་ཞིག་རྒྱག་པའི་ནུས་པ་མེད་སྟབས། བོད་པའི་གནས་ཚུལ་དེ་ཕར་འགྲེལ་བཤད་རྒྱག་གི་ཕྱིན་པ་ཡིན་ན་ཡང་དེ་དུས་ཧྥ་རན་སི་ལ་གཡོན་ཕྱོགས་པའི་ལྟ་བ་དེ་ཤུགས་ཆེན་པོ་ཞེ་དྲག་ཅིག་ཡོད་པ་རེད། ལྷག་པར་དུ་རྒྱ་མིའི་དམར་ཤོག་དང་མའོ་ཡི་ལྟ་བ་ཤུགས་ཆེན་པོ་ཞིག་ཡོད་སྟབས། ཁོང་ཚོས་ཁྱེད་རང་ཚོའི་སྔོན་མའི་གཞུང་དེ་བླ་མ་དང་གྲྭ་པས་འཇུས་ཡོད་པ་རེད། ད་ལྟ་ཁྱེད་རང་ཚོ་རྒྱ་མིས་བཅིངས་འགྲོལ་བཏང་ཡོད་སྟབས་ཁྱེད་རང་ཚོས་ག་རེའི་དོན་དུ་སྐད་རྒྱག་གི་ཡོད་ཟེར་མཁན་མང་པོ་བྱུང་བ་རེད། དེ་བྱུང་དུས་འདི་ལ་ཁ་གཏད་གཅོག་པ་ལ་དཔལ་འབྱོར་གྱི་ནུས་པ། ཀླད་པའི་ནུས་པ་ཆ་ཚང་ཞིག་འདང་གི་མེད་སྟབས། ༧རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུས་པ་ཡིན་ན་བོད་ཀྱི་གནད་དོན་འདི་འགྲེལ་བཤད་རྒྱག་པ་དང་། ཁོང་ཉིད་ལ་རང་བཞིན་གྱི་མཁྱེན་ཡོན་ཆེན་པོ་མངའ་སྟབས་མི་རྣམས་ཀྱིས་ཡིད་ཆེས་བྱེད་གི་རེད་བསམས་ནས་ཁོང་གདན་འདྲེན་ཞུས་པ་རེད། དེ་ལྟར་གདན་འདྲེན་ཞུ་བ་ལ་དངུལ་དགོས་སྟབས་ང་ཚོས་ཁང་པ་ཆུང་ཆུང་དེ་འདྲ་གླས་ནས་བོད་སྐོར་གྱི་གློག་བརྙན་རིགས་བསྟན་པ་རེད། དེ་ནས་དངུལ་ཏོག་ཙམ་རག་པ་དག་བསགས་ནས་མཐའ་མ་དེར་ ༡༩༨༢ ལོར་ཧྥ་རན་སི་གཞུང་ལ་ཐོངས་ཆེན་ཞུས་ནས་འདིར་ཕེབས་པ་རེད། འདིར་ཕེབས་པ་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གང་དུ་ཕེབས་ན་ཚགས་པར་རྒྱག་མཁན་མང་པོ་སླེབས་ཏེ་བོད་པའི་གནས་ཚུལ་འདི་འགྲེལ་བཤད་རྒྱག་པ་དང་། ཁྱབ་བསྒྲགས་བྱེད་པ་བཅས་ཤུགས་ཆེན་པོ་བྱུང་བ་དང་། དེ་ནས་༧རྒྱལ་བ་རིན་པོ་ཆེ་ཚང་ཧྥ་རན་སི་ལ་ཐེངས་མང་པོ་ཕེབས་ཐུབ་པ་བྱུང་བ་རེད།
དྲི་བ། ༧རྒྱལ་བ་རིན་པོ་ཆེ་མཆོག་ཐེངས་དང་པོ་འདིར་ཕེབས་སྐབས་ཧྥ་རན་སིའི་གཞུང་ལ་དམིགས་བསལ་གྱི་འབྲེལ་བ་འདྲ་བྱུང་སོང་ངམ།
ལན། སྐབས་དེ་དུས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆོས་ཕྱོགས་ཀྱི་ཐོངས་མཆན་གནང་ཡོད་པ་མ་གཏོགས་སྲིད་དོན་གྱི་ཐོག་ནས་གནང་ཡོད་པ་མ་རེད། དེར་བརྟེན་གཞུང་དང་འབྲེལ་བ་གང་ཡང་བྱུང་ཡོད་པ་མ་རེད། རྒྱ་ནག་གཞུང་དང་ཧྥ་རན་སི་གཞུང་གཉིས་ཀྱི་འབྲེལ་བའི་ཐད་གཟབ་གཟབ་བྱེད་དགོས་སྟབས་གཞུང་འབྲེལ་གྱི་མི་སྣ་གལ་ཆེན་དེ་འདྲར་འབྲེལ་བ་བྱུང་ཡོད་པ་མ་རེད། ཡིན་ཡང་དེ་དུས་པཱ་རི་སི་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ནི་ཅག་ཀི་ཤེ་ར་ཁུ་རེད། ཁོ་རང་གིས་དེ་དུས་ཕེབས་བསུ་གྲ་རྒྱས་པོ་ཞིག་གནང་ཡོད་པ་རེད།
དྲི་བ། བར་སྐབས་ཤིག་ནས་པཱ་རི་སིར་བོད་གཞུང་གི་དོན་གཅོད་ཁང་ཞིག་ཀྱང་བཙུགས་འདུག འདིའི་བྱུང་སྟངས་དེ་གང་འདྲ་ཡིན་ནམ།
ལན། ཧྥ་རན་སི་མི་དམངས་ཀྱི་ངོས་ནས་བཤད་ན་སྤྱིར་བཏང་ཁོ་རང་ཚོ་ཕྱིའི་རིག་གཞུང་དང་ཕྱིའི་བསམ་བློ་གཏོང་ཕྱོགས་ཐད་དོ་སྣང་ཆེ་བའི་མི་རིགས་ཤིག་རེད། ༧སྐུ་མདུན་ཕེབས་པར་བརྟེན་ཁོ་ཚོས་བོད་ཀྱི་གནད་དོན་ཤེས་རྟོགས་ཡག་ཏུ་ཕྱིན་པ་རེད། ༡༩༨༦ ལོར་༧སྐུ་མདུན་དབྱིན་ཇིའི་ལུང་པར་ཕེབས་སྐབས་ངས་ཡར་ཞུ་རྒྱུ་བྱུང་། ཧྥ་རན་སི་ལ་བོད་ཀྱི་དོན་གཅོད་ཅིག་བཙུགས་ན་ཡག་པོ་ཡོད་པ་ཞིག་མཐོང་གི་འདུག དེའི་རྒྱུ་མཚན་ནི་སྔོན་མ་ཨབ་རི་ཀ་དང་དེ་བཞིན་ཨལ་རྗེ་རི་ཡ་སོགས་ཁ་ཆེའི་ལུང་པ་མང་པོ་ཞིག་ཧྥ་རན་སིའི་འོག་ལ་བསྡད་པ་རེད། ལུང་པ་དེ་དག་གི་དཔོན་རིགས་དང་མི་དམངས་ཀྱིས་ཧྥུ་རན་ཆིའི་སྐད་ཀྱི་ཐོག་ནས་འབྲེལ་བ་བྱེད་པ་དང་ཚོང་འབྲེལ་བྱེད་པ། སྲིད་དོན་གྱི་ཚོགས་འདུ་འཚོགས་པ། ཚོང་དོན་གྱི་ཚོགས་འདུ་འཚོགས་པ། པཱ་རི་སི་ནི་འདི་འདྲའི་ཐོག་ལ་དཔེ་མི་སྲིད་པའི་གལ་ཆེན་ཆགས་ཡོད་པ་རེད། དེ་འདྲར་སོང་ཙང་བོད་ཀྱི་གནས་ཚུལ་ཤེས་པ་དང་། བོད་ཀྱི་གནས་སྟངས་ལ་རྒྱབ་སྐྱོར་ཞུ་རྒྱུ་འདི་དབྱིན་ཇིའི་སྐད་ཤེས་པའི་ལུང་པ་གཅིག་པུ་མིན་པར་ཨབ་རི་ཀ་དང་དེ་བཞིན་ཁ་ཆེའི་ལུང་པ་འདི་དག་གི་ནང་འབྲེལ་བ་བྱུང་བ་ཡིན་ན་ཕན་ཐོགས་ཡོད་ཅིང་། པཱ་རི་སི་ནི་འདིའི་ཐོག་གལ་ཆེན་པོ་ཆགས་ཡོད་སྟབས་འདིར་བོད་པའི་དོན་གཅོད་ཁང་ཞིག་བཙུགས་ན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བའི་ཐད་ཡག་པོ་ཡོང་ས་རེད་ཅེས་ཞུ་མྱོང་། དེ་དུས་༧སྐུ་མདུན་གྱིས་དེ་ཡག་པོ་འདུག་ཅེས་སྐུ་སྒེར་གྱི་དྲུང་ཆེ་བསྟན་པ་ཚེ་རིང་ལགས་ཡར་སྐད་བཏང་ནས་འདི་ལ་བསམ་བློ་བཏང་ན་ཡག་པོ་འདུག་ཅེས་གསུངས་སོང་། དེ་ནས་དོན་གཅོད་ཁང་དེ་ལམ་སེང་འཛུགས་མ་ཐུབ་པར་ལུས་པ་དང་། ངྷ་རམ་ས་ལའི་ངོས་ནས་མི་སུ་གཏོང་དགོས་མིན་མ་ཤེས་པ་དང་མི་མ་རག་པ། དེ་བཞིན་དཔལ་འབྱོར་གྱི་ཐོག་ནས་དགོངས་པ་བཞེས་པ་དེ་འདྲ་མང་པོ་ཡོད་སྲིད་པས་ནར་འགྱངས་སུ་ལུས་ཏེ་ ༡༩༩༣ ལོ་བར་དུ་དོན་གཅོད་ཁང་དེ་འཛུགས་ཐུབ་ཡོད་པ་མ་རེད། ༡༩༩༣ ལོར་དོན་གཅོད་ཁང་བཙུགས་དུས་ཧྥ་རན་སི་གཞུང་གི་ངོས་ནས་དོན་གཅོད་ཁང་གི་ལས་ཁུངས་རག་པ་སོགས་ལ་རོགས་རམ་གང་ཡོང་གནང་ཡོད་པ་རེད། དེ་བྱས་དུས་ང་རང་ཚོའི་ངོས་ནས་འཇོན་ན། གཞུང་སྒེར་གང་ཡིན་ཡང་མདུན་ལ་འབུད་མི་ཐུབ་རུང་རྒྱབ་ནས་རོགས་པ་བྱེད་མཁན་ག་ཚོད་ཅིག་ཡོད་མེད་དེ་ངས་རོབ་ཙམ་ཤེས་གི་རེད། འཐུས་ཤོར་ཞེས་པ་དེ་སྔོན་མ་ཡང་མང་པོ་ཞིག་ཕྱིན་ཡོད་པ་རེད་ལ། ད་དུང་ཡིན་ནའང་འགྲོ་བཞིན་པ་རེད། ༡༩༩༣ ལོ་ནས་ ༢༠༠༩ བར་གྱི་ལོ་ ༡༦ རིང་བོད་པའི་དོན་གཅོད་ཁང་ཞིག་བཙུགས་རུང་ང་རང་སྒེར་གྱི་ལྟ་ཚུལ་ལ་ང་ཚོས་ཨབ་རི་ཀའི་ལུང་པ་དང་ཁ་ཆེའི་ལུང་པ་དག་གི་ནང་དེ་ཙམ་གྱི་འབྲེལ་བ་ཞིག་བྱུང་མ་སོང་། ལས་ཀ་ཚགས་ཚུད་པོ་དང་འདོད་པ་ཁེངས་པའི་གྲུབ་འབྲས་ཤིག་ཐོན་མ་སོང་། ཐོན་མི་འདུག་བསམ་གི་འདུག འདི་ནི་སོ་སོ་སྒེར་གྱི་བློ་ཕམ་རེད་མ་གཏོགས་གཞན་གང་ཡང་མ་རེད།
དྲི་བ། ཁྱེད་རང་འདིར་བཞུགས་ནས་ལོ་ངོ་ ༣༣ ལྷག་ཕྱིན་པ་རེད། དེ་བྱས་དུས་ཧྥ་རན་སིའི་མི་དམངས་ཁྲོད་ཐོག་མར་བོད་དོན་སྟེང་དོ་སྣང་སླེབས་སྟངས་དང་། བོད་དོན་ཡུལ་འདིར་ངོ་སྤྲོད་ཐོག་མ་དེ་གང་འདྲ་བྱས་ནས་ཡོང་ཡོད་པ་རེད་བསམ་གྱི་འདུག
ལན། ཧྥ་རན་སིའི་མི་རིགས་ཀྱིས་བོད་པའི་སྐོར་ཐོག་མར་ཤེས་ས་གཅིག་ནི་བློ་བཟང་རམ་པ་ཟེར་མཁན་དེ་ཡིས་བྲིས་པའི་སྒྲུང་དེབ་(མིག་གསུམ་པ་)ཞེས་པ་དེ་རེད། དེའི་ནང་དུ་བོད་པའི་བླ་མ་ཟེར་བ་དེ་འཕུར་ཐུབ་པ་དང་རྫུ་འཕྲུལ་ཡོད་པ་རེད་ཅེས་བྲིས་ཡོད་པ་་རེད། ཁོང་ཚོའི་ངོས་ནས་སྒྲུང་དེབ་ཡིན་པའི་ངོ་བོའི་ཐོག་ནས་ཀློག་གི་ཡོད་པ་མ་རེད། བོད་པ་ཟེར་བ་འདི་དངོས་གནས་ཧ་ལས་པ་ཞིག་ཡོད་པར་བསམ་ཡོད་པ་རེད། གཉིས་པ་དེ་ཧྥ་རན་སིའི་སྐྱེས་དམན་ཨ་ལི་ཁུ་ཛི་ཌེ་ཝེ་ནལ་གྱིས་བོད་པའི་ནང་ཆོས་སྐོར་ལ་དེབ་མང་པོ་བྲིས་ཡོད་པ་རེད། དེབ་དེ་དག་ནི་ཁུངས་འཁྱོལ་བ་དག་རེད་དམ་མ་རེད་ཟེར་ན་ཞུ་ཁག་པོ་རེད་དེ། བོད་པའི་རིག་གཞུང་དང་ཆོས་ཀྱི་སྐོར་ངོ་སྤྲོད་གནང་མཁན་ཤུགས་ཆེ་བ་ཞིག་ནི་བུད་མེད་དེ་རེད། དེབ་དེ་དག་བཀླགས་རྗེས་༧སྐུ་མདུན་འདིར་ཕེབས་པ་བཅས་ལ་བརྟེན་བོད་པའི་ཐོག་དོ་སྣང་ཆེ་རུ་ཕྱིན་ནས་བོད་པའི་ཆོས་དང་རིག་གཞུང་། གསོ་བ་རིག་པ་སོགས་ཀྱི་ཐད་དོ་སྣང་ཆེ་རུ་ཕྱིན་པ་རེད། སྤྱིར་བཏང་ཧྥ་རན་སིའི་མི་རིགས་འདི་རིག་གཞུང་གི་ཐད་དོ་སྣང་ཆེ་བའི་མི་རིགས་ཤིག་རེད།
དྲི་བ། དེང་སྐབས་བོད་པ་ཕོན་ཆེན་པོ་ཞིག་འདིར་བསླེབས་ཡོད་པ་རེད། མང་པོ་ཞིག་ཚུར་ཡོང་དུས་དངུལ་མང་པོ་སྤྲད་ཡོད་ཚུལ་འདུག ད་སྐབས་ཡིག་ཆ་མ་རག་པར་སྡོད་མཁན་ཡང་ཡོད་པ་རེད་ཟེར། འདིའི་གནས་སྟངས་དེ་གང་འདྲ་ཆགས་ཡོད་པ་རེད།
ལན། རྒྱ་གར་ནས་མང་པོ་ཞིག་གིས་འགྲོ་སོང་ཆེན་པོ་བཏང་ནས་ཡོང་གི་ཡོད་པ་འདྲ། འདིར་ཧྥ་རན་སིར་བསླེབས་ཚར་བའི་རྗེས་ལ་བོད་པ་ཡིན་ལབ་དུས་ཙམ་ལ་སྐྱབས་བཅོལ་རག་རྒྱུ་གཏན་འཁེལ་བ་འདྲ་བོ་རེད། ལྷག་པར་དུ་བོད་ནས་ཡོང་མཁན་ཡིན་ན་ཡིག་ཆ་རག་གི་ཡོད་པ་རེད། ཡིན་ཡང་སྐྱབས་བཅོལ་ཞུས་པ་ནས་སྐྱབས་བཅོལ་མ་རག་བར་དུ་ཡུ་རོ་ ༣༩༠ ནས་ ༤༠༠ ཙམ་སྤྲོད་ཀྱི་ཡོད་པ་རེད། དེའི་སྒང་ལ་འདུག་ས་གོ་སྒྲིག་བྱེད་ཀྱིན་ཡོད་པ་རེད། གནས་ཚུལ་འདི་ཧ་མ་གོ་མཁན་ཡིན་ན་ཁ་ཤས་ཟམ་པའི་འོག་ལ་ཉལ་དགོས་པ་འདྲ་བོ་དང་། ཁ་ཤས་མེ་འཁོར་འབབ་ཚིགས་ནས་ཉལ་དགོས་པ་དེ་འདྲའང་བྱུང་ཡོད་པ་རེད། གནས་ཚུལ་འདི་ཧ་གོ་སོང་ན་སྐྱབས་བཅོལ་ཞུ་སྟངས་ཀྱི་ལམ་ཁ་ཞིག་བཟོས་ནས་བོད་པ་ཞིག་ཡིན་ཕྱིན་སྐྱབས་བཅོལ་སྤྲོད་གི་ཡོད་པ་རེད། ཡིན་ནའང་ཁྲིམས་འདི་སྤྱི་ཡོངས་ཀྱི་ཁྲིམས་ཤིག་རེད་མ་གཏོགས་དམིགས་བསལ་གྱིས་བོད་པར་བཟོས་པ་དེ་འདྲ་མ་རེད། བོད་པ་ཡིན་ན་སྐྱབས་བཅོལ་རག་མགྱོགས་པ་སོགས་བདག་པོ་རྒྱག་གི་ཡོད་པ་རེད། དེ་བཞིན་ལས་ཀ་ཞིག་ཡིན་ནའང་སོ་སོས་འཇོན་ན་བོད་པ་ཞིག་ཡིན་ལབ་ཚེ་ལས་ཀ་སྤྲོད་མཁན་དེས་ཀྱང་བསམ་བློ་ཡག་པོ་ཞིག་བཏང་ནས་ཕོ་མོ་སུ་ཡིན་ནའང་དེར་ལས་ཀ་མགྱོགས་པོར་སྤྲོད་ཀྱིན་ཡོད་པ་རེད། ད་ལྟའི་གནས་སྟངས་ལ་དེ་འདྲ་ཞིག་རེད། འདི་མུ་མཐུད་ནས་གནས་གི་རེད་དམ་ཞེ་ན་དེ་བོད་པ་ཚོར་རག་ལས་གི་རེད། བོད་པ་ཚོ་སྤྱོད་པ་ཡག་པོ་རེད། ཡ་རབས་རེད་ཟེར་ནས་ལྟ་སྟངས་ཡག་པོ་ཡོད་པ་རེད། དེ་བས་སྤྱོད་པ་འདི་མུ་མཐུད་ནས་ཁྱེར་ན་ཡག་པོ་ཡོང་གི་རེད་བསམ་གྱི་འདུག
