མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    ད་ཉིན་གསུམ་བཅུའི་དུས་དྲན་དང༌། རང་རེ་བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་བཞག་སྟེ་ཕྱི་རྒྱལ་ས་ཐོག་ཏུ་འབྱོར་ནས་མི་ལོ་ཉེར་ལྔ་སོང་བའི་དུས་ཚིགས་ཆེན་མོ་ཞིག་གི་དུས་དྲན་ཡང་ཆབས་ཅིག་ཏུ་འཁེལ་བའི་སྐབས་འདིར། ངས་གཞིས་བྱེས་བོད་མི་རྣམས་ལ་མཛའ་བརྩེའི་ལྷག་བསམ་བཅོས་མིན་གྱི་འཚམས་འདྲི་བྱེད་པ་དང་ཆབས་ཅིག བསྟན་སྲིད་མི་རིགས་སྤྱི་དོན་དུ་ལུས་སྲོག་ཡལ་བར་དོར་བའི་རང་རིགས་རྣམས་ཀྱི་ཆེད་བསླུ་མེད་མཆོག་གསུམ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་ཡིན།

    ང་ཚོ་ཕྱི་རྒྱལ་ས་ཐོག་ཏུ་འབྱོར་ནས་མི་ལོ་ཉེར་ལྔ་སོང་བའི་དུས་རིང་གི་གནས་ཚུལ་ལ་ཕྱི་མིག་ཅིག་བལྟས་ན། ང་ཚོ་བོད་མི་བཙན་བྱོལ་བ་སྟོང་ཕྲག་བརྒྱ་ལྷག་ཙམ་ཡོད་པ་འདི་དག་རྒྱལ་སྤྱིའི་ནང་གི་བཙན་བྱོལ་བ་གཞན་དག་གི་གྲངས་འབོར་དང་བསྡུར་ན། ང་ཚོའི་མི་གྲངས་མང་པོ་མིན་ཡང༌། བོད་མི་རྣམས་གཙོ་བོའི་གནས་ཡུལ་རྒྱ་གར་མི་གྲངས་དུང་ཕྱུར་མང་པོའི་ཁྲོད་དུ་ཁ་འཐོར་བྱེ་མ་ཆུ་སིམ་ལྟ་བུར་སོང་བ་མ་ཡིན་པར། བོད་མི་སྟོང་ཕྲག་འགའ་ཤས་སྡེ་ཁག་སྡེ་ཁག་ཏུ་བྱས་ནས་སྒྲིག་འཛུགས་གོང་བུའི་རྣམ་པ་གཅིག་གྱུར་དུ་གནས་ཡོད་པ་དང༌། དེ་ཡང་བོད་མི་ཕལ་མོ་ཆེ་རྒྱ་གར་དང༌། བལ་འབྲུག་ནང་སོ་ནམ་ཞིང་ལས་ལ་བརྟེན་ནས་གཞིས་ཆགས་བྱས། གང་འཚམས་ཤིག་ནི་ལག་ཤེས་ལས་རིགས་སྣ་ཚོགས་དང་ཚོང་འཁོས་ལ་བརྟེན་ནས་གནས་ཡོད།

    དེ་མིན་ཕྱི་རྒྱལ་ཡུལ་ཁག་སུམ་ཅུའི་ནང་བོད་མི་སྟོང་ཕྲག་གཉིས་གསུམ་བར་ཡུལ་མི་སྤྱི་མཚུངས་ཀྱི་འཚོ་ཐབས་ལ་སྤྱོད་བཞིན་དུ་ཡོད། བུ་ཕྲུག་གཞོན་སྐྱེས་རྣམས་ལ་བོད་ཡིག་གཙོ་གྱུར་མི་རིགས་རང་ཉིད་ཀྱི་རིག་གཞུང་རྣམས་སློབ་སྦྱོང་སྤྲོད་པ་དང་ཆབས་ཅིག དེང་དུས་རིག་གསར་གྱི་ཤེས་ཡོན་ཁག་ཀྱང་སློབ་སྦྱོངས་སྤྲད་ནས་ད་ཆ་བོད་རིགས་ན་གཞོན་ཁག་གཅིག་རྒྱལ་སྤྱིའི་ནང་དེང་རབས་ཡར་ཐོན་ཅན་གྱི་མི་རིགས་ན་གཞོན་གཞན་དག་དང་ཤེས་ཡོན་གནས་ཚད་འདྲ་མཉམ་གྱི་གདན་གྲལ་འཛིན་ཐུབ་པ་བྱུང་ཡོད། ལྷག་པར་དུ་ཆོས་དང་རིག་གཞུང་གི་ཆ་ནས་བཤད་ན། མི་ལོ་སྟོང་ཕྲག་གོང་དུས་རྒྱ་གར་ནས་བོད་དུ་དར་བའི་སྟོན་པ་སངས་རྒྱས་ཀྱི་ཆོས་ཚུལ་ཐེག་པ་ཆེ་ཆུང་སྔགས་བཅས་ཆ་ཚང་བ་དང༌། དེ་དང་འབྲེལ་བའི་རིག་གཞུང་བཟང་པོ་རྣམས་ལ་མི་རབས་ནས་མི་རབས་སྦྲེལ་ཏེ་སློབ་གཉེར་དང༌། ཉམས་ལེན། བདག་གཅེས་བྱས་ཏེ་བོད་ནང་ཉར་ཚགས་བྱས་ཡོད་པ་རྣམས་བར་ལམ་ཉམས་ཆག་གཏོར་བརླག་སྔར་མི་གྲགས་པ་བྱུང་ན་ཡང༌། ང་ཚོ་བོད་ཀྱི་ཕྱི་རོལ་དུ་སླེབས་པ་ཚོས་འབད་རྩོལ་དོན་གཉེར་ཆེན་པོས་རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པའི་གསུང་རབ་གང་ན་ཅི་བཞུགས་གསོག་སྒྲུབ་དང་དཔར་བསྐྲུན་བདག་གཉེར། སློབ་སྦྱོང་ཉམས་ལེན་བྱེད་སའི་བསྟི་གནས་བཤད་གྲྭ་སྒྲུབ་གྲྭ་ཁག་མང་གསར་འཛུགས། དེ་དག་གི་ནང་ན་གཞོན་དོན་གཉེར་ཅན་རྣམས་ལ་མདོ་སྔགས་ཆོས་བརྒྱུད་རིག་གཞུང་དང་བཅས་པ་སློབ་འཁྲིད་འཆད་སྤེལ་བྱས་ཏེ་ད་ཆ་ྋརྒྱལ་བའི་བསྟན་པ་ས་སྟེང་འདིར་མི་ནུབ་རྒྱུན་སྐྱོང་ཐུབ་ངེས་ཀྱི་གཞི་རྩ་བརྟན་པོ་ཚུགས་ཡོད་པས་མ་ཚད། སྔར་ཕན་ནང་ཆོས་མ་དར་བའི་འཛམ་གླིང་ཡུལ་ཁག་མང་པོའི་ནང་དུ་ཡང་སངས་རྒྱས་ཀྱི་ཆོས་ཚུལ་སློབ་གཉེར་བྱེད་སའི་བསྟི་གནས་བརྒྱ་ཕྲག་བརྒལ་བ་ཚུགས་ཏེ་འཛམ་གླིང་ཡར་ཐོན་ཤེས་ལྡན་གཟུར་གནས་མི་རིགས་མང་པོས་དོན་གཉེར་སྦྱངས་བརྩོན་ཉམས་ལེན་རྒྱ་ཆེར་བྱེད་བཞིན་པ་རེད།

    དེ་བཞིན་བོད་མིའི་རང་དབང་འཐབ་རྩོད་ཀྱི་རྩ་དོན་ལ་མཚོན་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་འབོད་སྔ་ཕྱིར་བྱས་ཏེ་རྒྱལ་ཚོགས་ནང་བོད་དོན་སྐོར་གྲོས་ཆོད་ཐེངས་གསུམ་བཞག་ཡོད་པ་དང༌། དེ་འབྲེལ་བོད་མི་རིགས་དང༌། དེའི་སྐད་ཡིག