སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སུ། ཐེངས་འདིའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པའི་སྟེང༌། ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་དང༌། འབྱུང་འགྱུར་བོད་ཕྱི་ནང་གཉིས་ནས་རྩ་དོན་བསྒྲུབ་ཕྱོགས་ཐད། བགྲོ་གླེང་གོ་བསྡུར་དང་ཐག་གཅོད་གཏན་འབེབས་གང་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་མོས་བརྗོད་དོན། སྤྱིར་བཏང་ཐེངས་འདིའི་གྲོས་ཚོགས་ནང་གནད་དོན་མང་པོ་ཞིག་ལ་བགྲོ་གླེང་དང་གྲོས་ཆོད་བཞག་ཡོད་པ་རེད། དམིགས་བསལ་ཚོགས་ཆེན་སྐབས་ཀྱི་རྒྱབ་གཉེར་སྙན་ཐོ་ཁག་དང༌། ང་ཚོས་བོད་ནང་གི་ཛ་དྲག་གནས་བབ་དེར་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་ཙམ་མིན་པར་ནུས་པ་ལྡན་པའི་ལས་གཞི་གང་འདྲ་སྤེལ་དགོས་མིན་ལ་གོ་བསྡུར་གནང་ཡོད། ༢༠༠༨ ལོར་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་སྐབས། ང་རང་སྒེར་ངོས་ནས་བློ་ཕམ་ཆེན་པོ་བྱུང༌། གང་ཡིན་ཟེར་ན། ཛ་དྲག་གི་གནས་ཚུལ་དེ་འདྲ་བྱུང་སྐབས། ང་ཚོར་གདོང་ལེན་བྱེད་རྒྱུའི་འཆར་གཞི་དང་གྲ་སྒྲིག་གང་ཡང་ཡོད་པ་མ་རེད། དེར་བརྟེན། ཐེངས་འདིར་གྲོས་ཚོགས་ནང་ཛ་དྲག་གི་གནས་ཚུལ་དེ་འདྲར་གདོང་ལེན་བྱེད་སྟངས་དང༌། ལས་འཆར་སྒྲིག་སྟངས་ཐད་བགྲོ་གླེང་ཤུགས་ཆེན་བྱུང་སོང༌། ཉེ་ཆར་བོད་ནས་ལན་བསྐུར་བ་ལྟར། དེ་རྩ་དོན་བསྒྲུབ་ཕྱོགས་ཀྱི་མ་རྩ་ཆགས་ཡོད། མ་རྩ་དེ་འཕྲོ་བརླག་ཏུ་མི་གཏོང་རྒྱུ་ང་ཚོའི་ལས་འགན་ཆགས་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་སྟེང་སྔར་ལས་ལྷག་པའི་ནུས་ཤུགས་གོང་མཐོར་གཏོང་རྒྱུའི་ལས་འཆར་མང་བོ་བསྒྲིགས་ཡོད་ལ། ལྷག་པར་དུ་འབྱུང་འགྱུར་བོད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ཐད་ལས་གཞི་འདྲ་མིན་བསྒྲིག་རྒྱུའི་ཐག་གཅོད་བྱུང་ཡོད། ལས་གཞི་དེ་དག་ཀྱང་བཀའ་ཤག་དང་རྒྱུན་ལས་མཉམ་འབྲེལ་ཐོག་བསྒྲུབ་རྒྱུ་ཐག་གཅོད་བྱས་ཡོད། ཐག་གཅོད་དེ་གྲོས་ཚོགས་གྲོལ་ན་བཀའ་ཤག་ལ་སྙན་གསན་ཞུ་རྒྱུ་ཡིན། བཀའ་ཤག་གིས་ཀྱང་ལས་འཆར་དེ་དག་ལ་དེར་རྒྱབ་སྐྱོར་དང་ལག་ལེན་བསྟར་རྒྱུར་རེ་བ་དང་ཡིད་ཆེས་ཡོད། འོན་ཀྱང་ང་རང་གི་བསམ་པར། ཐེངས་འདིར་ལས་གཞི་མང་དག་ཅིག་གི་ཐོག་གྲོས་ཆོད་བཞག་ཡོད་ཀྱང༌། རྗེས་མ་ལས་འཆར་དེ་དག་ལག་ལེན་བསྟར་ཨེ་ཐུབ་བསམ་པའི་བློ་འཚབ་ཟེར་ན་འདྲ། དངངས་སྐྲག་ཅིག་ཏན་ཏན་ཡོང་གིན་འདུག ཡིན་ནའང༌། ལས་འཆར་དེ་དག་ཐད་གྲོས་ཆོད་ཇི་ལྟར་བཞག་ཡོད་པ་ལྟར། ལག་ལེན་བསྟར་ཐུབ་རྒྱུར་ཤུགས་རྒྱག་རྒྱུ་ཡིན། ཞེས་གསུངས་སོང༌།
སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་སུ། ྋགོང་ས་མཆོག་གིས་ལོ་ངོ་སུམ་ཅུར་ཤེས་ཡོན་འཐུས་ཤོར་ཕྱིན་ཡོད་ཚུལ་ནན་གྱིས་གསུངས་པའི་ཐད། ཐེངས་འདིར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་རྒྱུ་གཏན་འབེབས་བྱས་ཡོད། དེའི་ཐད་སྤྱི་ཡོངས་ཀྱིས་དགོངས་འཆར་གང་འདྲ་ཡོད་པ་དང༌། ཞིབ་འཇུག་ཚོགས་ཆུང་ལ་གྲུབ་འབྲས་གང་འདྲ་ཞིག་འཐོན་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན། སྤྱིར་ྋགོང་ས་མཆོག་གིས་བཀའ་སློབ་དེ་བཙན་བྱོལ་སྤྱི་ཚོགས་ཡོངས་ལ་གནང་པ་ཞིག་རེད། ད་ཐེངས་གྲོས་ཚོགས་ནང༌། ཤེས་ཡོན་སྤྱི་དང་རིགས་གཅིག་རྐང་འཛིན་གྱི་ཐོག་འཐུས་ཤོར་གང་ནས་ཕྱིན་ཡོད་པ་དང༌། འཐུས་ཤོར་ཕྱིན་པའི་རྒྱུ་རྐྱེན་འཚོལ་བ། དེ་ལ་ཁ་གསབ་ཇི་ལྟར་རྒྱག་རྒྱུ་ཡིན་མིན་བཅས་ལ་གླེང་སློང་བྱས་མཐར། གྲོས་ཚོགས་ནང་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་རྒྱུ་གཏན་འཁེལ་བ་རེད། ཡང་སྤྱི་འཐུས་ཁ་ཤས་ཀྱིས་ཚོགས་ཆུང་དེ་དགོས་མིན་དང༌། གནད་དོན་འདི་བཀའ་ཤག་དང་འབྲེལ་བ་ཆགས་ཡོད་སྟབས། སྤྱི་འཐུས་གྲོས་ཚོགས་ཀྱིས་འདི་ལ་ཡོ་སྲང་དང་ལམ་སྟོན་བྱ་རྒྱུ་མ་གཏོགས་ལག་པ་འཆང་དགོས་དོན་མེད་ཚུལ་སོགས་གསུངས་སོང༌། ཡང་ཁག་ཅིག་གིས་གནད་དོན་འདི་འཐུས་ཤོར་ཚབས་ཆེན་ཡིན་སྟབས། གྲོས་ཚོགས་ཀྱིས་ངེས་པར་དུ་གནད་དོན་འདི་ལ་འགན་འཁུར་དགོས་པ་རེད། ཅེས་མང་མོས་ཐོག་ཞིབ་འཇུག་ཚོགས་ཆུང་དེ་གྲོས་ཚོགས་ནང་འཛུགས་རྒྱུའི་ཐག་གཅོད་བྱུང་སོང༌། ང་རང་གི་བསམ་པར་གྲོས་ཚོགས་ཀྱིས་ཤེས་ཡོན་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་པ་ཡིན་ན། ཚོགས་ཆུང་འདིས་རིགས་གཅིག་རྐང་འཛིན་དང་ཤེས་ཡོན་ཐད། སྐྱོན་གང་ནས་ཤོར་འདུག ནོར་འཁྲུལ་གང་ནས་བྱུང་འདུག་ངོས་འཛིན་གསལ་བོ་བྱས་ཏེ། དེ་ལ་ཁ་གསབ་ཇི་ལྟར་རྒྱག་རྒྱུ་བཅས་ལ་ཤུགས་རྒྱག་དགོས་པ་རེད་དྲན་ཡོད། གྲོས་ཚོགས་ནང་དགེ་རྒན་དང་ཤེས་ཡོན་ཐད་ཕྱག་ལས་གནང་མྱོང་མཁན་གང་འཚམས་ཡོད་སྟབས། ཞིབ་འཇུག་ལ་གྲུབ་འབྲས་ཡོང་གི་རེད་སྙམ་ཡོད། རིགས་གཅིག་རྐང་འཛིན་མེད་པ་དེ་འཛིན་སྐྱོང་གཅིག་པུའི་སྐྱོན་མ་རེད། གཞོན་སྐྱེས་ཚོའི་ནང་རིགས་གཅིག་རྐང་འཛིན་བྱ་རྒྱུར་འདོད་པ་ཡོད་མཁན་ཉུང་ཉུང་རེད། ཡང་བོད་ནས་ཕེབས་མཁན་ཚོར་ལག་འཁྱེར་གྱི་དཀའ་ངལ་དང༌། ལག་འཁྱེར་ཡོད་མཁན་ཚོར་རིགས་གཅིག་རྐང་འཛིན་ཐོག་འདོད་པ་མེད་པའི་དཀའ་ངལ། དེ་འདྲའི་འགལ་རྐྱེན་མང་བོ་ཞིག་ལ་ཐུག་ཡོད་པ་རེད་སྙམ། འོན་ཀྱང༌། ཞིབ་འཇུག་ཚོགས་ཆུང་དེས་གནད་དོན་འདིར་འགན་བླངས་ཏེ་ཤུགས་བརྒྱབས་པ་ཡིན་ན། སྤྱི་ཚོགས་ནང་གྲུབ་འབྲས་དང་ཕན་ཐོགས་ཤིག་ཏན་ཏན་ཡོང་གི་རེད་དྲན་ཡོད། ཅེས་གསུངས་སོང༌།
སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ། ཐེངས་འདིའི་གྲོས་ཚོགས་སྟེང༌། སྔར་ལོའི་དམིགས་བསལ་ཚོགས་ཆེན་ལྟ་བུ་ཞིག འབྱུང་འགྱུར་ལོ་གཉིས་རེ་མཚམས་སུ་ཚོགས་རྒྱུ་གཏན་འབེབས་བྱུང་ཡོད་པ་རེད། སྔར་ལོའི་དམིགས་བསལ་ཚོགས་ཆེན་སྟེང་གི་རྒྱབ་གཉེར་སྙན་ཐོ་ཁག་ལག་བསྟར་ཅི་ཙམ་ཐུབ་ཡོད་མེད་དང༌། འབྱུང་འགྱུར་དེ་འདྲའི་ཚོགས་ཆེན་བསྟུད་མར་འཚོགས་རྒྱུར་དགོས་པ་རྒྱུ་མཚན་གང་འདྲ་མཐོང་གིན་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན། ད་ཐེངས་གྲོས་ཚོགས་ནང་བརྗོད་གཞི་མང་བོ་ཞིག་གི་སྟེང་གོ་བསྡུར་ཞིབ་མོ་བྱུང་སོང༌། དེ་དག་ལས་གལ་ཆེ་ཤོས་ཤིག་ནི། སྐབས་ཐོག་གི་གནས་བབ་དང་འགྱུར་བ་ལ་གཞིགས་ཏེ། དམིགས་བསལ་ཚོགས་ཆེན་ལྟ་བུ་ཟེར་ན་འདྲ། ལོ་གཉིས་རེ་མཚམས་སུ་ལོ་འཁོར་ལས་བསྡོམས་ལྟ་བུ་ཞིག་ཚོགས་རྒྱུའི་གྲོས་ཆོད་བཞག་ཡོད། དེ་ཡང་ལོ་འཁོར་ལས་བསྡོམས་ལྟ་བུ་ཟེར་དོན་ལོ་འཁོར་ལས་བསྡོམས་རང་མིན་པ་ཞིག་ལ་ཟེར་གྱིན་ཡོད། ན་ནིང་བཞིན་ཛ་དྲག་གི་གནས་བབ་དང༌། ཡང་ན་བར་སྐབས་ཀྱི་དགོས་མཁོའི་ཆེད་དུ་ཚོགས་དགོས་བྱུང་ན་དེ་དང་བསྟུན་ཏེ་འཚོགས་ཆོག་པ་བཟོས་ཡོད། ཚོགས་ཆེན་གྱི་མིང་དང་གྲོས་གཞི། ཚོགས་མིའི་ཡོང་ཁུངས་སོགས་སྐབས་དེའི་གནས་ཚུལ་དང་འགྱུར་བ་ལ་བསྟུན་ཏེ་ཐག་གཅོད་བྱ་དགོས་ཀྱིན་ཡོད། ཁྱོད་ཀྱི་བཤད་པ་ལྟར་གྲོས་ཆོད་བཞག་ཀྱང་ལག་ལེན་བསྟར་མ་ཐུབ་ན་དོན་མེད་རེད། འོན་ཀྱང་ལག་ལེན་གང་འཚམས་འགྲོ་བཞིན་ཡོད་པ་རེད་དྲན་ཡོད། ན་ནིང་དམིགས་བསལ་ཚོགས་ཆེན་སྐབས་རྒྱབ་གཉེར་སྙན་ཐོ་མང་བོ་ཞིག་བྱུང་ཡོད། ང་རང་གི་བསམ་པར་དམིགས་བསལ་ཚོགས་ཆེན་སྟེང༌། གྲོས་ཆོད་བཞག་པ་དག་ཀྱང་གང་འཚམས་ལག་ལེན་བསྟར་གྱིན་ཡོད་པ་རེད་བསམ་ཡོད། ཐེངས་འདིའི་གྲོས་ཚོགས་ནང་སྔོན་མ་གྲོས་ཆོད་བཞག་ཡོད་པ་དག་ལག་ལེན་བསྟར་ཐུབ་ཀྱིན་ཡོད་མེད་ཐད་གོ་བསྡུར་མང་བོ་གནང་ཡོད་ལ། སྤྱི་འཐུས་ནང་ཁུལ་ལྷན་ཚོགས་སྐབས། བཀའ་ཤག་དང་སྤྱི་འཐུས་ལྷན་འཛོམས་གཉིས་མཉམ་རུབ་ཀྱིས་བགྲོ་གླེང་གོ་བསྡུར་ཞིབ་མོ་གནང་སྟེ། དམིགས་བསལ་ཚོགས་ཆེན་སྐབས་ཀྱི་ཚོགས་ཆུང་ཁག་བཅོ་ལྔའི་སྙན་ཐོ་རྣམས་དབྱེ་འབྱེད་བྱས་ཏེ། འབྲེལ་ཡོད་ལྷན་ཁང་སོ་སོས་ལག་བསྟར་ཐུབ་པ་དགོས་པའི་ཡིག་ཆ་ཟུར་དུ་བཞག་ཡོད། དེར་བརྟེན་རིམ་བཞིན་ལག་ལེན་བསྟར་རྒྱུར་ཡིད་ཆེས་བྱེད་ཀྱིན་ཡོད། ཅེས་གསུངས་སོང༌།
སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་སུ། ཐེངས་འདིའི་གྲོས་ཚོགས་སྟེང༌། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་གཏོང་ཕྱོགས་དང༌། གཞོན་སྐྱེས་ཚོ་གཞིས་ཆགས་ནང་གནས་ཐབས་བྱ་རྒྱུ་སོགས་གཞིས་ཆགས་ཀྱི་དཀའ་ངལ་མང་དག་ཅིག་ལ་གྲོས་བསྡུར་གནང་སྟབས། གཞིས་ཆགས་ཁག་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པའི་རྒྱུ་རྐྱེན་གང་ལ་ངོས་འཛིན་བྱུང་ཡོད་པ་དང༌། མ་འོངས་པར་བསྐྱར་གསོ་བྱ་རྒྱུར་གཏན་འབེབས་ག་རེ་བྱུང་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན། གནད་དོན་དེའི་ཐད་གྲོས་ཚོགས་ནང་བགྲོ་གླེང་མང་པོ་བྱུང་སོང༌། ང་ཚོས་གཞིས་ཆགས་ཁག་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་ངོས་འཛིན་བྱུང་ཐུབ་པ་ཡིན་ན། དེར་ཁ་གསབ་ཇི་ལྟར་བྱ་དགོས་མིན་གསལ་བོ་ཆགས་རྒྱུ་རེད་བསམ་ཡོད། ཡིན་ནའང༌། དེའི་ཐོག་གྲོས་ཆོད་དང་གནད་དོན་ངོས་འཛིན་དེ་འདྲ་གང་ཡང་བྱུང་མ་སོང༌། སྤྱིར་བཏང་དྲུག་བཅུ་རེ་གྲངས་ནས་བཟུང་ད་བར་གཞིས་ཆགས་ཁག་གི་འཚོ་བའི་ཆ་རྐྱེན་དང༌། གནས་བབ་སོགས་གང་འཚམས་ཡག་པོ་བྱུང་ཡོད་པ་རེད། འོན་ཀྱང༌། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དཔལ་འབྱོར་གྱི་དར་རྒུད་ལ་བརྟེན་ཏེ། མི་ཚང་མ་འགྱུར་བཞིན་ཡོད་པ་རེད། དཔེར་ན། གཞི་ཆགས་ཁག་གི་གཞོན་སྐྱེས་ལས་ཀ་བྱེད་ཐུབ་མཁན་རིགས་ཕྱི་རྒྱལ་དང༌། ཡང་ན་རྒྱ་གར་ནང་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་དག་ཏུ་ཕྱིན་ཏེ་ལས་ཀ་བྱེད་ཀྱིན་ཡོད་སྟབས། གཞིས་ཆགས་ནང་ལྷག་པ་ནི་རྒན་རྒོན་དང་སློབ་མ་ཚོ་རེད། ཁོང་ཚོས་རང་གི་གཞིས་ཆགས་དེ་སྲ་བརྟན་དང་དྲོད་ཁོལ་ལྡན་པ་ཞིག་བཟོ་འདོད་ཡོད་ཀྱང་ནུས་པས་ལྕོགས་ཀྱིན་ཡོད་པ་མ་རེད། ང་རང་གི་བསམ་པར་གཞིས་ཆགས་ཁག་ཉམས་ཆག་ཏུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ། གཞིས་ཆགས་ཁག་གི་གཞོན་སྐྱེས་ཚོ་ཕྱི་རྒྱལ་ལ་སོང་སྟེ་ཕྱིར་ཡོང་གིན་མེད་པ་དེ་རེད་དྲན་ཡོད། གཞན། གཞིས་ཆགས་ཁག་སྲ་བརྟན་ཡོང་ཆེད་མཉམ་ལས་དེ་དག་ཚགས་ཚུད་པོ་བཟོ་རྒྱུ་གལ་ཆེན་རེད། གཞིས་ཆགས་མི་མང་གི་ངོས་ནས་ཀྱང་མཉམ་ལས་དེ་སོ་སོའི་ནང་ལྟར་བདག་སྐྱོང་བྱས་ཏེ། ལས་ཀ་བྱེད་པ་ཡིན་ན་མི་དམངས་ཀྱི་འཚོ་གནས་དགོས་མཁོ་བསྐང་ཐུབ་རྒྱུ་རེད་ལ། གཞིས་ཆགས་སྲ་བརྟན་ཡོང་བའི་རྨང་གཞིའང་རང་བཞིན་གྱིས་ཆགས་བསྡད་ཡོད། དེ་བཞིན་སོ་ནམ་ཞིང་ལས་ཀྱང་དེར་མཚུངས་རེད། འོན་ཀྱང༌། སྔོན་མ་ནང་བཞིན་སོ་ནམ་ཞིང་ལས་ལ་གཞོན་སྐྱེས་ཚོས་ཤུགས་རྒྱག་ཐུབ་ཀྱིན་ཡོད་པ་མ་རེད། སོ་ནམ་ཞིང་ལས་ལ་ཤུགས་རྒྱག་མ་ཐུབ་ཀྱང༌། མཉམ་ལས་ནང་ལས་ཀ་འདྲ་མིན་ཡོད་སྟབས། དེར་ཤུགས་རྒྱག་ཐུབ་ན་ཏན་ཏན་གཞིས་ཆགས་སྲ་བརྟན་དང་མི་དམངས་ཀྱི་འཚོ་གནས་ཡར་རྒྱས་ཡོང་བར་ཡིད་ཆེས་ཡོད། ཅེས་གསུངས་སོང༌།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ། ཐེངས་འདིའི་གྲོས་ཚོགས་ཐོག བོད་གཞུང་ཆོས་དོན་ལྷན་ཁང་གི་གོང་དུ་ཆོས་དོན་ལྷན་ཚོགས་ཞུ་བ་ཞིག་འཛུགས་རྒྱུ་གཏན་འབེབས་བྱུང་ཡོད་པ་རེད། གལ་སྲིད་ཆོས་དོན་ལྷན་ཚོགས་དེ་བཙུགས་པ་ཡིན་ན། ལྷན་ཚོགས་དེའི་ངོ་བོ་དང་དབང་ཚད། ནུས་པ་སོགས་ད་ལྟའི་ཆོས་དོན་ལས་ཁུངས་ལས་ལྷག་པ་ཞིག་ཡོང་ཐུབ་མིན་དྲིས་པར་ཁོང་གིས་བརྗོད་དོན། ད་ཐེངས་གྲོས་ཚོགས་ནང་ཆོས་དོན་བཀའ་བློན་གྱིས་དེར་འགྲེལ་བཤད་གསུངས་པའི་སྐབས་སུ། ཆོས་དོན་ལྷན་ཚོགས་འཛུགས་རྒྱུ་དེར་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་ཀྱང་ཆོག་ལ། མ་བྱས་ཀྱང་ཆོག གང་ལྟར། བཀའ་ཤག་གིས་ལག་ལེན་བསྟར་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད། གྲོས་ཚོགས་ཀྱིས་ཐག་གཅོད་བྱས་ཀྱང༌། མ་བྱས་ཀྱང་བཀའ་ཤག་གིས་ལག་ལེན་བསྟར་རྒྱུ་ཡིན་ན། གྲོས་གཞི་དེ་གྲོས་ཚོགས་ནང་བསྣམས་དགོས་དོན་ཡོད་པ་མ་རེད། ཅེས་སྐབས་དེར་ངས་གྲོས་ཚོགས་ནང་བཤད་པ་ཡིན། བཀའ་ཤག་སྐབས་བཅུ་གཉིས་པའི་ཟམ་གདོང་རིན་པོ་ཆེའི་དགོངས་འཆར་ནང༌། ཆོས་དོན་ལས་ཁུངས་ཀྱི་ལས་ཀའི་ངོ་བོར་འགྱུར་བ་གཏོང་རྒྱུ་ཞིག་ཡོད་པ་རེད། སྔར་གྱི་ཟམ་གདོང་རིན་པོ་ཆེའི་དགོངས་གཞི་དང༌། ཐེངས་འདིར་གཏན་འབེབས་བྱུང་བའི་ཆོས་དོན་ལྷན་ཚོགས་གཉིས་བར་ཁྱད་པར་ཤུགས་ཆེན་པོ་ཞིག་མཐོང་གིན་ཡོད། སྔོན་མ་ཆོས་དོན་ལས་ཁུངས་ཀྱི་ལས་ཀའི་ངོ་བོ་དེ་ཞབས་བརྟན་ཁང་འདྲ་བོ་ཞིག་མ་གཏོགས་མི་འདུག དེར་འགྱུར་བ་གཏོང་དགོས་ཀྱིན་འདུག་ཅེས་གསུངས་ཡོད། ཐེངས་འདིའི་ཆོས་དོན་ལྷན་ཚོགས་དེ་ཆོས་དོན་ལས་ཁུངས་རང་འཇགས་བཞག་སྟེ། ཆོས་དོན་ལས་ཁུངས་ཀྱི་སྒང་དུ་འཛུགས་རྒྱུ་བྱས་ཡོད་སྟབས། ཕྱག་ལས་གནང་སྟངས་དང་དམིགས་ཡུལ་བསྒྲུབ་སྟངས་སོགས་ཆོས་དོན་ལས་ཁུངས་ལས་ལྷག་པ་ཞིག་བསྒྲུབ་རྒྱུ་ཨེ་ཡོད་བསམ་གྱིན་འདུག ང་ཚོའི་སྤྱི་ཚོགས་ནང་ལྷན་ཚོགས་དེ་འདྲ་དགོས་མིན་དྲི་བ་ཆེན་པོ་ཞིག་རེད། འཆར་གཞི་དེ་འདྲ་གཏན་འབེབས་བྱས་ཀྱང༌། སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་མེད་ད་དུང་དོགས་པ་རེད། གྲོས་ཚོགས་ནང་ཆོས་དོན་ལྷན་ཚོགས་འདི་འདྲ་འཛུགས་དགོས་དོན་མི་འདུག་ཟེར་མཁན་ཡང་རེ་ཟུང་བྱུང་ཡོད། ད་དུང་ཇོ་ནང་དང་འབྲེལ་བ་ཡོད་པའི་ཐོག་ཆོས་དོན་ལས་ཁུངས་ཀྱིས་ཚོགས་ཆུང་ཞིག་ཀྱང་བཙུགས་ཡོད། ཚོགས་ཆུང་དེའི་སྙན་ཐོ་དང་ལས་དོན་ད་དུང་མཇུག་བསྡུས་ཡོད་པ་མ་རེད། དེ་མཇུག་མ་བསྡུས་པའི་སྔོན་ལ། འདི་ལྟར་ཆོས་དོན་ལྷན་ཚོགས་འཛུགས་རྒྱུ་གཏན་འབེབས་བྱས་པ་ཡིན་ན། ཏག་ཏག་ཅིག་ཡོད་མེད་ང་ལ་དོགས་པ་ཡོད། ཅེས་གསུངས་སོང༌།
སྤྱི་འཐུས་པད་མ་འབྱུང་གནས་ལགས་སུ། ཐེངས་འདིའི་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ཕྱི་ལོ་ ༢༠༠༩ ནས ༢༠༡༠ བར་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གྱི་འགྲོ་སོང་དང༌། ཡོང་ཁུངས་སྐོར་ཡིན་ལ། སྐུ་ཉིད་སྔོན་རྩིས་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་ཡིན་སྟབས། ལོ་སྔོན་མ་དག་དང་བསྡུར་ན་ད་ལོའི་དཔལ་འབྱོར་གྱི་གནས་སྟངས་གང་འདྲ་ཆགས་ཡོད་པ་དང༌། འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཆེན་མོ་འདིས་བཙན་བྱོལ་བོད་མིའི་དཔལ་འབྱོར་གནས་བབ་ལ་ཤུགས་རྐྱེན་ཐེབས་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཁག་གསུམ་ཙམ་ཆགས་ཡོད། དང་པོ། ྋགོང་ས་མཆོག་གིས་དུས་རྒྱུན་གསོལ་རས་གནང་གིན་ཡོད་པ་ཞིག་དང༌། གཉིས་པ། དང་བླངས་དཔྱ་དངུལ་དེ་བོད་གཞུང་གི་དངུལ་གྱི་ཡོང་ཁུངས་གལ་ཆེན་ཞིག་ཆགས་ཡོད། གསུམ་པ། རྒྱལ་ཁབ་འདྲ་མིན་གྱི་གཞུང་སྒེར་རོགས་དངུལ་ཁག་བཅས་ཡིན། རྒྱལ་ཁབ་གཞན་པ་ནང་བཞིན་བོད་གཞུང་གི་དཔལ་འབྱོར་ཡོང་འབབ་དེ་ཚོང་ལས་དང་བཟོ་གྲྭ་དེ་འདྲ་ཡོད་པ་མ་རེད། འོན་ཀྱང༌། ཕྱིའི་རོགས་རམ་གྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ཏེ། ལོ་སྔོན་མ་དང་བསྡུར་ན་དཔལ་འབྱོར་གྱི་གནས་བབ་ཡག་ཏུ་འགྲོ་ཡོད་པ་རེད། གང་ཡིན་ཟེར་ན། ༢༠༠༧ དང་ ༢༠༠༨ གཉིས་ཀྱི་དཔལ་འབྱོར་ཡོང་འབབ་དང་འགྲོ་སོང་གཉིས་ལས་ཡོང་འབབ་མང་བ་ཆགས་ཡོད། ༢༠༠༩ དང་ ༢༠༡༠ བར་གྱི་སྔོན་རྩིས་ལ་ཚོད་དཔག་བྱས་པ་ལྟར་ན། ཡོང་འབབ་དང་འགྲོ་སོང་གཉིས་འདྲ་མཉམ་ཆགས་འདུག ཡིན་ནའང༌། དེ་དག་ཚང་མ་ཚོད་དཔག་བྱས་པ་ཙམ་རེད། དངོས་ཡོད་གནས་ཚུལ་ལོ་རྗེས་མའི་ཟླ་ ༣ ཡས་མས་སུ་གསལ་བོ་ཆགས་ཡོང་གི་རེད། འཛམ་གླིང་གི་དཔལ་འབྱོར་གྱི་ཉམས་རྒུད་ཆེན་མོ་འདིས་བཙན་བྱོལ་བོད་མིའི་དཔལ་འབྱོར་གནས་བབ་ལ་ཤུགས་རྐྱེན་ཐེབས་སྲིད་དམ་ཞེས་ན། དེའི་ཐད་ང་ཚོ་ཚོད་དཔག་ཚོགས་ཆུང་གིས་ཀྱང་བཀའ་ཤག་ལ་བཀའ་འདྲི་བྱས་པ་ཡིན། སྐབས་དེར་འཛིན་སྐྱོང་བཀའ་ཤག་གིས། སྟབས་ལེགས་པ་ཞིག་ལ་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་ཡོང་ཁུངས་དེ་ཚོང་ལས་ལ་བརྟེན་མི་དགོས་སྟབས། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ཡང༌། ང་ཚོའི་དཔལ་འབྱོར་གྱི་གནས་བབ་ལ་ཤུགས་རྐྱེན་དེ་ཙམ་འགྲོ་བ་མ་རེད་སྙམ། འོན་ཀྱང༌། ཕྱི་རྒྱལ་རོགས་ཚོགས་ཁག་ལས་རེ་ཟུང་གིས་རོགས་དངུལ་ཕྱིར་འཐེན་བྱ་མི་སྲིད་པ་མ་རེད། གལ་སྲིད་དེ་འདྲ་བྱུང་ན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཐབས་ལམ་གཞན་འཚོལ་རྒྱུ་རེད་ཅེས་བཀའ་ལན་གནང་ཡོད། ཅེས་གསུངས་སོང༌།