དྲི་བ། ད་ལོ་ནས་བཟུང་ང་ཚོ་སྐྱབས་བཅོལ་དུ་གྱར་ནས་མི་ལོ་ ༥༠ འཁོར་བ་རེད། བོད་གཞུང་དམངས་གཉིས་ཀས་ལོ་འདི་སྲུང་གཙིའང་བྱེད་ཀྱིན་ཡོད་པ་རེད། གཙོ་བོ་དེ་འདས་པའི་ཉམས་མྱོང་ལས་མ་འོངས་པའི་ཁ་ཕྱོགས་འཚོལ་གིན་ཡོད་པ་རེད། དེ་བྱས་དུས་ང་ཚོའི་ད་བར་གྱི་གནས་སྟངས་ཐད་དམིགས་བསལ་གྱི་བསམ་ཚུལ་འདྲ་ཡོད་དམ།
ལན། ང་ཚོ་དམིགས་བསལ་གྱིས་རྗེས་ལུས་མང་པོ་ཞིག་ཐེབས་ཡོད་པ་རེད། དེ་དག་ཚང་མ་བཤད་ན་དུས་ཚོད་ཀྱང་ཡོད་པ་མ་རེད། དེང་སང་གཞོན་སྐྱེས་མང་པོ་ཞེ་པོ་ཞིག་ཧྥ་རན་སིར་ཡོང་གི་ཡོད་པ་རེད། དེ་བཞིན་དུ་གཞོན་སྐྱེས་མང་པོ་ཞིག་ལུང་པ་གཞན་པར་ཡང་འགྲོ་གི་ཡོད་པ་རེད། འདི་དག་ལ་ངྷ་རམ་ས་ལའི་གཞུང་ཡིན་ནའང་འདྲ། ཚོགས་པ་ཁག་ཡིན་ནའང་འདྲ། འདིའི་སྔོན་ནས་དགོངས་པ་ཞིག་བཞེས་ཏེ་སྔོན་མ་ནས་ཕྱི་ལོག་ལ་གཏོང་ཐུབ་ཡོད་པ་ཡིན་ན་ཡག་པོ་ཡོད་པ་རེད་བསམ། ཁྱེད་རང་ཚོ་ཕྱི་རྒྱལ་ལ་གཏོང་གི་ཡིན། ཕར་ཕྱིན་ནས་དང་པོ་སློབ་སྦྱོང་བྱེད་དགོས་པ་རེད། གཉིས་པ་དེ་སོ་སོའི་རིག་གཞུང་དེ་མ་བརླག་པ་ཞིག་བྱེད་དགོས་པ་རེད་ཅེས། ལོ་བཅུ་གྲངས་ཤིག་གི་ཡར་སྔོན་ནས་བྱེད་ཐུབ་ཡོད་ན་དེ་དུས་ཀྱི་བུ་གུ་དེ་དག་སློབ་གྲྭ་ཐོན་ཚར་ནས་དངོས་གནས་བོད་པ་ལ་ཕན་ཐོགས་པ་ཞིག་བྱུང་ཡོད་པ་རེད་བསམ་གི་འདུག ངས་དཔེ་འཇོག་ས་དེ་སྔོན་མ་ཨ་རི་ལ་བོད་མི་ཆིག་སྟོང་བཏང་བ་རེད། ཆིག་སྟོང་གཏོང་སྟངས་དེ་ནོར་འཁྲུལ་ཆེན་པོ་ཆགས་འདུག་བསམ་གི་ཡོད། དེ་དུས་བུ་གུ་གཞོན་སྐྱེས་ཤ་སྟག་ཅིག་བཏང་ཡོད་ན་ད་སྐབས་ལོ་ ༢༠ རྗེས་ལ་གཞོན་སྐྱེས་དེ་དག་གིས་བོད་པའི་སྤྱི་ཚོགས་ཕན་ཐོགས་ག་ཚོད་ཅིག་བྱུང་ཡོད་པ་རེད། སློབ་སྦྱོང་གི་ཐད་དང་དཔལ་འབྱོར་གྱི་ཐོག་ནས་ཕན་ཐོགས་ཡོད་པ་རེད་བསམ་གི་འདུག དེ་བཞིན་སོ་སོའི་སྒེར་གྱི་འཚོ་བའི་ཐད་ནས་ཀྱང་ཧ་ཅང་ཕན་ཐོགས་ཡོད་པ་རེད་བསམ་གི་འདུག དེ་མ་ཡིན་པར་སྐབས་དེ་དུས་ལོ་ལོན་དང་རྒན་རྒོན་མང་པོ་ཞིག་བཏང་ཡོད་པ་རེད། དེ་དག་གིས་ཕན་ག་རེ་ཐོགས་ཡོད་པ་རེད་ཟེར་ན། མང་ཆེ་བ་དེ་ལས་ཀར་མགོ་འཁོར་ཡོད་པ་རེད། ཤུགས་ལས་ཤ་སྟག་རེད། དེས་སོ་སོ་སྒེར་ལ་ཕན་འདྲ་ཞིག་ཐོགས་ཡོད་ཀྱི་རེད། ཡིན་ཡང་བོད་པའི་རྩ་དོན་གྱི་ཐོགས་ལ་མི་དེ་དག་གིས་ཤུགས་མཉམ་དུ་སླེབས་ཡོད་པ་མ་རེད་བསམ་གི་འདུག