གོམས་གཤིས། ཆོས་དང་རིག་གཞུང༌། ཆབ་སྲིད་དཔལ་འབྱོར་གྱི་གནས་སྟངས་སོགས་སྒོ་ཀུན་ནས་རྒྱ་མི་རིགས་ལས་ཤིན་ཏུ་ཐ་དད་ཡིན་པ་དང༌། བོད་ནི་མི་ལོ་སྟོང་ཕྲག་བརྒལ་བའི་རྒྱལ་རབས་ལོ་རྒྱུས་ཁུངས་དག་ཡོད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གནས་ལུགས་ད་ཆ་འཛམ་གླིང་ཁྱོན་གྱི་རྒྱ་ཆེའི་མི་མང་ནས་ཤེས་རྟོགས་ཇེ་གསལ་དང༌། དྲང་བདེན་ལ་རྒྱབ་སྐྱོར་དགའ་ཞེན་ཇེ་ཆེར་འགྲོ་བཞིན་པ་རེད།

    གོང་དུ་རགས་ཙམ་སྨོས་པའི་ལས་དོན་དེ་དག་འགྲུབ་པའི་ཆ་རྐྱེན་གཙོ་བོ་ནི། རྒྱ་གར་གཞུང་དང༌། མི་མང་ནས་ཧིན་བོད་དབར་མི་ལོ་སྟོང་ཕྲག་བརྒལ་བའི་དུས་རིང་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་ཆེས་ཟབ་མོ་ཡོད་པའི་ལར་རྒྱ་ཕྱི་ཐག་མ་བོར་བར་ལྷག་བསམ་ཆེན་པོའི་རོགས་རམ་རྒྱ་ཆེ་གནང་བ་དང༌། དེ་བཞིན་དུ་རྒྱལ་སྤྱིའི་ནང་གི་རོགས་རམ་ཚོགས་པ་ཁག བྱམས་སེམས་ཅན་གྱི་སྒེར་མི་མང་པོ། ཞི་བདེ་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང༌། སྲིད་དོན་མཁས་པ་ཁག་བཅས་ནས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་དང༌། མི་དང་མིའི་དབར་བྱམས་བརྩེའི་འདུ་ཤེས་ཀྱིས་དྲངས་པའི་རོགས་རམ་སློབ་སྟོན་གནང་བའི་བཀྲིན་ལས་བྱུངབ་ཡིན་ན། ད་རེས་ལོ་ཉེར་ལྔའི་དུས་ཚིགས་ཀྱི་སྐབས་འདིར། ང་ཚོར་རོགས་རམ་གནང་མཁན་གོང་གསལ་རྣམས་ཀྱི་བཀྲིན་རྗེས་སུ་དྲན་པའི་སྒོ་ནས་ངས་གཞིས་བྱེས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་རབས་ཉི་ཤུ་པ་འདིའི་ནང་ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དཀའ་སྡུག་ཚད་མེད་པ་ཞིག་མྱོང་དགོས་བྱུང་བའི་དུས་སྐབས་འདིར། རྒྱ་གར་གཞུང་གིས་མཚོན་འཛམ་གླིང་ཁྱོན་གྱི་རྒྱ་ཆེའི་མི་མང་ནས་ང་ཚོར་ཤ་ཚའི་རྒྱབ་སྐྱོར་རོགས་རམ་འདི་ལྟ་བུ་གནང་བ་ནི་འཛམ་གླིང་གི་རྒྱལ་རབས་ལོ་རྒྱུས་སུ་འཁོད་དེ་ཡུན་ནས་ཡུན་དུ་མ་བརྗེད་མི་ནུབ་པར་གནས་རྒྱུ་རེད།

    ཡར་རྒྱས་ཆེ་ཆུང་དང༌། དཔལ་འབྱོར་བཟང་ཞན་ལ་མ་ལྟོས་པར་འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་རྣམས་དང༌། ཡུལ་སྡེ་ཕན་ཚུན། གྲོང་པ་ཁྱིམ་མཚེས། མདོར་ན་ལས་གྲྭའམ། ཁྱིམ་ཚང་གཅིག་གི་ནང་མི་ཚུན་ཆད། མིའི་རིགས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་འཚོ་ཞིང་གནས་དགོས་པ་དང༌། ཐམས་ཅད་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་བསམ་ཚུལ་གཅིག་གྱུར་ཡིན་པ་བཅས་ཤེས་རྟོགས་གསལ་པོ་ཐུབ་པ་བྱས་ཏེ། མི་དང་མིའི་བར་ལ་ཕན་ཚུན་བྱམས་པ་དང་བརྩེ་བའི་བསམ་ཚུལ་འཛིན་པ་དང༌། དྲང་བདེན་རྩ་བར་བཟུང་བའི་ཉན་ཤེས་གོ་ཤེས་བཅས་བྱས་ན། ཆེ་ས་རྒྱལ་སྤྱིའི་ནང་གི་དཀའ་རྙོག་ནས། ཆུང་ས་ཁྱིམ་ཚང་གཅིག་ནང་གི་དཀའ་རྙོག་ཐམས་ཅད་ངང་གིས་སེལ་ཏེ་གཞི་ནས་མིརྣམས་ཞི་བདེ་བག་ཕེབས་སུ་གནས་ཐུབ་པའི་རེ་བ་ཡོད། ངང་ཚུལ་དེ་ལས་ལྡོག་སྟེ་རང་རྒྱལ་གཞན་ཕམ་དང༌། མཐོ་གནོན་ཕྲག་དོག་ཁོ་ནའི་འདོད་ཚུལ་བཟུང་ན། འཛམ་གླིང་སྤྱི་དང་བྱེ་བྲག་ཚང་མར་ཞི་བདེ་བག་ཕེབས་ནམ་ཡང་འབྱུང་མི་ཐུབ་པས། མི་དང་མིའི་བར་ཕན་ཚུན་བྱམས་བརྩེའི་འབྲེལ་བ་དམ་ཟབ་བྱེད་རྒྱུ་དེ་མིའི་རིགས་སྤྱིའི་བདེ་རྩར་ཧ་ཅང་དགོས་གལ་ཆེན་པོར་མཐོང་གི་འདུག

    ཉེ་བའི་ལོ་བཞི་ལྔ་ཚུན་བོད་ནང་གི་གནས་སྟངས་བརྗོད་ན། བར་ལམ་མི་ལོ་ཉི་ཤུ་ཙམ་གྱི་རིང་ནག་མེད་བོད་མི་མང་པོ་བཙོན་འཇུག་བྱས་པ་ཕལ་མོ་ཆེ་གློད་བཀྲོལ་བཏང་བ་དང༌། བོད་ཕྱི་ནང་དབར་འགྲིམས་འགྲུལ་འགྲོ་འོང་གི་གོ་སྐབས་བྱུང་ནས་མ་ཤི་གསོན་བྲལ་དུ་གྱུར་པའི་ཕ་མ་བུ་ཕྲུག་གཉེན་གྲོགས་སོགས་ཐུག་འཕྲད་ཐུབ་པ། སོ་ནམ་འབྲོག་ལས་ཀྱི་འགན་གཙང་ཁྱིམ་དུད་སོ་སོར་སྤྲད་པའི་ཐོག ཞོར་ལས་ཐོན་སྐྱེད་དང༌། ཉོ་ཚོང་ཐབས་ཤེས་བྱེད་རྒྱུའི་གོ་སྐབས་སྤྲད་པ་ལ་བརྟེན་ནས། ལྷ་ས་གཙོ་གྱུར་ཡུལ་གྲོང་འགའ་ཤས་ལ་མང་ཚོགས་ཀྱི་ཟས་གོས་གནས་སྟངས་ཅུང་ཟད་དྲག་ཏུ་ཕྱིན་པ༑ བར་ལམ་བོད་ཡིག་གི་བརྡ་དག་ཡོངས་རྫོགས་བདལ་བཤིགས་བཏང་བ་སླར་གསོའི་ཐོག བོད་ཡིག་གི་རྩོམ་བྲིས་རིགས་དཔར་བསྐྲུན་བྱེད་པ། མཚམས་ཚིགས་མེད་པའི་ངལ་རྩོལ་ལ་འར་འདེད་ཉུང་དུ་སོང་ནས་མང་ཚོགས་ལ་དབུགས་ངལ་གསོ་བའི་གོ་སྐབས་ཕྲན་བུ་ཐོབ་པ་བཅས་བྱུང་ཡོད། གཏོར་བཤིགས་བཏང་བའི་དགོན་པ་འགའ་ཤས་ཉམས་གསོ་བྱས་ཏེ་ཆོས་དད་རང་མོས་ཡིན་ཞེས་འུར་སྒྲོག་བྱེད་བཞིན་དུ་ཡོད་ཀྱང༌། དགོན་པའི་ནང་གྲྭ་པ་རྒྱུན་སྡོད་ཐོག་ཆོས་ཀྱི་འཆད་ཉན་དང༌། སློབ་སྦྱོངས་ཉམས་ལེན་བྱེད་པ་ལ་འགོག་རྐྱེན་སྣ་མང་གནས་བཞིན་པ་རེད།

    དེ་བཞིན་དུ་བོད་ཡིག་གི་གནས་ཚུལ་ལ་མཚོན་ན། བོད་ཡིག་ཐོག་སྤྱིར་བཏང་སྒྲུང་གཏམ་ལོ་རྒྱུས་འདྲ་རྩོམ་བྲིས་དཔར་བསྐྲུན་བྱེད་པ་ཙམ་ལས། བོད་ཡིག་གིས་བོད་མིའི་ཆབ་སྲིད་དཔལ་འབྱོར་སོགས་ཡུལ་ལུང་འཛིན་སྐྱོང་གི་ལས་དོན་བྱེད་པའི་གོ་སྐབས་ད་དུང་མ་ཐོབ་པར་སྐད་ཡིག་གཞན་ཞིག་བེད་སྤྱོད་བྱེད་བཞིན་པ་རེད། གནས་ཚུལ་དེ་དག་གིས་བོད་ཡུལ་གྱི་སྲིད་དབང་བོད་ཡིག་མི་ཤེས་མཁན་གྱི་མི་རིགས་གཞན་ཞིག་གིས་འཛིན་གྱི་ཡོད་པའི་རྟགས་མཚན་གསལ་པོར་བསྟན་གྱི་ཡོད་པས་མ་ཚད། ཆོས་དད་རང་མོས་ཟེར་བ་དང༌། མི་རིགས་རང་སྐྱོང་ཟེར་བའི་སྐད་ཆ་འདྲ་ཆགས་པོ་དེ་ཚོ་དངོས་དོན་ཐོག་མིང་ཚིག་སྐམ་པོ་ཞིག་རང་ཡིན་པ་གསལ་པོར་མཚོན་པ་རེད།

    ད་དུང་ཉེ་བའི་ཆར་གནས་ཚུལ་གཞན་ཞིག་ལྷགས་པ་ནི། ཉེས་དོན་ཉེས་གསོག་གི་བྱ་སྤྱོད་ལ་བརྡུང་བརྡེག་ནན་པོ་གཏོང་དགོས་ཞེས་ནག་ཉེས་ཡོད་མེད་སྣ་ཚོགས་པའི་མི་སྟོང་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་བྱེད་པ་དང༌། སྡུག་སྦྱོང་ངལ་རྩོལ་དུ་གཏོང་བ། ངོ་ལྐོག་ཅི་རིགས་ཀྱི་སྒོ་ནས་དམར་གསོད་གཏོང་བའི་ལས་འགུལ་གདུག་རྩུབ་ཅན་ཞིག་བསླངས་པ་དེས་མི་རྣམས་སླར་ཡང་བློ་བག་མི་ཕེབས་པར