འདིའི་ཤུགས་སླེབ་པའི་ཆེད་དུ་ངྷ་རམ་ས་ལ་ནས་གཞོན་སྐྱེས་ཚོར་ལས་ཀ་སྤྲོད་པ་དང་། ལས་ཀའི་སློབ་སྦྱོང་སྤྲོད་པའི་མཐུན་རྐྱེན་མེད་པ་དེ་ང་ཚོས་ཤེས་ཤེས་པ་རེད། ཡིན་ཡང་དེ་དག་ཕྱི་ལོགས་ལ་བཏང་བཞག་ཡོད་ན་མ་འོངས་པའི་ལོ་བཅུ་ཕྲག་རེ་ཟུང་ནས་དཔེ་མི་སྲིད་པའི་ཕན་ཞིག་ཐོགས་ཡོད་གི་རེད་བསམ་གི་འདུག ང་རང་ལྟ་བུ་ཡིན་ན་སྐྱབས་བཅོལ་ལ་སླེབས་པ་ནས་ལོ་ ༥༠ འགྲོ་གི་ཡོད་པ་རེད། ལོ་ ༥༠ ནང་ག་རེ་བྱས་ཡོད་པ་རེད། ང་ཚོས་སོ་སོའི་ལྟོ་གོས་འཚོལ་ཐུབ་ཙམ་མ་གཏོགས་བྱུང་ཡོད་པ་མ་རེད། དེ་ནི་དང་པོ་ནས་ང་ཚོས་གཞོན་སྐྱེས་ཚོར་ལམ་ཁ་སྟོན་སྟངས་ནོར་བའི་རྐྱེན་གྱིས་རེད། ལམ་ཁ་དེར་མུ་མཐུད་ནས་འགྲོ་བཞིན་པ་རེད། བོད་ནས་ཡོང་མཁན་ཚང་མ་ལབ་གི་མེད་དེ་ཁ་ཤས་ཀྱིས་ཀླད་པ་བེད་སྤྱོད་བཏང་ནས་ངྷ་རམ་ས་ལ་ནས་ཚགས་པར་འདོན་པ་སོགས་རིག་གཞུང་དང་རྩ་དོན་གྱི་ཐད་ནས་ལས་ཀ་བྱེད་ཀྱིན་པ་དེར་ངས་བསྔགས་བརྗོད་ཞུ་གི་ཡོད། དེ་དག་ནི་བོད་ནས་རྒྱ་མིའི་འོག་ནས་སྡུག་པོ་མྱོང་བཞིན་དུ་སློབ་སྦྱོང་བྱས་སྟབས་གྲུབ་འབྲས་དེ་སྟོན་ཐུབ་གི་ཡོད་པ་རེད། ང་ཚོ་རྒྱ་གར་ལ་སྐྱིད་པོ་བྱས་ནས་བསྡད་པའི་བློ་འགྱོད་དེ་ད་ཆ་གཞི་ནས་སྟོན་གི་ཡོད་པ་རེད། ལམ་ཁ་འདི་མུ་མཐུད་ནས་བུ་གུའི་བུ་མཉམ་དུ་ཕྱིན་པ་ཡིན་ན་ད་ནས་ལོ་ ༥༠ རྗེས་ལ་མ་ིརགས་འཐོར་བསྡད་པ་དེ་བརླག་འགྲོ་རྒྱུའི་ཉེན་ཁ་འདུག འདི་བརླག་པ་ཡིན་ན་བོད་ནས་རྒྱ་མིས་ང་ཚོའི་མི་རིགས་འདིའི་ངོ་བོ་བསྒྱུར་བཞིན་པ་ལྟར། ཕྱི་རྒྱལ་ལ་འཐོར་བསྡད་པ་དེ་དག་ཀྱང་བརླག་འགྲོ་བ་ལས་བོད་རང་དབང་དང་རང་བཙན་གྱི་དོན་དུ་ཕན་ཐོགས་གི་མ་རེད། གང་ཡིན་ཟེར་ན་ང་ཚོས་རྩ་བ་དེ་འཛུགས་ཐུབ་མེད་པས་རེད། འདི་ཚོ་རྨ་རུ་མ་སོང་ན་ཡར་གསོ་བའི་ཐབས་ཤེས་རེ་ཡོད་ན་དཔེ་མི་སྲིད་པའི་ཡག་པོ་རེད་བསམ་གི་འདུག
དྲི་བ། དེང་སང་ཧྥ་རན་སིར་གློ་བུར་དུ་བོད་པའི་སྤྱི་ཚོགས་ཤིག་ཆགས་ཡོང་གི་ཡོད་པ་རེད། དེ་བཞིན་དུ་བོད་པའི་ཟ་ཁང་དང་ཚོང་ཁང་གཉེར་མཁན་ཡང་གང་འཚམ་ཡོད་པ་འདྲ།
ལན། འདི་ན་བོད་པའི་ཟ་ཁང་ ༡༢ ཙམ་ཡོད་པ་རེད། ཚོང་ཁང་དྲུག་བདུན་ཞིག་ཡོད་པ་རེད། འདི་དག་གིས་ཕྱོགས་གཅིག་ནས་སོ་སོའི་སྒེར་གྱི་འཚོ་བའི་དོན་དུ་ལས་ཀ་བྱེད་ཀྱིན་ཡོད་པ་རེད། གཉིས་ནས་ཕྱིའི་མི་རིགས་དེ་ཚོ་བོད་པ་དང་མཉམ་དུ་འབྲེལ་བ་ཡག་པོ་ཡོང་གི་འདུག ད་བར་དུ་ཁོང་ཚོ་བོད་པར་འབྲེལ་བ་བྱུང་སྟངས་དེ་བླ་མ་དགེ་བཤེས་ཚོ་བརྒྱུད་ནས་མ་གཏོགས་ཡོང་ཡོད་པ་མ་རེད། ཡིན་ན་ཡང་ད་སྐབས་བོད་ཟས་ཟ་བ་དང་མཉམ་དུ་སྐད་ཆ་བཤད་པ་སོགས་ནང་ཆོས་ཙམ་མ་ཡིན་པར་བོད་པའི་རིག་གཞུང་ལའང་དོ་སྣང་དང་དགའ་བོ་བྱེད་ཀྱི་འདུག
དྲི་བ། ཐོས་ཚད་ལ་སྐུ་ཉིད་བོད་ནང་གཟིགས་སྐོར་དུ་ཐེངས་འགར་ཕྱིན་ཚུལ་འདུག དེ་དུས་ཀྱི་ཉམས་མྱོང་ཞིག་གསུངས་རོགས།
ལན། ང་དང་པོ་བོད་ནས་སྐྱེས་པ་རེད། དེ་ནས་རྒྱ་གར་དུ་སློབ་སྦྱོང་བྱས་པ་རེད། མཐའ་མར་ཕྱི་རྒྱལ་ནས་མི་ཚེ་བསྐྱལ་བ་རེད། ཡིན་ཡང་ངས་བོད་ཀྱི་གནས་སྟངས་དང་བོད་ཀྱི་ཤེས་རིག་དེ་ཚོ་ཤེས་པ་ལ་བོད་དུ་ཕྱིན་ཏེ་སོ་སོས་མིག་མཐོང་ལག་ཟིན་བྱུང་བ་ཡིན་ན་ལས་ཀ་བྱེད་བདེ་བ། བསམ་བློ་གཏོང་བདེ་བ་ཡོང་གི་རེད་བསམ་ནས་ང་བོད་ལ་ཐེངས་གཉིས་ལ་ཕྱིན་པ་ཡིན། ༡༩༩༩ ལོར་ཐེངས་གཅིག་ཕྱིན་པ་ཡིན། སྐབས་དེར་ཁམས་ཕྱོགས་སུ་གངས་སྐྱོན་བྱུང་སྟབས་འདི་ནས་རོགས་ཚོགས་ཁྲིད་ནས་ཕྱིན་པ་ཡིན། ༢༠༠༧ ལོར་ཨ་མདོའི་ས་ཁུལ་མང་པོ་ཞིག་ལ་ཕྱིན་པ་ཡིན། ང་རང་ངོས་ནས་ཁམས་དང་ཨ་མདོ་ཁུལ་ལ་འགྲོ་བར་རྒྱུ་མཚན་ཞིག་ཡོད། ལྷག་པར་དུ་ཨ་མདོར་མཚོན་ན་རྒྱ་མིའི་འོག་ལ་ཕྱིན་ནས་ལོ་ ༧༠ ལྷག་འགྲོ་གི་ཡོད་པ་རེད་ཟེར་གིན་ཡོད་པ་རེད། ཡིན་ཡང་བོད་ནས་ཡོང་མཁན་གྱི་ནང་ནས་ཨ་མདོ་འདི་དག་བོད་པའི་ཤེས་རིག་སྟེང་ལ་དོ་སྣང་ཆེ་བ། བོད་པའི་ཤེས་རིག་སྟེང་དངོས་གནས་བཤད་ཐུབ་མཁན་དེ་འདྲ་རེད། ང་ཁོང་ཚོའི་མང་པོར་ཐུག་མྱོང་། དེ་བྱས་དུས་བོད་པའི་ཤེས་རིག་དང་བོད་པའི་སྐད་ཡིག ཆོས་དེ་ཚོ་གནས་ཐུབ་ཀྱི་ཡོད་དང་མེད་དེ་ཨ་མདོ་ལ་ཕྱིན་པ་ཡིན་ན་ངས་ཏོག་ཙམ་ཤེས་གི་རེད་བསམ་སོང་། ང་དེ་དུས་འབྲོག་པ་དང་ཞིང་པ། སློབ་ཕྲུག དགེ་འདུན་པ། རྩོམ་པ་པོ་དེ་འདྲ་མང་པོ་ཞིག་ལ་ཐུག་བྱུང་། ངས་ཁོང་ཚོར་ཆབ་སྲིད་ཀྱི་ཐད་ནས་སྐད་ཆ་ཅི་ཡང་བཤད་མེད་ལ། བཤད་རྩིས་ཀྱང་མེད། ཁོང་ཚོས་ཀྱང་བཤད་མ་སོང་། ཡིན་ཡང་རྒྱུན་ལྡན་གྱི་ཕྱོགས་ནས་སྐད་ཆ་བཤད་ཡོང་དུས་དངོས་གནས་དྲང་གནས་ཉིན་ཞིག་རྒྱ་མིའི་འོག་ནས་སྐད་ཡིག་དང་ཤེས་རིག་གི་རང་དབང་ཞིག་ཐོབ་པའི་ཉིན་དེར་མེ་ཁ་གསོ་ཐུབ་མཁན་དེ་ཨ་མདོའི་ཕྱོགས་ནས་གསོ་ཐུབ་གི་རེད་བསམ་སོང་། ང་ཕར་ཕྱིན་པའི་དོན་དག་འདྲ་བོ་དེ་ཡིན། ང་ཚོར་རེ་བ་གང་འདྲ་ཞིག་འདུག ས་སྟོང་ལུང་སྟོང་ལ་སྐད་རྒྱག་པ་འདྲ་བོ་རེད་དམ་ཡང་ན་རེ་བ་ཡོད་ནས་སྐད་རྒྱག་གི་འདུག
ཁོང་གི་དྲི་ལན་ལས་ཐོག་མར་ཕ་རན་སིར་བོད་མི་བཅོ་ལྔ་ལྷག་ཅིག་ལས་མེད་ཅེས་གསུངས་པའི་དོན་ཅི་ཡིན་ནམ། མི་བཅོ་ལྔ་ཞེས་ངེས་བཟུང་བྱས་ཚར་རྗེས་ལྷག་ཅིག་ཅེས་བརྗོད་སྲོལ་འདྲ་ཡོད་དམ། མི་ཕྱེད་ཀའམ་སུམ་ཆ་གཅིག་ལྟ་བུ་རེ་ཡོད་པ་ཡིན་ནམ། སྐད་ཆའི་ནང་དུ་འདི་འདྲ་ཤོར་སྲིད་ཀྱང་ཡིག་ཐོག་ལ་དེ་ལྟར་ཚིག་དོན་གཉིས་ཆར་ནས་མི་འགྲིགས་པ་མ་འབྲི་རོགས། འདི་ལྟ་བུ་ནི་གསར་འགོད་པའི་འབྲི་རྩལ་གྱིས་མ་འདངས་པའི་སྐྱོན་ཆ་ཆེན་པོ་རེད།
བོད་མི་བསམ་ཡོད་ཅན་ཇི་ཙམ་ཕྱི་རྒྱལ་ལ་མཐར་བ་དེ་ཙམ་གྱིས་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་དང་བཙན་བྱོལ་གཞུང་གི་དཔལ་འབྱོར་ལ་ཕན་ངེས་རེད། འོན་ཀྱང་ཕྱི་རྒྱལ་དུ་ཡོད་པའི་བོད་མི་མི་ཉུང་བ་ཞིག་གིས་བོད་དོན་ལས་འགུལ་ལ་མཉམ་ཞུགས་བྱ་རྒྱུ་ལྟ་ཅི་ལོ་རེའི་དཔྱ་ཁྲལ་ཡང་མི་སྤྲོད་མཁན་མང་པོ་ཡོད། ན་ནིང་བོད་གཞུང་ནས་ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་རྣམས་ལ་དགོངས་པ་ཆེ་བཞེས་ཀྱིས་༢༠༠༨ ཕྱི་ཟླ་༨ བར་དུ་དུས་ཚོད་བཅད་དེ་བར་ལམ་ནས་དུས་ཚོད་དེའི་བར་དཔྱ་ཁྲལ་འབུལ་འགྱངས་སོང་བ་ཡོད་ཚད་རྩ་ཆག་གིས་ཐེངས་གཅིག་རིང་ཨ་སྒོར་དགུ་ལས་འབུལ་མི་དགོས་པ་བཟོས་ཀྱང་ད་དུང་དཔྱ་ཁྲལ་མི་ཕུལ་མཁན་འདུག །
མི་འདི་འདྲ་གང་དུ་ཡོད་ན་ཁ་དྲོ་བཀྲ་ཤིས་ཤོག ཚེ་རིང་ལོ་བརྒྱ་ཤོག བསམ་དོན་འགྲུབ་པར་ཤོག ཁ་ཞེ་གཉིས་མེད་ཀྱི་བོད་པ་འདི་འདྲ་གང་དུ་འཚོ་ཡང་ཁྱད་པར་ཞིག་མེད་པར་བོད་དོན་བྱེད་ཀྱི་འདུག་པ་དངོས་ནས་སེམས་གཏིང་ནས་དགའ་བསུ་ཡོད།
བསམ་ཚུལ་ཡག་པོ་སྤེལ་འདུག མ་ཟད་ཚོར་བ་དང་ལྡན་པའི་སྒོ་ནས་བསམ་ཚུལ་སྤེལ་འདུག དངོས་ཡོད་ལ་གཞིགས་པའི་སྒོ་ནས་བསམ་ཚུལའདུག དེ་ནི་དངོས་གནས་གལ་ཆེན་པོ་རེད། ད་དུང་བོད་དོན་ དང་བོད་ཀྱི་གནད་དོན་སྐོར་ལ་ཡུལ་ལུང་གང་དུ་སླེབས་ཀྱང་་ཤུགས་སྣོན་བྱེད་རོགས་ཞུ་རྒྱུ་ཡིན།