་དངངས་སྐྲག་ཆེན་པོའི་འོག་གནས་དགོས་པ་ཞིག་ཆགས་པ་རེད། ལག་ཏུ་མཚོན་ཆ་ཡོད་པའི་བློ་བཤེད་ཀྱིས་མིའི་ལུས་སྲོག་ལ་ཕངས་མེད་ལག་རྩེད་བྱེད་པའི་གདུག་རྩུབ་ཀྱི་སྤྱོད་ཚུལ་དེས་མིའི་བློ་སེམས་དབང་བསྒྱུར་མི་ཐུབ་ལ། མི་དང་མིའི་དབར་མཛའ་མཐུན་མཉམ་འགྲོགས་ཡོང་བ་ལ་ཡང་ཕན་ཐོགས་འབྱུང་མི་ཐུབ། ད་ལྟ་ཕན་བོད་མི་དམག་ཐོག་བསད་པ་དང༌། ཁྲིམས་ཐོག་བསད་པ། ལྟོགས་ཤིར་བཏང་བ། སྡུག་ཤིར་བཏང་བ། སྡུག་སྦྱོངས་མ་བཟོད་པར་རང་སྲོག་བཅད་པ་བཅས་བསྡོམས་ན་མི་གྲངས་འབུམ་ཕྲག་བཅུ་ཙམ་ཟིན་ཡོད་ཀྱང༌། དེས་ཕན་ཐོགས་གང་བྱུང་སོང་ངམ།

    མི་རྣམས་ལ་མེད་དུ་མི་རུང་བའི་འཚོ་ཐབས་འགྲིགས་ངེས་ཡོང་བ་དང༌། ཤེས་ཡོན་སློབ་གཉེར་འདོད་ཁེངས་བྱེད་ཐུབ་པ༑ རང་རང་གི་བསམ་འདུན་སྒྲུབ་པའི་གོ་སྐབས་བཅས་བྱུང་ན། རིམ་པས་ཕན་ཚུན་གཅིག་ཡིད་གཅིག་ཆེས་དང༌། ཕན་ཚུན་མཛའ་མཐུན་མཉམ་འགྲོགས་ཐུབ་པ་ཞིག་འབྱུང་ངེས། གལ་ཏེ་ཡུལ་ནང་ལྟ་སྤྱོད་མི་མཐུན་པའི་མི་ཡོད་ན་དེ་གྲས་ཡུལ་ནས་ཕྱིར་འབུད་བྱས་པས་མི་འགྲིགས་པ་གང་ཡོད་དམ། གང་ལྟར་ཡང་གཞིས་བྱེས་བོད་མི་རྣམས་ནས་ཅལ་འདྲོགས་དང༌། འཇིགས་ཞུམ་སྤངས་ཏེ་དངོས་ཡོད་གནས་ཚུལ་ངོ་མར་ཞིབ་བརྟག་ཐོག རྒྱལ་སྤྱིའི་ནང་གི་མི་རིགས་གཞན་དག་དང་འདྲ་བར་ང་ཚོ་བོད་མི་རིགས་ལ་འོས་བབས་ཐོབ་ཐང་ཡོད་ངེས་བོད་ཡུལ་བོད་མིས་འཛིན་སྐྱོང་ཅི་བདེར་བྱེད་པའི་ཁེ་དབང་སླར་གསོའི་དོན་དུ་ལྷག་བསམ་འབད་བརྩོན་ཆེ་བསྐྱེད་བྱེད་དགོས། འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་མི་མཐུན་རྒྱུ་ཚོགས་ཅི་མཆིས་ཞི་ནས། འགྲོ་རྣམས་མཛའ་མཐུན་ཞི་བདེའི་དཔལ་ལ་སྤྱོད་པའི་སྨོན་འདུན་བཅས།།    །།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༢ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༣ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese