མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་བཞག་པ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

སྐུ་སྒེར་ཡིག་ཚང་ནས་རྒྱུ་མཚན་གཉིས་དྲངས་ཡོད་པ་དེར་ངོས་ལེན་བྱ་ཐབས་མི་འདུག

ཆོལ་གསུམ་ལོ་རྒྱུས་ཕྱོགས་སྒྲིག་གི་ལས་གཞི་མགོ་བཙུགས་ནས་ལོ་ངོ་དགུ་ཙམ་འགོར་གྱིན་ཡོད་པ་དང་། ད་ལྟའི་བར་དུ་ཡིག་ཆ་འཚོལ་སྡུད་བྱས་པ་དག་ཤོག་སྙིགས་ལ་འགྲོ་སྲིད་པར་སེམས་འཚབ་ཆེན་པོ་འདུག ཅེས་ལོ་རྒྱུས་ཕྱོགས་སྒྲིག་ཁང་འདིའི་འགན་འཛིན་འགུ་ལོག་དམ་ཆོས་དཔལ་བཟང་གིས་གསུངས་བྱུང་།

    ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་ཆོལ་གསུམ་ལོ་རྒྱུས་ཕྱོགས་སྒྲིག་གི་ལས་གཞི་མཚམས་དགོས་པའི་བཀའ་མངགས་པ་ལྟར། ལས་བྱེད་ཚོས་ཉིན་དེ་ནས་ལས་མཚམས་ཡོངས་སུ་བཞག་ཡོད་འདུག འདིའི་ཐད་ལོ་རྒྱུས་ཕྱོགས་སྒྲིག་གི་ལས་གཞིའི་འགན་འཛིན་འགུ་ལོག་དམ་ཆོས་དཔལ་བཟང་ལགས་ལ་བཀའ་འདྲི་ཞུས་སྐབས། ཁོང་གིས། ཆོལ་གསུམ་ལོ་རྒྱུས་ཀྱི་ལས་གཞིའི་རྨང་གཞི་བཏང་ནས་མི་ལོ་ ༩ ལྷག་འགོར་གྱིན་འདུག་ལ། རྒྱ་བལ་འབྲུག་གསུམ་དང་བོད། ཕྱི་རྒྱལ་ཁག་ཏུ་ཡིག་ཆ་ ༣༠༠ ལྷག་གི་ཁྲོད་ནས་རྒྱུ་ཆ་འཚོལ་སྡུད་དང་ཕྱོགས་སྒྲིག་བྱས་ཡོད་ལ། དེ་བཞིན་ས་ཕྱོགས་གང་སའི་རྒན་རབས་པ་ ༢༤༥ ལྷག་ལ་བཅར་འདྲི་བརྒྱུད་རྒྱུ་ཆ་འཚོལ་སྡུད་བྱས་ཡོད་པས། ད་ལྟའི་ཆར་ཕྱོགས་ཡོངས་ཀྱི་ཡིག་ཆ་བརྒྱ་ཆ་ ༧༠ ཙམ་འཚོལ་སྡུད་དང་ཕྱོགས་སྒྲིག་བྱས་ཡོད། དེའི་ཁྲོད་ནས་ད་ལྟ་དེབ་གཟིགས་སུ་དཔར་ཆོག་པ་དང་ཞུ་དག་རིམ་པ་དང་པོ་ཡང་སོང་ཚར་བ་གཅིག་ནི་བོད་ཆེན་པོའི་ཡིག་ཚང་དེབ་ཕྲེང་དང་པོ་དང་གཉིས་པ་གཉིས་ཡིན།  སྤྱི་ཟླ་ ༤ ཚེས་ ༣༠ ཉིན་གློ་བུར་དུ་སྐུ་སྒེར་ཡིག་ཚང་གིས་ཕྱག་འཕྲིན་ཞིག་འབྱོར་ཏེ་ལས་མཚམས་འཇོག་དགོས་གསུངས་འདུག ཅེས་གསུངས་བྱུང་།

    ལས་མཚམས་འཇོག་དགོས་པའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་སྐབས། ཁོང་གིས། ཡི་གེ་དེའི་ངོ་བཤུས་གསར་ལམ་ཁག་ལ་སྤྲད་ཀྱང་མ་འགྲིག་པ་མེད་མོད། ད་དུང་སྐུ་མདུན་ལ་དངོས་སུ་མཇལ་ཁ་ཞིག་མ་ཞུས་པར་སྤྲོད་ཐུབ་པ་མི་འདུག ཡིན་ཡང་སྐུ་སྒེར་ཡིག་ཚང་ནས་རྒྱུ་མཚན་བཀོད་ཡོད་པ་དེ་རྒྱུ་མཚན་ངེས་ཅན་ཞིག་ཡིན་པར་ངོས་ལེན་བྱ་ཐབས་མི་འདུག ལས་གཞི་འདི་ཐོག་མར་ང་རང་གིས་འགུ་ལོག་ལོ་རྒྱུས་བྲིས་ཏེ་སྐུ་སྒེར་ལ་ཕུལ་སྐབས། ༧གོང་ས་མཆོག་གིས་སྐུ་དངོས་སུ་ལས་གཞི་འདི་འདྲ་ཞིག་རྩོམ་པར་བཀའ་གནང་ཡོད་པ་མ་ཟད། དེ་རྗེས་ལོ་རྒྱུས་ཕྱོགས་སྒྲིག་འདི་དང་འབྲེལ་བའི་བགྲོ་གླེང་ཞིག་ཚོགས་སྐབས་ཀྱང་༧རྒྱལ་བ་རིན་པོ་ཆེ་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་སྐུ་དངོས་སུ་ཕེབས་ཡོད་པ་རེད། ང་རང་མ་གཞི་ནས་ལོ་རྒྱུས་འབྲི་མཁན་ཞིག་མ་རེད་ལ། འགུ་ལོག་ལོ་རྒྱུས་དེའི་ནང་དུ་ཡང་གནས་ཚུལ་གསལ་བོ་འབྱོར་མིན་དང་ཡིག་ཆ་རག་མིན་གྱིས་གནས་ཚུལ་ཁ་ཤས་ཏག་ཏག་ཅིག་ཆགས་ཡོད་པ་མ་རེད། ཡིན་ཡང་༧རྒྱལ་བ་རིན་པོ་ཆེ་སྐུ་དངོས་ཀྱིས་ལས་གཞི་འདི་འདྲ་ཞིག་རྩོམ་དགོས་པའི་བཀའ་གནང་དུས་མ་འཇོན་པ་མ་གཏོགས་ཤུགས་རྒྱག་དགོས་པ་དང་འགྱོད་པ་མེད་པ་ཞིག་བྱ་དགོས་བསམ་ཡོད་ལ། ལོ་འདི་དག་གི་ནང་དུ་ང་ཚོ་ས་ཆ་གང་དུ་མི་སྣ་འདྲ་མིན་གྱི་གམ་དུ་བཅར་བ་དང་ཡིག་ཆ་འཚོལ་སྡུད་བྱེད་སྐབས། སྐུ་སྒེར་ཡིག་ཚང་དང་དམིགས་བསལ་གྱིས་༧གོང་ས་མཆོག་གི་ཐུགས་རེ་དང་འགྲོ་གྲོན་ཆུད་ཟོས་ལ་མི་འགྲོ་ཆེད་རླངས་འཁོར་འབབ་ཚིགས་དང་མཁར་ཤུལ་སོགས་ནས་ཉལ་བ་ལས་མགྲོན་ཁང་གཅིག་གི་ནང་དུ་ཡང་བསྡད་མ་མྱོང་། ཡིན་ན་ཡང་གློ་བུར་དུ་ལས་མཚམས་འཇོད་དགོས་ཟེར་ན་སྐུ་སྒེར་ཡིག་ཚང་ལ་ཐུགས་ཁག་ཡོད་རྒྱུ་མ་རེད་དེ། ང་རང་གི་ངོས་ནས་ཀྱང་བློ་ཕམ་བྱུང་སོང་། ཞེས་གསུངས་བྱུང་།

    ཤེས་གསལ་ལྟར་ན་སྐུ་སྒེར་ཡིག་ཚང་གི་བཀའ་ཡིག་ནང་དུ་ལས་མཚམས་འདི་འཇོག་པར་རྒྱུ་མཚན་གཉིས་དྲངས་ཡོད་པ་སྟེ། མདོ་སྨད་ལོ་རྒྱུས་ཆེན་མོ་ཚད་དང་ལྡན་པ་ཞིག་ཧོར་གཙང་འཇིགས་མེད་ལགས་ཀྱིས་ལེགས་གྲུབ་བྱུང་ཡོད་པ་དང་། ད་ཕན་མི་སུས་ཀྱང་དེ་འདྲའི་ལོ་རྒྱུས་ཤིག་འབྲི་མི་ཐུབ་པའི་ཡིད་ཆེས་ཡོད་པ། དེ་བཞིན་སྐུ་སྒེར་ཡིག་ཚང་གིས་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་ཐད་འགྲོ་གྲོན་ཕོན་ཆེན་གཏོང་གི་ཡོད་པས་ཕྱག་དངུལ་གྱི་དཀའ་ངལ་ཡོད་པ་དགོངས་འཇགས་ཀྱིས་ཆོལ་གསུམ་ལོ་རྒྱུས་ཕྱོགས་སྒྲིག་གི་ལས་མཚམས་འཇོག་དགོས་པ། ད་ལྟའི་བར་ཡིག་ཆ་འཚོལ་སྡུད་བྱས་པ་རྣམས་སྐུ་སྒེར་ཡིག་ཚང་ལ་འབུལ་དགོས་པ་སོགས་བཀོད་འདུག འགུ་ལོག་དམ་ཆོས་དཔལ་བཟང་གིས་གསུངས་དོན། ང་སྐུ་སྒེར་ཡིག་ཚང་ལ་བཅར་ཏེ་སྐུ་ངོ་བྲེ་སྲང་ལགས་ལ་ཕྱག་ལས་གནང་སྟངས་མ་འགྲིག་པ་ཡོད་ཚེ་ལས་མི་བརྗེ་བོ་བརྒྱབ་ཆོག་གི་རེད། ལས་མཚམས་བཞག་ན་བློ་ཕངས་པོ་འདུག་ཅེས་ཞུ་རྒྱུ་བྱུང་ལ། དེ་བཞིན་ང་རང་སྐུ་སྒེར་ཡིག་ཚང་ལ་ཡིད་མ་ཆེས་པ་དེ་འདྲ་མིན་ཡང་༧གོང་ས་མཆོག་བཞུགས་སྒར་ལ་ཆིབས་བསྒྱུར་བསྐྱངས་སྐབས་མཇལ་ཁ་ཞུས་ཏེ་སྐུ་མདུན་ནས་ལས་མཚམས་འཇོག་དགོས་པ་གསུངས་ན་གཞི་ནས་ད་ལྟ་བར་དུ་འཚོལ་སྡུད་བྱས་པའི་ཡིག་ཆ་རྣམས་སྤྲོད་ཆོག་ཅེས་ཀྱང་ཞུ་རྒྱུ་བྱུང་། སྐུ་ངོ་བྲེ་སྲང་ལགས་ནས་སྐུ་སྒེར་ཡིག་ཚང་གི་ལས་གཞི་ཚོགས་ཆུང་གིས་ཐག་གཅོད་བྱས་པ་ཡིན་རབས་གསུངས་སོང་། གང་ལྟར་ང་རང་ངོས་ནས་ཡིག་ཆ་འདི་དག་ཤོག་སྙིགས་ལ་མི་འགྱུར་བའི་ཆེད་རྩིས་སྤྲོད་དམ། ཡང་ན་ལས་གཞི་མཇུག་སྐྱོང་འདོད་འདུག ཅེས་གསུངས་བྱུང་།

    འདི་གའི་གསར་འགོད་པས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་བྲེ་སྲང་ལགས་ལ་འདིའི་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས། སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོས་གྲོས་བསྡུར་བརྒྱུད་ལས་མཚམས་འཇོག་རྒྱུ་ཐག་བཅད་པ་རེད། མདོ་སྨད་ཀྱི་ལོ་རྒྱུས་རྒྱས་པ་ཞིག་ཧོར་གཙང་འཇིགས་མེད་ཀྱིས་བྲིས་ཡོད་པ་རེད། དེ་བཞིན་འགྲོ་གྲོན་གྱི་དཀའ་ངལ་ཡང་འདུག ཅེས་གསུངས་བྱུང་། ལས་གཞི་འདི་ཐོག་མར་༧གོང་ས་མཆོག་གིས་བཀའ་གནང་བ་ཡིན་ན་ཐེངས་འདིར་ལས་མཚམས་འཇོག་དགོས་པ་༧གོང་ས་མཆོག་གིས་མཁྱེན་གྱིན་ཡོད་མེད་བཀའ་འདྲི་ཞུས་སྐབས།ཁོང་གིས། སྤྱིར་བཏང་གི་ལས་གཞིའི་རིགས་འདི་སྐུ་སྒེར་ཡིག་ཚང་གི་ལས་བྱེད་དང་ལས་གཞི་ཚན་ཆུང་གིས་ཐག་གཅོད་གནང་གིན་ཡོད་པས། ཐེངས་འདིའི་ལས་མཚམས་འཇོག་རྒྱུ་ཡང་འདི་ལྟར་ཐག་བཅད་པ་ཡིན། ལས་གཞི་ཐོག་མར་རྒན་དམ་ཆོས་དཔལ་བཟང་གིས་སྐུ་མདུན་ལ་སྙན་སེང་ཞུས་པ་རེད་ལ། སྐུ་མདུན་ནས་ལས་གཞི་འདིར་རྒྱབ་སྐྱོར་གནང་དགོས་པའི་བཀའ་གནང་ཡོད་པ་རེད། དེའི་རྗེས་ལས་གཞི་འདི་འཛིན་སྐྱོང་དཔེ་མཛོད་ཀྱི་འོག་ཏུ་འགྲོ་གྲོན་སྐུ་སྒེར་ཡིག་ཚང་ནས་བཏང་བ་ཡིན། ཞེས་གསུངས་བྱུང་།

    ཆོལ་གསུམ་ལོ་རྒྱུས་ཕྱོགས་སྒྲིག་གི་ཉམས་ཞིབ་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་སུ་དགོངས་ཚུལ་གང་ཡོད་དྲིས་སྐབས། ཁོང་གིས། སྤྱིར་ལས་མཚམས་འཇོག་དགོས་པར་སྐུ་སྒེར་ཡིག་ཚང་ནས་རྒྱུ་མཚན་གཉིས་དྲངས་ཡོད་པ་དེ་རྒྱུ་མཚན་ཞིག་ཡིན་པར་ངོས་ལེན་བྱ་ཐབས་མི་འདུག དེ་མིན་ང་ཚོའི་ཤེས་ཡོན་དང་ནུས་པས་འདང་གིན་མེད་པ་ཡིན་ན་ལས་བྱེད་བརྗེ་བོ་རྒྱག་ཆོག་གི་རེད། གང་ལྟར་ལས་མཚམས་འཇོག་དགོས་བྱུང་བར་བསམ་ཚུལ་གཉིས་འདུག དང་པོ་དེ་ལོ་རྒྱུས་འབྲི་བ་ནི་རྩོམ་རིག་གཞན་དག་འབྲི་བ་ལས་འགན་ཆེ་བ་ཡོད་ལ། དམིགས་བསལ་གྱིས་ང་ཚོའི་བོད་འདི་དཀའ་ངལ་འཕྲད་ཡོད་སྐབས་འདིར་ལོ་རྒྱུས་འབྲི་རྒྱུ་ནི་དེ་བས་ཀྱང་གནད་འགག་དང་འགན་ཆེ་བ་ཡོད། འདི་ལྟ་བུའི་འགན་ཆེན་པོ་ཞིག་གིས་ནམ་ཡིན་ཡང་རང་ཉིད་གནོན་ཤུགས་ཁྲོད་བཅུག་ཡོད་ཀྱང་། གནོན་ཤུགས་དང་ལས་འགན་འདི་གློ་བུར་དུ་མེད་སོང་ན་སྒྲོག་ལས་ཐར་སོང་བ་ལྟ་བུའི་གུ་ཡངས་པོ་རེད། དེ་བཞིན་ད་ལྟ་བར་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་ཡོད་བསམ་ནས་སྤོབས་པ་ཡོད་ལ། དེ་བཞིན་ལོ་ངོ་འདི་དག་གི་ནང་དུ་ཡིག་ཆ་འཚོལ་སྡུད་ཀྱིས་ཡིག་ཆ་མི་འདྲ་བ་ ༢༠༠ ལྷག་ལ་ལྟ་རྒྱུ་བྱུང་བས། ང་རང་མུ་མཐུད་དུ་ལོ་རྒྱུས་ཞིབ་འཇུག་ལ་སོགས་པའི་བྱ་བར་འཇུག་འདོད་ཡོད།གཉིས་པ། སྐལ་བ་ཡ་ཐོག་ནས་རྒྱལ་ཕྲན་སིལ་མའི་བར་བཙན་པོ་རིམ་བྱུང་ནས་བོད་སིལ་བུའི་དུས་དང་། བོད་ཡུལ་ཁྲི་སྐོར་ ༡༣ ལ་སོགས་པའི་ཡུལ་ལུང་སོ་སོའི་ཚོ་བ་ཁག་དང་ཚོ་བ་དེ་དག་དང་འབྲེལ་བའི་རིག་གནས་ཀྱི་འཕེལ་རིམ་སོགས་ཐེངས་འདིའི་ང་ཚོའི་ལོ་རྒྱུས་ཕྱོགས་སྒྲིག་གི་འབྲི་ཐབས་དང་ཁེ་ཕན། རྒྱབ་ལྗོངས་སོགས་སྔར་མེད་མང་པོ་ཞིག་ཡོད། ཚོ་བའི་འབྲི་ཐབས་སྤྱད་ནས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་ཤིག་ད་ལྟ་བར་མཐོང་རྒྱུ་ཁག་པོ་འདུག་པས། ང་ཚོས་བོད་ཕྱི་ནང་གི་ལོ་རྒྱུས་དཔེ་ཆ་དང་ཡིག་རིགས་གཞན་པའི་ལོ་རྒྱུས་དེབ། གཙོ་བོ་དེ་ས་ཁུལ་སོ་སོའི་རྒན་རབས་པ་དག་དང་བཅར་འདྲི། དེ་བཞིན་ཡུལ་ལུང་སོ་སོའི་རིག་གནས་དང་འཚོ་བ་སོགས་ཀྱི་ཁྱད་པར་སོགས་ཞིབ་འཇུག་གིས་ཡིག་ཆ་བརྒྱ་ཆ་ ༧༠ ལྷག་སྒྲུབ་ཐུབ་ཡོད་ལ། དཀར་ཆག་ཀྱང་བཟོས་ཚར་ཡོད་པ་རེད་དེ། འདི་ལྟར་གློ་བུར་དུ་མཚམས་འཇོག་དགོས་བྱུང་ཡོད། དེ་བས་ད་ལྟ་བར་དུ་ཡིག་ཆ་འཚོལ་སྡུད་བྱས་པ་དང་ཕྱོགས་སྒྲིག་བྱས་པ། དཀར་ཆག་བཟོས་པ་སོགས་ཤོག་སྙིགས་ལ་འགྲོ་བར་དོགས་ནས་བློ་འཚབ་ཆེན་པོ་འདུག  ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 38

  1. ཀ་རྡོ་ཐར། says:
    ལོ་ 16 སྔོན།

    བཤད་ན་མགོ་ན་

    Reply
  2. དགའ་བ། says:
    ལོ་ 16 སྔོན།

    དྲང་མོ་བཤད་ན་སྐུ་སྒེར་ཡིག་ཚང་གིས་མཛད་རྣམ་གྱི་ལས་གཞི་རྩིས་སྤྲོད་བྱེད་ས་ནོར་བ་རེད། ནོར་གླིང་ན་དཔལ་འབྱོར་གྱི་ལས་གཞི་གཙོ་བོ་གཉེར་བ་མ་གཏོགས་༸གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་བྱེད་ཐུབ་པའི་ཤེས་ཚད་ལྡན་པ་སུ་ཡོད། འདི་ལྟར་བྱས་ནས་ཕྱོགས་འདྲ་མིན་ལ་བསམ་བློ་བཏང་ན་ལོ་རྒྱུས་གྲུབ་འབྲས་མ་ཐོན་པ་དང་ནོར་འཁྲུལ་ཤོར་བ་རྒན་དམ་དཔལ་རྐྱང་པ་གཏན་ནས་མིན། བེ་རིས་མཐའ་ན་འབྲས་སྤུངས་བློ་གླིང་གི་མཁན་རབས་ཁ་གྲངས་ཚང་བ་ཞིག་བགྲང་ཐུབ་མེད། མཁན་པོའི་གྲངས་བགྲང་མི་ཐུབ་མཁན་ཞིག་གིས་གདན་རབས་ཆོས་འབྱུང་ཇི་ལྟར་འབྲི། ཁོའི་ཆོས་འབྱུང་ནང་དུ་ཤུགས་ལྡན་གྱི་གནད་དོན་དང་འབྲེལ་བའི་ཚབས་ཆེའི་ནོར་འཁྲུལ་ཡང་ཡོད།

    Reply
  3. དགའ་བ། says:
    ལོ་ 16 སྔོན།

    དྲང་མོ་བཤད་ན་སྐུ་སྒེར་ཡིག་ཚང་གིས་མཛད་རྣམ་གྱི་ལས་གཞི་རྩིས་སྤྲོད་བྱེད་ས་ནོར་བ་རེད། ནོར་གླིང་ན་དཔལ་འབྱོར་གྱི་ལས་གཞི་གཙོ་བོ་གཉེར་བ་མ་གཏོགས་༸གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་བྱེད་ཐུབ་པའི་ཤེས་ཚད་ལྡན་པ་སུ་ཡོད། འདི་ལྟར་བྱས་ནས་ཕྱོགས་འདྲ་མིན་ལ་བསམ་བློ་བཏང་ན་ལོ་རྒྱུས་གྲུབ་འབྲས་མ་ཐོན་པ་དང་ནོར་འཁྲུལ་ཤོར་བ་རྒན་དམ་དཔལ་རྐྱང་པ་གཏན་ནས་མིན། བེ་རིས་མཐའ་ན་འབྲས་སྤུངས་བློ་གླིང་གི་མཁན་རབས་ཁ་གྲངས་ཚང་བ་ཞིག་བགྲང་ཐུབ་མེད། མཁན་པོའི་གྲངས་བགྲང་མི་ཐུབ་མཁན་ཞིག་གིས་གདན་རབས་ཆོས་འབྱུང་ཇི་ལྟར་འབྲི། ཁོའི་ཆོས་འབྱུང་ནང་དུ་ཤུགས་ལྡན་གྱི་གནད་དོན་དང་འབྲེལ་བའི་ཚབས་ཆེའི་ནོར་འཁྲུལ་ཡང་ཡོད།

    Reply
  4. དགའ་བ། says:
    ལོ་ 16 སྔོན།

    དྲང་མོ་བཤད་ན་སྐུ་སྒེར་ཡིག་ཚང་གིས་མཛད་རྣམ་གྱི་ལས་གཞི་རྩིས་སྤྲོད་བྱེད་ས་ནོར་བ་རེད། ནོར་གླིང་ན་དཔལ་འབྱོར་གྱི་ལས་གཞི་གཙོ་བོ་གཉེར་བ་མ་གཏོགས་༸གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་བྱེད་ཐུབ་པའི་ཤེས་ཚད་ལྡན་པ་སུ་ཡོད། འདི་ལྟར་བྱས་ནས་ཕྱོགས་འདྲ་མིན་ལ་བསམ་བློ་བཏང་ན་ལོ་རྒྱུས་གྲུབ་འབྲས་མ་ཐོན་པ་དང་ནོར་འཁྲུལ་ཤོར་བ་རྒན་དམ་དཔལ་རྐྱང་པ་གཏན་ནས་མིན། བེ་རིས་མཐའ་ན་འབྲས་སྤུངས་བློ་གླིང་གི་མཁན་རབས་ཁ་གྲངས་ཚང་བ་ཞིག་བགྲང་ཐུབ་མེད། མཁན་པོའི་གྲངས་བགྲང་མི་ཐུབ་མཁན་ཞིག་གིས་གདན་རབས་ཆོས་འབྱུང་ཇི་ལྟར་འབྲི། ཁོའི་ཆོས་འབྱུང་ནང་དུ་ཤུགས་ལྡན་གྱི་གནད་དོན་དང་འབྲེལ་བའི་ཚབས་ཆེའི་ནོར་འཁྲུལ་ཡང་ཡོད།???????????????????????????????????????????????????????????????????????????????? ????????????????????????????????????????????????????????????????????????????????????????????????????????????????????????? ???????????????????????????????????????????????????????????????????????????????????????????????????????????????????????? ????????????????????????????????????????????????????????????????????????? ???????????????????????????????????????????????????????????????????? ?????????????????????????????????????????????????????????????????????????????????

    Reply
  5. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དེ་འདྲ་རེད། ཁྱེད་ཀྱིས་གསུངས་པ་བཞིན་བོད་རིགས་རྣམས་ཨང་ཀིའི་རིགས་འདི་ལ་དོ་སྣང་ཆུང། དེའི་དབང་གིས་ལོ་ཚིགས་དང་གྲངས་ཀ་ནོར་བ་ཧ་ཅང་མང་། གཞན་དག་ཕར་ཟད། རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་དེ་ཡང་། ཁོང་གི་འཁྲུངས་ཚེས་ངོ་མའི་ཐོག་གཏོང་གི་མེད། དེང་སྐབས་མི་མང་པོས་འཁྲུངས་སྐར་དུས་ཆེན་གྱི་ཚེས་གྲངས་དེ་ལ་གོང་ས་མཆོག་འཁྲུངས་པར་སྙམ་བཞིན་འདུག

    སློབ་གྲྭ་ཁག་གི་བོད་ཕྲུག་ཚོ་ཡང་ཨང་རྩིས་འདི་ལ་ཞེད་ཀྱི་ཡོད་ས་རེད། འཛིན་གྲྭ་བཅུ་བ་བཅུ་གཉིས་ཀྱི་སྐབས་སུ་རྒྱུགས་མ་འཕྲོད་པ་ཕལ་མོ་ཆེ་ཨང་རྩིས་རྒྱུགས་མ་འཕྲོད་པ་རེད། དེ་མིན་ན་ཚན་རིག་རེད།

    Reply
  6. ཚུལ་ཁྲིམས་མཐར་ཕྱིན། says:
    ལོ་ 16 སྔོན།

    འོ་འོ། དེ་འདྲ་ཡིན་ན་ངོ་མ་བྱ་བརྩོག་གི་ཡ། མ་གཞི་༧གོང་ས་མཆོག་གི་མཛད་རྣམ་གྱི་སྐོར་ལ་ལོ་ཚིགས་མང་པོ་ནོར་རྒྱུ་དེ་བོད་པའི་ལས་དབང་ཞིག་ཡིན་པ་འདྲ། ཤེས་རིག་གི་ལས་ཁུངས་ནས་གཞུང་འབྲེལ་གྱིས་བཏོན་པའི་བོད་ཀྱི་དུས་ཆེན་ཟེར་བ་དེའི་ནང་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རབ་བྱུང་བཅུ་པའི་ཤིང་ཕག་ལ་འཁྲུངས་པ་རེད་ཟེར་བྲིས་འདུག དེ་༧གོང་ས་མཆོག་སྐུ་མ་འཁྲུངས་གོང་གི་ལོ་སུམ་བརྒྱ་དྲུག་ཅུའི་ཡར་སྔོན་རེད།

    Reply
  7. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དོན་ནོར་དང་ཡིག་ནོར་གཉིས་ཀ་རེད། དཔེར་ན། ཤོག་ངོས་ ༥༡ གསེར་ཁྲི་མངའ་གསོལ་ཞེས་པའི་ལེའུ་དེའི་ནང། ༼ལྕགས་འབྲུག་ ༡༩༡༠ བོད་ཟླ་ ༡ ཚེས་ ༡༤ ༌༌༌ཉིན ་༌༌ ཕོ་བྲང་ཆེན་པོ་པོ་ཏཱ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་༽ཞེས་བྲིས་འདུག ༡༩༡༠ ལོར་༸གོང་ས་མཆོག་འཁྲུངས་མེད་པས་གསེར་ཁྲིར་མངའ་གསོལ་ཇི་ལྟར་ཞུས་སམ།

    ཤོག་ངོས་ ༧༧ ལ་ལེགས་བཅོས་ལས་ཁུངས་ ༡༩༥༤ ལོར་བཙུགས་པར་བཤད་པ་སོགས་དོན་ནོར་མང།

    ཡིག་ནོར་ནི་ཧ་ཅང་མང་སྟེ། ཞིབ་པར་བརྩིས་ན་ ༣༠༠ བརྒལ་འགྲོའོ།།

    Reply
  8. ཚུལ་ཁྲིམས་མཐར་ཕྱིན། says:
    ལོ་ 16 སྔོན།

    ཨ་ཙི། སྐད་ཆ་གསར་བ་ཞིག་གོ་སོང་། ཤོག་ངོས་ ༢༠༠ ལྷག་ལ་ནོར་འཁྲུལ་ ༢༦༥ཡོད་པ་ཞིག་ཟེར་བ་དེ་ཅི་ཡིན་ནམ། ཡིག་ནོར་ཟེར་གྱི་ཡོད་དམ་ཡང་ན་དོན་ནོར་ཟེར་གྱི་ཡོད། མཛད་རྣམ་དེ་ཡིག་ནོར་མེད་པ་དང་སྤུས་དག་པོ་ཞིག་བྱུང་འདུག་སྙམ་ཡོད། དེས་ན་ཁྱེད་ཀྱི་འདི་བདེན་པ་ཡིན་ནམ། ང་ཡིད་ཆེས་ཀྱི་མི་འདུག   ངས་གོ་བ་ལ་ཁང་གསར་རྡོ་རྗེ་ལགས་ཀྱིས་གསུངས་པ་བཞིན་སྐུ་སྒེར་ཡིག་ཚང་གིས་མཛད་རྣམ་སྡེ་ཚན་ལོགས་སུ་བཙུགས་ཏེ་ལོ་ཉི་ཤུ་འདྲ་བོ་ཅིག་རེད་ཟེར། སྡེ་ཚན་དེའི་ནང་ཨ་མཆོག་སང་དང་། ཟམ་གདོང་རིན་པོ་ཆེ། སྐུ་ངོ་ཞེ་བོ་སོགས་འདུས་ཡོད་ལ་རྗེས་སུ་ནོར་གླིང་དུ་སྤོར་བ་རེད་ཟེར། ང་ལ་ནི་སྣར་སྐྱིད་ངག་དོན་གྱིས་བཤད་པ་ཡིན། ངས་ཤེས་རྒྱུ་ཞིག་ལ་མཛད་རྣམ་གསེར་གྱི་ཡང་སྙིང་ཞེས་པ་དེ་མཛད་རྣམ་སྡེ་ཚན་དུ་ཡོད་པའི་ལས་བྱེད་རྙིང་པ་ཚོས་བཏོན་པ་མ་རེད། མང་ཆེ་བ་རྡོ་རྗེ་དབང་ཕྱུག་དང་། གསེར་རྟ་ཚུལ་ཁྲིམས། སྐུ་ཚང་བློ་བཟང་ཡེ་ཤེས་སོགས་ནོར་གླིང་དུ་ཡོད་པའི་གསར་འབྱོར་རྩོམ་པ་པོ་ལོ་གཞོན་ཁག་ཅིག་གིས་ལག་རུབ་བྱས་པ་དང་། སྐུ་ངོ་སྐལ་བཟང་ཡེ་ཤེས་ཀྱིས་ཀྱང་ལས་ཀ་མང་པོ་བྱས་ཡོད། དུས་ཚོད་ཐུང་ཐུང་ཞིག་གི་ནང་ཛ་དྲག་གིས་གྲུབ་པར་བྱས་པ་རེད། འོན་ཀྱང་དེའི་ནང་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་དང་། ཞེ་བོ་བློ་དར་གཉིས་ཀྱང་རྒྱུག་ཁུལ་འདུར་ཁུལ་བྱེད་ཀྱི་ཡོད་པ་མཐོང་སོང་། ད་དུང་ནོར་གླིང་གི་སློབ་སྤྱི་ཡིན་པའི་བན་རྒན་ཞིག་ཀྱང་ཡོད།   ཁོའི་མིང་ངོ་མ་མི་ཤེས།  མི་ཚོས་འདྲེ་རྫ་མ་ཟེར་གྱིན་འདུག   

    Reply
  9. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    གངས་ཕྲུག་ལགས། ཚིག་ཟིན་ལྟར་ན་ཁྱེད་རང་འགྲིག་འདུག །ནོར་གླིང་ནས་མཛད་རྣམ་གསེར་གྱི་ཡང་སྙིང་ཞེས་པ་ཤོག་ངོས་་ ༢༠༠ ལྷག་ལ་ནོར་འཁྲུལ་ ༢༦༥ ཡོད་པ་ཞིག་བཏོན་པ་རེད།
    དོན་གྱི་དབང་དུ་བྱས་ན། དེབ་ཆུང་དེ་འདྲ་ཞིག་འདོན་པར་མཛད་རྣམ་སྡེ་ཚན་བཙུགས་ཏེ་ལོ་མང་ལས་ཀ་བྱེད་དགོས་དོན་མེད། ངས་བཤད་པའི་སྐད་ཆའི་སྙིང་པོ་ནི། སྐུ་སྒེར་ཡིག་ཚང་ནང་ལོ་ཉི་ཤུ་སུམ་ཅུ་མཛད་རྣམ་སྡེ་ཚན་བཙུགས་ཏེ་ལས་ཀ་བྱས་ཀྱང་གྲུབ་འབྲས་ད་བར་བསྟན་རྒྱུ་མེད་པ་རེད། དེར་བརྟེན་ནོར་གླིང་ལ་སྤོས་པ་རེད། ནོར་གླིང་ནས་ཀྱང་ད་བར་མཛད་རྣམ་འདོན་ཐུབ་མེད་ཅེས་པ་དེ་ཡིན།

    Reply
  10. གངས་ཕྲུག says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལཊ། ཁྱེད་ཀྱིས་
    (དེ་ནས་ཚང་མས་མཁྱེན་གསལ་ལྟར་གྱི་སྐུ་སྒེར་གྱི་མཛད་རྣམ་སྡེ་ཚན་དེ་རེད། ལས་ཀ་ཡག་པོ་མ་བྱུང་སྟབས་མཐའ་མ་ནོར་བུ་གླིང་ཀར་སྤོ་འཛུགས་གནང་བ་རེད། ད་བར་མཛད་རྣམ་དེབ་བཏོན་ཐུབ་མེད/) གསུངས་འདུག་ཀྱང་ཕྲན་ནས་ནོར་གླིང་ནས་༢༠༠༡ ལོར་བཏོན་པའི་”༧གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཛད་རྣམ་གསེར་གྱི་ཡང་སྙིང་།།”ཞེས་པ་ཞིག་བཀླགས་མྱོང་།

    Reply
  11. ཚུལ་ཁྲིམས་མཐར་ཕྱིན། says:
    ལོ་ 16 སྔོན།

    ངོ་མ་བཤད་ན་སྐུ་ཞབས་དགའ་བས་བེ་རི་ལ་ནོར་འཁྲུལ་རི་རབ་ཙམ་ཞེས་ཟེར་བ་དེ་དགའ་མི་དགའི་གསུང་སྟངས་ཤིག་རྩ་བ་ནས་མ་རེད། བེ་རི་དང་དམ་ཆོས་གཉིས་ལ་བསྡུར་རྒྱུ་ཞིག་ཡོད། དམ་ཆོས་དཔལ་བཟང་གིས་མེས་དབོན་རྣམ་གསུམ་ནོར་བ་དེ་ཧ་ལས་དགོས་པའི་ཞབས་འདྲེན་ཞིག་རེད། འདི་མི་གསོད་དང་རྐུ་འཕྲོག་ལྟ་བུའི་ནག་ཉེས་ཤིག་རེད་ཟེར་གྱི་མེད་མོད། བོད་ཀྱི་ལོ་རྒྱུས་སྨྲ་བ་ཞིག་གི་ངོས་ནས་བལྟས་ན་དེ་ལས་ལྷག་པའི་ཞབས་འདྲེན་ཞིག་ཞུ་རྒྱུ་མེད། འོན་ཀྱང་བེ་རི་ལ་ཡང་འདི་ལྟ་བུ་ཤིན་ཏུ་མང་བ་ཀུན་གྱིས་གླེང་བཞིན་པ་འདི་རེད། དེར་བརྟེན་ཤེར་འབྱུང་གིས་དམ་ཆོས་དང་བེ་རི་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་ཟེར་བ་དེ་ངོས་ལེན་མེད། ཕྱོགས་གཞན་ཞིག་ནས་བཤད་ན་དམ་ཆོས་ནི་རིག་གནས་གསར་བརྗེ་དང་དཔུང་ཁྲིན་སོགས་ཀྱི་ནང་ནས་རྒས་པ་རེད་ལ། བེ་རི་གདན་ས་ནས་འཚར་བ་རེད་མོད། ཡིག་ནོར་གྱི་ཕྱོགས་ནས་བཤད་ན་བེ་རི་ནི་དམ་ཆོས་ལས་མ་མཐའ་ཡང་ལྡབ་བདུན་ཅུའམ་ཡང་ན་བརྒྱད་ཅུ་ལས་སྡུག་པ་ཡོད། ད་དུང་བེ་རི་ནི་དམ་ཆོས་དང་མི་འདྲ་བར་གདན་སའི་དགེ་བཤེས་དང་། དགེ་རྒན། རྩོམ་པ་པོ་རྒན་པ། དགེ་ལུགས་སྤྱི་འཐུས་སོགས་ཡིན་ཟེར་གྱི་འདུག་པའི་ཆ་ནས་བཙན་བྱོལ་བོད་མིའི་རྩོམ་པ་པོ་དང་ཤེས་ཡོན་པ་ཡོངས་ཀྱི་ཚབ་བྱས་ནས་ཞབས་འདྲེན་ཞུ་ཐུབ་ཀྱི་འདུག ངོ་མ་མི་འདི་ཚོའི་ངོ་ཚ་ཟེར་བ་དེ་གཅིག་ཤེས་ནས་སྨོན་ལམ།

    Reply
  12. ཤེས་རབ་འབྱུང་གནས། says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་ནས་ཐག་གཅོད་གནང་བར་བསམ་འཆར་མེད་པ་མ་ཟད། དེ་དྭངས་ལེན་བྱེད་དགོས། ཐག་གཅོད་བྱེད་མཁན་ཟེར་བ་དེ་རྒྱལ་ཁབ་དང་ཚོགས་སྡེ་ཚང་མར་ཡོད་པ་ཞིག་རེད། སྐུ་སྒེར་ཡིག་ཚང་གི་སྔ་ཕྱི་བར་གསུམ་གྱི་གནས་ཚུལ་ཚང་མར་རྒྱུས་ལོན་དང་ཞིབ་འཇུག་གནང་ནས་ཐག་གཅོད་འདི་གནང་བ་ཞིག་མ་གཏོགས། ཁྱིས་གློ་བ་ཟོས་པ་ལྟར་བསམ་གཞིགས་མེད་པར་ཁྱུར་མིད་བྱས་པ་ཞིག་མ་རེད། ད་དུང་སྐུ་སྒེར་དྲུང་ཆེས་༼ལས་གཞི་ཐོག་མར་རྒན་དམ་ཆོས་དཔལ་བཟང་གིས་སྐུ་མདུན་ལ་སྙན་སེང་ཞུས་པ་རེད།༽ ཅེས་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད། ཁར་སང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས། དམ་ཆོས་དཔལ་བཟང་ལ་བཅར་འདྲི་བྱེད་སྐབས། དམ་ཆོས་དཔལ་བཟང་རང་གིས། ༧གོང་ས་མཆོག་ལ་ཡར་སྙན་ཞུ་ཕུལ་བ་ཡིན་ཚུལ་བཤད་ཀྱིན་འདུག་ག དེས་ན་འདི་དམ་ཆོས་དཔལ་བཟང་གིས་མི་ཤེས་ཤེས་མདོག་དང་། མི་འཇོན་འཇོག་མདོག་བྱས་པས་ཉེས་སྐྱོན་རེད། ད་དུང་མི་ལོ་དགུའི་རིང་གི་དུས་ཚོད་རྩ་ཆེན་དང་། བརྩིས་ན་གྲངས་ཀ་མེད་པའི་སྐུ་སྒེར་གྱི་ཕྱག་དངུལ་དེ་ཙམ་འཕྲོ་རླག་ཏུ་བཏང་བ་རེད། དམ་ཆོས་དཔལ་བཟང་གིས་བཅར་འདྲིའི་སྐབས་བཤད་དོན། མི་ལོ་དགུའི་རིང་ངེད་ཚོས་དེབ་གཉིས་ཀྱི་ཚད་ཙམ་གྲུབ་ཡོད་ལ། དེབ་དང་པོར་ཞུས་དག་ཚར་ཞིང་རྒྱབ་ཤོག་ཀྱང་བཟོས་ཚར་ཡོད་ཟེར། དེབ་ཀྱི་བརྗོད་བྱ་གལ་ཆེན་པོ་རེད་མ་གཏོགས། རྒྱབ་ཤོག་དེ་ཙམ་གལ་ཆེན་པོ་མ་རེད། ད་དུང་དངོས་གཞིའི་ལོ་རྒྱུས་མ་ཚར་གོང་དེབ་དང་པོར་རྒྱབ་ཤོག་བཟོས་ཏེ། གྲ་སྒྲིག་བྱེད་དོན་ཅི་ཡིན་ནམ། དེབ་གཅིག་ཚར་ན་གཅིག་དཔར་བསྐྲུན། གཉིས་ཚར་ན་གཉིས་དཔར་བསྐྲུན་བྱེད་འཆར་ཡིན་ནམ། ཡིན་ན་དང་པོ་ཚར་ནས་དེབ་གཉིས་པ་ཡང་ཚར་གྲབ་བྱེད་ཀྱིན་ཡོད་མོད། དེབ་དང་པོ་ད་དུང་དཔར་བསྐྲུན་མ་བྱས་པ་ཅི་ཡིན་ནམ། བསྐལ་བ་ཡ་ཐོག་ནས་བཙན་པོ་རིམ་བྱུང་གི་བར་དེབ་གཅིག་དང་། དེ་ནས་ས་སྐྱའི་སྐབས་བར་དེབ་གཅིག་གི་འཆར་གཞི་ལས་མེད་ན། ཆོལ་གསུམ་ལོ་གསུམ་ཡོངས་རྫོགས་བསྡོམས་ན་ཡང་དེབ་མང་མཐར་ལྔ་ཙམ་ལས་འཆར་གཞི་མེད་པ་འདྲ། ཧོར་འཇིགས་ཀྱིས་མདོ་སྨད་གཅིག་པོའི་ལོ་རྒྱུས་ལ་དེབ་ཆེན་བདུན་ཡོད་པ་མ་མཐོང་ངམ།
    གོང་དུ་དགའ་བ་ལགས་ཀྱིས། དེ་སྔར་བྲིས་པའི་ལོ་རྒྱུས་ཁྲོད་དུ་ནོར་འཁྲུལ་འཕྲན་དུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཞེས་གསུངས་མོད། དེ་དམ་ཆོས་དཔལ་བཟང་གིས་མགོ་ལོག་ལོ་རྒྱུས་ལ་གསུངས་པ་ཡིན་ན། ནོར་འཁྲུལ་དེ་འཕྲན་བུ་ཞིག་ཆེ་ཡིན། དེབ་སྟོད་སྨད་གཉིས་ཀྱི་བརྒྱ་ཆའི་བདུན་ཅུ་ནོར་འཁྲུལ་རེད། ད་དུང་སྐུ་ཞབས་བེ་རིས་བརྩམས་པའི་འབྲས་བློ་གླིང་ཆོས་འབྱུང་གི་ནང་གི་ནོར་འཁྲུལ་རི་རབ་ཙམ་ཞེས་གསུངས་པ་ནི། དགའ་མི་དགའི་གསུང་སྟངས་ཤིག་རེད་མ་གཏོགས། དམ་ཆོས་དཔལ་བཟང་དང་སྐུ་ཞབས་བེ་རི་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ། ཤེས་རབ་ཅུང་ཟད་ཡོད་པའི་སྐྱེ་བོ་ཞིག་ཡིན་ན་གསལ་བོ་རེད།
    དམ་ཆོས་དཔལ་བཟང་གི་ཤེས་ཡོན་དང་སྙིང་སྟོབས་ལ་རྒྱུས་ལོན་བྱེད་འདོད་ཡོད་ན། གཤམ་གྱི་དྲ་གནས་ཐོག་གཟིགས་དང་ཤེས་པར་འགྱུར།
    http://www.rfa.org/tibetan/chediklaytsen/amdolaytsen/f42f66f62f0bf60f42f7cf51f0bf54f0d/Project-on-writing-history-of-three-province-of-tibet-end-05142009104539.html

    Reply
  13. ཚུལ་ཁྲིམས་མཐར་ཕྱིན། says:
    ལོ་ 16 སྔོན།

    བེ་རི་ལ་སྐྱོན་བརྗོད་བྱས་སོང་ཡ། ད་འདོད་པ་གང་རྒྱུ་ཞིག་ཡོད་ན་གང་ཚད་རེད། ཁ་བརྡའི་ནང་ནས་བེ་རི་ལ་སྐྱོན་བརྗོད་ཅི་ཙམ་བྱས་སོང་། ད་དུང་བྱེད་བཞིན་པ་རེད། ལྟོས་དང་གསེར་གྱི་གཟེངས་རྟགས་རྩོམ་བསྡུ་ཟེར་བ་དེའི་ནང་ན་ཡང་ད་དུང་འདུག བོད་ཀྱི་བང་ཆེན་ནང་ནས་ལོ་གཉིས་ཀྱི་རིང་བེ་རི་ལ་སྐྱོན་བརྗོད་བྱས་དང་བྱེད་བཞིན་པ་རེད། ང་བཙན་བྱོལ་དུ་ཡོང་ནས་ད་བར་དོལ་རྒྱལ་ཡར་ཕུད་པའི་རྗེས་སུ་བེ་རི་ལྟ་བུའི་མི་རྣམས་ཀྱིས་སྐྱོན་བརྗོད་མང་པོ་བྱེད་ས་ཞིག་མཐོང་མ་མྱོང་། ད་དུང་འདོད་པ་མི་ཚིམ་ན་སྤྱང་གིས་ལུག་ཟ་བ་བཞིན་ད་བེ་རི་གསོན་ཟ་བྱས་བཏང་ན་ག་གི་མེད་འགྲོ

    Reply
  14. དགའ་བ། says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་གིས་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་གི་ལས་དོན་ཕྱིར་བསྡུ་བྱས་པར་བསམ་འཆར་གང་ཡང་མེད། འོན་ཀྱང་ཁཽས་དེ་སྔར་བྲིས་པའི་ལོ་རྒྱུས་ཁྲོད་དུ་ནོར་འཁྲུལ་ཕྲན་བུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཚད་ལས་སྐྱོན་བརྗོད་དང་ངན་སྨོད་བྱེད་མི་རུང་། ཅི་བྱས་ན་ཁོང་བླ་རྒན་གྲྭ་རྐྱང་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལས་ཆེ། ལོ་རྒྱུས་འབྲི་རྩོམ་གྱི་ཐོག་ནས་ནོར་འཁྲུལ་ཤོར་ཁོང་རྐྱང་པ་གཏན་ནས་མིན། བེ་རུ་འཇིགས་མེད་དབང་རྒྱལ་གྱིས་རྩོམ་སྒྲིག་བྱས་པའི་འབྲས་སྤུངས་བློ་གླིང་གི་ཆོས་འབྱུང་ལ་བལྟ་ཨེ་མྱོང་། དེའི་ནང་གི་རི་རབ་ལྟ་བུའི་ནོར་འཁྲུལ་དེ་ཚོ་ལ་སྐྱོན་བརྗོད་མི་བྱེད་པའི་རྒྱུ་མཚན་ཅི་ཡིན།

    Reply
  15. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དབུ་ཁྲིད་ཀྱི་ཐུགས་རེ་ཆེན་པོ་གནང་བ་ལྟར་མ་བསྒྲུབས་པས། སྒོ་བརྒྱབ་པ་དང་མཚམས་བཞག་པ་མང་པོ་རེད། དཔེར་ན། དྲུག་ཅུ་རེ་གྲངས་ནང་རྩོམ་སྒྱུར་ལྷན་ཁང་ཞེས་པ་ཞིག་བཙུགས་ཏེ། བྲག་གཡབ་སྐྱབས་མགོན་སོགས་མཁས་པ་ཚད་ལྡན་མང་པོ་བསྐོངས་པ་རེད། དེའི་ལས་མཇུག་མ་བསྒྲིལ་གོང་ལ། རྒྱ་ལོ་དོན་གྲུབ་ལགས་ཀྱིས་ལྡི་ལི་བོད་ཁང་ཟེར་བ་བཙུགས་ཏེ་རྩོམ་བསྒྱུར་ལྷན་ཁང་གི་མི་དྲག་རིན་དྲག་ཚད་ཚང་མ་མར་འཐེན་པ་རེད། དེར་བརྟེན་རྩོམ་སྒྱུར་ལྷན་ཁང་ཟེར་བ་དེ་ཡོད་ལ་མེད་ལ་ཞིག་ཆགས་པ་རེད། མཐའ་མ་དེང་སྐབས་ཀྱི་ཤེས་རིག་རྩོམ་སྒྲིག་ཚན་པ་ཟེར་བ་དེ་ཆགས་པ་རེད།

    དེ་ནས་ཚང་མས་མཁྱེན་གསལ་ལྟར་གྱི་སྐུ་སྒེར་གྱི་མཛད་རྣམ་སྡེ་ཚན་དེ་རེད། ལས་ཀ་ཡག་པོ་མ་བྱུང་སྟབས་མཐའ་མ་ནོར་བུ་གླིང་ཀར་སྤོ་འཛུགས་གནང་བ་རེད། ད་བར་མཛད་རྣམ་དེབ་བཏོན་ཐུབ་མེད།

    དེ་ནས་སྔོན་མ་བརྒྱད་ཅུའི་ནང་ཐ་སྙད་སྐོར་ལ་ལྷན་ཚོགས་ཤིག་བཙུགས་པ་རེད། དེ་ཡང་ཡོད་ལ་མེད་ལ་ཆགས་ཏེ། མཐའ་མ་ལོ་ཉི་ཤུའི་རྗེས་ལ་ཚིག་མཛོད་ཕག་པ་དཀར་པོའམ་དབྱིན་བོད་ཚིག་མཛོད་གསར་མ་ཟེར་བ་དེ་བཏོན་ཐུབ་ཙམ་བྱུང་བ་རེད། ཐོག་མའི་དམིགས་ཡུལ་ལྟར་བྱུང་མེད།

    དེ་ནས་ཕྱི་དྲིལ་ཁོངས་སུ་བོད་མི་འབུམ་བཅུ་གཉིས་འཆི་འདས་སོང་བའི་སྐོར་ལ་ཞིབ་འཇུག་ཚོགས་ཆུང་སྔ་རྗེས་ཐེངས་གཉིས་བཙུགས་པ་རེད། སྔ་མའི་ལས་ཀ་ཕྱི་མས་ཁུངས་སྐྱེལ་མ་ཐུབ་པར་ཚོགས་པ་ཁུ་བསྡུ་གནང་བ་རེད།

    དེ་བཞིན་ཐེ་ཝན་བོད་སོག་ལས་ཁུངས་ཀྱི་ཕོགས་བཟས་ཡོད་མེད་ཀྱི་ཞིབ་འཇུག་ཚོགས་པ་ཞིག་ཀྱང་བཙུགས་པ་རེད། ད་བར་སྙན་ཐོ་ཡོངས་བསྒྲགས་བྱེད་ཐུབ་མེད།

    དེ་མིན་མང་པོ་བྱུང་ཡོད་ངེས་རེད། ངས་ཚང་མ་དྲན་སོས་ཀི་མི་འདུག

    Reply
  16. ཞབས་དྲུང་ངག་དབང་རྣམ་རྒྱལ། says:
    ལོ་ 16 སྔོན།

    གོང་དཀར་ངག་རྣམ་ལགས། ཁྱེད་ཀྱིས་༼༌འདིས་མ་འོངས་པའི་བོད་པའི་ལོ་རྒྱུས་ལ་ཁ་སྐོང་དང་འཐུས་སྒོ་ཚང་དུ་འགྲོ་རྒྱུའི་གདེང་སྤོབས་ཡོད་༽ཅེས་བཤད་འདུག དེ་འདྲའི་གདེང་སྤོབས་ཤིག་སྐུ་སྒེར་ཡིག་ཚང་དང་། བོད་ཀྱི་དཔེ་མཛོད་ཁང། དམ་ཆོས་དཔལ་བཟང་བཅས་པར་མེད་བཞིན་དུ་ཁྱོད་ལ་གདེང་སྤོབས་དེ་གང་ནས་བྱུང་ངམ།

    གཞིས་ཀྱི་མཁས་པ་ཚོ་དེ་འདྲའི་འཕྱ་དམོད་བྱེད་མཁན་གྱི་ཅོལ་ཆུང་རེད་དམ།

    Reply
  17. ཞབས་དྲུང་ངག་དབང་རྣམ་རྒྱལ། says:
    ལོ་ 16 སྔོན།

    སྐུ་སྒེར་དྲུང་ཆེས་གསུངས་པ་ལ་རྒྱུ་མཚན་ཡོད་ངེས་རེད།
    ༡༽ རྒན་དམ་ཆོས་དཔལ་བཟང་ལ་ཆོལ་གསུམ་ལོ་རྒྱུས་འབྲི་བའི་ཤེས་ཚད་དང་ནུས་པ་མེད་ན། ནུས་པ་མེད་མཁན་དེ་ལ་དེ་འབྲི་དགོས་ཞེས་གསུངས་པ་དང་གསུང་མཁན་སུ་ཡིན་དེ་ནོར་བ་རེད་ལ། དམ་ཆོས་དཔལ་བཟང་གིས་མི་ཐེག་བཞིན་དུ་ལས་འགན་དེ་བླངས་པའང་ཁོ་རང་གིས་ནོར་བ་རེད། མཐའ་མ་ལོ་དགུའི་གྲུབ་འབྲས་སྟོང་པ་འདི་བྱུང་བ་རེད།

    ༢༽ དངོས་གནས་སྐུལ་མ་ཞུ་གི་ཡིན་ན། ལོ་རྒྱུས་ཐོག་དོན་གྱི་མཁས་དབང་ཡིན་པ་བཀྲ་ཤིས་ཚེ་རིང་དང་བྱམས་པ་བསམ་གཏན་ལྟ་བུར་ཞུ་དགོས་རེད། མི་དེ་ཚོས་ཁས་བླངས་ཚར་ན་འགྱོད་པ་མེད་པ་ཞིག་བྱེད་ཀི་རེད།

    ༣༽ སྐུ་སྒེར་གྱི་རྒྱུ་མཚན་གསལ་པོ་འདུག ཧོར་འཇིགས་ཀྱིས་བྲིས་པ་དེ་ཚར་བ་རེད། དེ་ལས་ལྷག་ཅིག་དམ་ཆོས་དཔལ་བཟང་གིས་འཇོན་གྱི་མ་རེད། ཧོར་འཇིགས་ཀྱི་ཚད་ལྡན་ཡིན་ཟེར་བའི་ཚད་དེ་ལ་དཔག་ན། དམ་ཆོས་དཔལ་བཟང་རང་གིས་བྲིས་པར་དགོས་པ་མི་འདུག་ཟེར་བ་རེད། དོན་དག་དེ་ག་རེད། བསྟོད་པའི་ཟོལ་གྱིས་སྨད་པ་ཟེར་བ་དེ་རེད། བྲེ་སྲང་ལགས་ཀྱིས་ཚིག་དོན་གཉིས་ཀ་བྲེ་དང་སྲང་ལ་གཞལ་ནས་འཇུ་ས་འཆང་ས་མེད་པ་ཞིག་བཤད་འདུག རྩོམ་མཁས་པ་ཟེར་ན་དེ་འདྲ་ལ་ཟེར་བ་རེད། སྔོན་གྱི་རྒྱལ་བློན་གྲགས་པ་ཅན་དེ་ཚོས་ཀྱང་། ནུབ་ཀྱི་རི་ནུར་ན། ཤར་གྱི་མཚོ་ལུད་ཡོང་ལྟ་བུ་བཤད་པར། རྒན་མོ་ཚོས་ཉིན་མཚན་བཅོ་བརྒྱད་རིང་བསམ་བློ་གཏོང་དགོས་པ་དེ་འདྲ་བྱུང་རབས་ལོ་རྒྱུས་ན་ཡོད་པ་རེད། སྐད་ཆ་དེ་ག་རང་རེད།

    Reply
  18. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དེང་གི་ལོ་རྒྱུས་འབྲི་མཁན་འདི་དག་ངེས་པར་གཞན་ཞིག་ལ་བརྟེན་དགོས་པ་འདི་ནོར་བ་རེད། ལྷག་པར་དེང་གི་དེབ་འབྲི་མཁན་མང་པོ་ཞིག་གིས་དེབ་རྩོམ་པ་དང་པར་དུ་བསྐྲུན་པའི་འགྲོ་སོང་ཆ་ཚང་༸གོང་ས་མཆོག་གི་ཕྱག་དངུལ་ནས་ཞུ་ཤག་ཤག་འདི་ཡག་པོ་མ་རེད།

    སྔོན་གྱི་བོད་མི་ཚོ་ཡིན་ན། ༸གོང་ས་མཆོག་ལ་ཡར་འབུལ་མ་ཐུབ་རུང་མར་ཞུ་ཀི་མ་རེད། དེབ་རྩོམ་པ་སོགས་ཀྱང་རང་ངོས་ནས་ཆ་ཚང་བ་བྱེད་ཀི་རེད་མ་གཏོགས་༸གོང་ས་མཆོག་གི་དཔལ་འབྱོར་ལ་རེ་གི་མ་རེད། འདི་གནད་འགག་ཅིག་དང་ཁྱད་པར་ཞིག་རེད།

    Reply
  19. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    གངས་སྐྱིད་དུ་དེ་སྔ་ནས་ཆོལ་གསུམ་ལོ་རྒྱུུས་རྩོམ་སྒྲིག་ཁང་ཞིག་ཡོད་པའི་སྐོར་མཐོང་ཐོས་བྱུང་བ་དང་། དེ་ལ་རང་ངོས་ནས་ཀྱང་གལ་ཆེའི་དོན་སྙིང་དང་འདིས་མ་འོངས་པའི་བོད་པའི་ལོ་རྒྱུས་ལ་ཁ་སྐོང་དང་འཐུས་སྒོ་ཚང་དུ་འགྲོ་རྒྱུའི་གདེང་སྤོབས་ཡོད་ཀྱང་། ད་ཆ་གལ་ཆེའི་ལས་གཞི་དེ་འདྲ་ཞིག་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་རྒྱུུན་ཆད་ན། གཞིས་ཀྱི་མཁས་པ་དེ་ཚཽས་ང་ཚོར་འཕྱ་སྨོད་བྱེད་སྲིད་ལ། ང་ཚཽའི་འཐུས་ཤོར་ཞིག་ཏུའང་རྗོད་ཆོག་པས་འདི་གསལ་པོ་བཟོ་དགོས།

    Reply
  20. ཤེས་རབ་འབྱུང་གནས། says:
    ལོ་ 16 སྔོན།

    དེ་ག་རང་རེད།   ང་ཚོའི་གཞུང་ལ་ང་ཚོས་བརྩི་བཀུར་མ་ཞུས་ན་སུས་ཞུ།   དེ་བཞིན་༧གོང་ས་མཆོག་གི་བཀའ་དང་སྐུ་སྒེར་ལས་ཁུངས་ཀྱི་བཀའ་ཁྱད་མེད་དུ་བརྩི་དགོས་ནི་རེད།   འོན་ཀྱང་དམ་ཆོས་དཔལ་བཟང་གིས།    སྐུ་སྒེར་གྱི་བཀའ་ཡིག་རྩིས་མེད་འདྲ་བོ་བྱས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་དགོས་ཟེར་བ་དེ་སྐུ་སྒེར་ཡིག་ཚང་ལ་ཡིད་མ་ཆེས་པ་ཡིན་པས་ཤིན་ཏུ་མི་འོས།   
    མི་ལོ་དགུའི་རིང་ལས་ཁུངས་བཙུགས་ནས་ལས་ཀ་བྱས་པའི་འབྲས་བུ་མིག་སྟོན་བྱེད་རྒྱུ་མེད་ན།   སྐུ་སྒེར་ཡིག་ཚང་ལ་ཁག་ཅི་ཡོད།   ཧོར་འཇིགས་ཀྱིས་ལོ་དགུའི་རིང་མདོ་སྨད་ལོ་རྒྱུས་བརྩམས་གྲུབ་པ་རེད།   ང་ཡང་ཁོ་ལ་རྒྱུས་མེད་མོད།   ཁོས་བྲིས་པའི་མགོ་ལོག་ལོ་རྒྱུས་དེ་ཐེངས་ཤས་ཤིག་ལྟ་མྱོང་།    དེ་ནི་དངོས་གནས་དྲང་གནས་ཆོ་མེད་པ་ཞིག་རེད།    ཆོས་རྒྱལ་མེས་དབོན་རྣམ་གསུམ་ནོར་བ་དང་།   འཇིག་རྟེན་ཆགས་ཚུལ་ལོག་བཤད་བྱས་པ་གཅིག་པོ་མ་རེད།   ལོ་རྒྱུས་དེབ་ཆེན་གཉིས་ཀའི་ནང་ན་ཧ་ལམ་ལེགས་བཤད་གཅིག་ཀྱང་མེད་པ་འདྲ།    སྐུ་སྒེར་ཡིག་ཚང་གིས་མགོ་ལོག་ལོ་རྒྱུས་ལ་གཟིགས་ཡོད་ན།    དེས་དམ་ཆོས་དཔལ་བཟང་གི་ལོ་རྒྱུས་འབྲི་ཐུབ་མིན་ཐག་གཅོད་བྱས་ཡོད་ལ།    ཁོས་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་ཡོད་མེད་ཀྱང་།   མི་ལོ་དགུའི་གྲུབ་འབྲས་ཀྱིས་ཐག་གཅོད་བྱས་ཡོད།
    དེ་འདྲ་ཡིན་དུས་སྐུ་སྒེར་ཡིག་ཚང་ལ་ཁག་མི་འདུག    དེ་བས་འགྲོ་གྲོན་དེ་དག་བོད་ནང་གི་བོད་མི་ཉམ་ཆུང་ཚོ་དང་།    ཡང་ན་བཙན་བྱོལ་ཁྲོད་ཀྱི་གསར་འབྱོར་ལས་མེད།    ཡང་ན་སློབ་གྲྭ་དང་སྨན་ཁང་སོགས་ལ་ཞལ་འདེབས་གནང་ན་ཅི་བས་བཟང་།    
    ཁ་ཅིག་གིས་ལོ་རྒྱུས་འབྲི་བར་རིག་པའི་གནས་ལྔར་མཁས་པ་ཞིག་མི་དགོས་པས་དམ་ཆོས་དཔལ་བཟང་གིས་བྲིས་ན་མི་འགྲིག་པ་མེད་ཚུལ་ཟེར།    དེ་ཕྱོགས་གཅིག་ནས་བདེན་པ་རེད།    ལོ་རྒྱུས་འབྲི་མཁན་ལ་རིག་པའི་གནས་ལྔ་འམ་གཞུང་བོད་ལྔ་ལ་མཁས་པ་ཞིག་དགོས་ཀྱི་མ་རེད།   ཡིན་ན་ཡང་ཕྱོགས་གཅིག་ནས་བཤད་ན།    ལོ་རྒྱུས་འབྲི་མཁན་ཞིག་ཡིན་ཕྱིན་ལོ་རྒྱུས་ཤེས་དགོས་ཀྱི་རེད།   ལོ་རྒྱུས་མ་ཤེས་པར་ཨུ་ཚུགས་ཀྱིས་ལོ་རྒྱུས་བྲིས་ན།   མགོ་ལོག་ལོ་རྒྱུས་ལྟ་བུ་ལས་ཡོང་གི་མ་རེད།    དེར་བརྟེན་ལོ་རྒྱུས་འབྲི་མཁན་ལ་ལོ་རྒྱུས་ཀྱི་ཤེས་ཚད་ངེས་ཅན་དུ་ཡོད་དགོས།   དེ་འདྲ་ཞིག་མ་རེད་དམ།   དྲ་གྲོགས་ཚོས་དཔྱོད་དང་།

    Reply
  21. འཁྱམས་པོ། says:
    ལོ་ 16 སྔོན།

    སྔོན་ཆད་ཞིག་ལ་ངའི་གྲོགས་པོ་ཞིག་དང་མཉམ་དུ་འགུ་ལོག་དམ་ཆོས་ཀྱི་རྩར་ཐེངས་ཤིག་བཅར་མྱོང་། གྲོགས་པོ་དེས་ཁོར་ལོ་རྒྱུས་ཡིག་ཆ་ཞིག་འབུལ་རྒྱུ་ཡོད་རབས་ཟེར་དེ་ནི་ལོ་བཞིའི་ཡར་སྔོན་ཞིག་རེད། ངས་ཁོ་ཐེངས་ཤིག་མཐོང་མྱོང་པ་དེ་རེད།
    གང་ལྟར་ཁོས་ལོ་རྒྱུས་འབྲི་རྒྱུ་དེ་རྒྱུན་རིང་དྲག་པ་རེད་སྙམ། ལོ་དགུའི་རིང་ལ་མི་མང་གི་མིག་མདུན་དུ་དེབ་གཅིག་ཀྱང་སྟོན་རྒྱུ་མེད་པ་དེ་ཆད་མཚར་ཞིག་མཐོང་གིན་འདུག དེར་སྐུ་སྒེར་ཡིག་ཚང་ལའང་ཁེགས་མི་འདུག་སྙམ། ཡང་གཅིག་བཤད་ན་ཡོད་ཚད་ལ་༧གོང་ས་མཆོག་གིས་ཞལ་ཐོན་དགོས་པ་དེ་འདྲ་ཞིག་མ་རེད་འདོད། ང་ཚོ་ལ་བོད་གཞུང་ཞིག་ཡོད་པས་དེ་ལའང་རྩིས་མཐོང་ཞིག་འཇོག་དགོས་པ་རེད། བོད་གཞུང་དེ་གང་འདྲ་ཞིག་ཡོད་ནའང་དེ་ང་ཚོས་གཞུང་རེད། དེ་འདྲ་ཞིག་མ་རེད་དམ་དྲ་གྲོགས་ཚོ།

    Reply
  22. བདེ་འབྱུང་ says:
    ལོ་ 16 སྔོན།

    འགུ་ལོག་དམ་དཔལ་འདི་མི་སྤྱང་གྲུང་ཅན་ཞིག་ཡིན་པའི་ཡིད་ཆེས་ཡོད། རང་མདོག་མི་སྟོན་པའི་ཡིད་ཆེས་ཡོད།
    སྐུ་སྒེར་དང་དཔེ་མཛོད་ཀྱི་བཀའ་ལ་བརྩི་སྲུང་དང་ལེན་བྱེད་པའི་ཡིད་ཆེས་ཡང་ཡོད།
    ཆོལ་གསུམ་ལོ་རྒྱུས་མཇུག་སྐྱོང་མིན་དང་རྒྱུ་ཆ་དག་ཇི་ལྟར་ཉར་ཚགས་བྱ་མིན་དེ་སྐུ་སྒེར་གྱི་ལས་འགན་དང་དབང་ཚད་ཡིན་པས་དམ་དཔལ་དང་། འབྲི་ཀློག་བྱང་ལ་དག་ཆ་ཡག་པའི་ཨ་མདོ་བ་ལྐུགས་པ་དག་གི་སེམས་ཁྲལ་གྱི་གཞི་མ་ཡིན་པའོ།།

    Reply
  23. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    སྐུ་ཞབས་ཤེར་འབྱུང་ལགས། ཧོར་འཇིགས་ལགས་ནས་ལོ་རྒྱུས་འབྲི་སྐབས་ཁོང་གཅིག་པོས་དཀའ་ལས་བརྒྱབ་པ་ཞིག་མིན་པར་ཚེ་བརྟན་རྒྱལ་དང་ལྷ་ཆབ་སྦྱིན་པ་སོགས་མི་བཞི་ལྔ་ཞིག་གིས་ལོ་དགུའི་རིང་ལ་ལས་རོགས་ཀྱི་འགན་ཁུར་བླངས་ཡོད་པ་རེད། དེ་ལྟར་ཡིན་པ་ཁོང་གིས་ཨ་རིའི་རླུང་འཕྲིན་དང་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་གཉིས་ཀྱི་བཅར་འདྲིའི་སྐབས་བརྗོད་སོང་། གང་ལྟར་དམ་ཆོས་དཔལ་བཟང་གི་ཤེས་བྱ་ཡོན་ཏན་ཐད་ང་ལ་རྒྱུས་ཅི་ཡང་མེད་ལགས། མི་ཚོས་བཤད་པར་གཞིགས་ན་དེ་ཙམ་ཡོན་ཏན་ཡོད་མཁན་ཞིག་ཡིན་ས་མ་རེད།

    Reply
  24. བསྟན་འཛིན། says:
    ལོ་ 16 སྔོན།

    བསྟན་འཛིན་ཚེ་དཔག་ལགས་ཀྱིས།   ངའི་ཡིག་ནོར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
    ད་དུང་གོང་དུ་བསྟན་འཛིན་ཞུ་བ་གཞན་ཞིག་ཀྱང་ཡོད།   ངའི་མིང་ལ་བློ་བཟང་བསྟན་འཛིན་ཟེར་གྱིན་ཡོད།   ངའི་བོད་ཡིག་གི་ཆུ་ཚད་མཐོན་པོ་མིན་པས་དྲ་གྲོགས་བསྟན་འཛིན་ཚེ་དཔག་གིས་སྐུལ་སློང་གནང་བར་བཀའ་དྲིན་ཆེ།   རྗེས་སུ་ཡིག་ནོར་ལ་གཟབ་གཟབ་བྱེད་ངེས།    
    གོང་དུ་བཙན་པོ་ལགས་ཀྱིས།   “ལས་མཚམས་བཞག་པ་ཡག་པོ་མི་འདུག ལོ་རྒྱུས་ཡག་པོ་ཡོད་མེད་རྩོམ་བསྒྲིག་ཚར་རྗེས་ལོ་རྒྱུས་མཁས་པ་གཞན་པ་ཁ་ཤས་སྐད་བཏང་ནས་ལོ་རྒྱུས་དེ་ལ་བསྐྱར་ཞིབ་བྱས་ན་འགྲིག་གི་འདུག” ཅེས་གསུངས་པར་འདོད་པ་མེད།   རྒྱུ་མཚན་དམ་ཆོས་དཔལ་བཟང་གྱིས་མི་ལོ་དགུ་བཅུ་ཞིག་གི་རིང་ལས་ཁུངས་ཆེད་འཛུགས་བྱས་ཏེ།   རོགས་པ་ཁ་ཤས་བཅས་ཀྱིས་ལས་ཀ་བྱས་པའི་འབྲས་བུར་ས་བོན་ནམ་དཀར་ཆག་ལྟ་བུའི་དེབ་གཅིག་གི་ཚད་ཡོད་མེད་ཤོད་ཀྱིན་ཡོད་པར་ལྟོས་དང་།   མཚམས་འཇོག་བྱས་ན་ཡག་གམ་མུ་མཐུད་དུ་ལས་ཀ་ཁོས་བྱས་ན་ཡག།   གལ་ཏེ་ཁོ་ལ་མུ་མཐུད་དུ་ལས་ཀ་འདི་བྱེད་བཅུག་ན།   ད་དུང་མི་ལོ་བཅུ་གྲངས་ཞིག་ལ་སྒུག་དགོས་པ་སྨྲོས་མེད་ཡིན་པ་མ་ཟད།    དེའི་སྤུས་ཚད་ཀྱང་མགོ་ལོག་ལོ་རྒྱུས་ཀྱིས་ངོ་སྤྲོད་བྱས་ཡོད་པས།    དེ་དུས་གཞི་ནས་མཁས་པ་གདན་དྲངས་ཏེ་ཞུས་དག་གཏོང་དགོས་ན།    དུས་ཚོད་དང་སྒོར་མོ་གཉིས་ཀ་འཕྲོ་རླག་ཏུ་བཏང་ཚར་བ་མ་རེད་དམ།    དེ་བས་ངེས་པར་དུ་ཆོལ་གསུམ་ལོ་རྒྱུས་ཤིག་དགོས་ན།    མཁས་པ་དང་དམིགས་བསལ་ལོ་རྒྱུས་སྨྲ་བ་ཁག་ཆེད་འགུགས་བྱས་ཏེ།   ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་ཚོགས་པ་གསར་འཛུགས་བྱས་ན་དུས་ཚོད་དང་།   འགྲོ་གྲོན་གཉིས་ཀར་ཕན་ཐོགས་ཡོད་པ་མ་ཟད།    མ་འོངས་པའི་གྲུབ་འབྲས་ཀྱང་མགོ་ལོག་ལོ་རྒྱུས་ལྟ་བུ་ཞིག་མིན་པའི་རེ་བ་སྔ་ས་ནས་བྱེད་ཐུབ།   དེར་བརྟེན་ངས་ནི་སྐུ་སྒེར་ཡིག་ཚང་གིས་ཐག་གཅོད་འདི་ལ་རྒྱབ་སྐྱོར་དང་དགའ་བསུ་ཞུ་གིན་ཡོད།
    ངས་འདི་ལྟར་ཤོད་དོན།   ང་དང་དམ་ཆོས་དཔལ་བཟང་གི་བར་ན་སྒེར་འཁོན་སྤུན་ཙམ་མེད་མོད།   བོད་སྤྱི་བའི་དོན་དག་དང་།    གསེར་ལྟ་བུའི་དུས་ཚོད།   ད་དུང་སྐུ་སྒེར་རམ།   ༧གོང་ས་མཆོག་གི་ཕྱག་དངུལ་དེ་ཚོ་དོན་མེད་འཕྲོ་རླག་ཏུ་འགྲོ་བར་ཕངས་སེམས་སྐྱེས་ཏེ་འདི་ལྟར་ཤོད་དགོས་བྱུང་བ་ཡིན།

    Reply
  25. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་ལ་ཞུ་རྒྱུར།

    ཉེ་བའི་ཆར་ངེད་རང་དུས་བབ་ཀྱི་དྲ་ངོས་འདིར་ཞུགས་ཤིང༌། གང་བཀླགས་པའི་གཞན་གྱི་རྩོམ་ཡིག་གི་གཤམ་ལ་བསམ་ཚུལ་འགའ་ཡང་སྤེལ་མྱོང༌། དེ་རྗེས་༼ཁྱེད་ཀྱི་ཕྱོགས་སུ་བརྫངས་པ༽་ཞེས་པའི་ཟིན་བྲིས་གཉེར་མུས་ཡིན། ད་ལྟ་ང་ཚོས་གླེང་མུས་གསར་འགྱུར་འདིའི་མཇུག་ཏུ། དེ་རིང་རང༌། སྐུ་སྒེར་དྲུང་ཆེ་ཚོར་བསམ་ཚུལ་གཉིས་འབུལ་རྒྱུ་ཡོད༽་ཅེས་པ་དང༌། བསམ་ཚུལ་དང་པོ་དེ་སྤེལ་བ་ཡིན།
    དེ་རིང༌། བསྟན་འཛིན་ཟེར་མཁན་གྱི་དྲ་གྲོགས་གཞན་ཞིག་ཀྱང་སླེབས་བྱུང་ལ། ཁོས་ནི་ནོར་འཁྲུལ་༼གི༽༼རྒང༽ལ་ནོར་༼འཕྲུལ༽བཟོས་ནས་ཞེས་པ་ལྟ་བུའི་ཡིག་ནོར་སྤེལ་ཞིང་སླེབས་སོང༌། ཀློག་མཁན་དག་བསྟན་འཛིན་གཉིས་ནོར་སོ་མི་འབྱུང་ཆེད། ད་ནས་ངས་སྔར་མུས་བསྟན་འཛིན་ཅེས་མིང་ཕྱེད་དམ་འབོད་མིང་རྒྱུན་འཇགས་པར་འགྱུར་བ་བཏང་སྟེ། བསྟན་འཛིན་ཚེ་དཔག་ཅེས་རང་མིང་ཆ་ཚང་བཀོད་འབྲི་ཞུས་ཡོད། དེ་དང་ཆབས་ཅིག ད་ནས་ཟིན་བྲིས་ཁོ་ནར་འཛུལ་ཏེ་རྩོམ་ཡིག་སྤེལ་རྒྱུ་ལས། གཞན་རྩོམ་གྱི་གཤམ་ལ་བསམ་ཚུལ་སྤེལ་སར་འཛུལ་ཞུགས་མི་ཞུ་བའི་ལམ་ཁ་འདེམས་པ་ཡིན། དེས་ན། དྲ་གྲོགས་ཚོས་ད་ལྟ་རང་འབྱོར་བའི་བསྟན་འཛིན་དང་ངེད་བསྟན་འཛིན་ཚེ་དཔག་གཉིས་མ་ནོར་བ་གནང་རོགས་ཞེས་ཞུའོ།།

    བསྟན་འཛིན་ཚེ་དཔག

    Reply
  26. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    ངས་དམ་ཆོས་དཔལ་བཟང་གི་འགུ་ལོག་ལོ་རྒྱུས་མཐོང་མ་མྱོང་། འོན་ཀྱང་དམ་ཆོས་ཀྱི་རྩོམ་ཉག་ཉོག་ཁ་ཤས་ཤིག་མཐོང་བ་ལ་དཔག་ན། དམ་ཆོས་ལྟ་བུས་ཆོལ་གསུམ་ལོ་རྒྱུས་ཡག་པོ་ཞིག་གཏན་ནས་འབྲི་ཐུབ་རྒྱུ་མ་རེད་། དེ་བས་སྔ་ས་ནས་ཞབས་འདྲེན་མ་ཞུས་གོང་ནས་མཚམས་བཞག་ན་ལེགས་ཤོས་རེད་བསམ་གྱི་འདུག དྲ་ཐོག་འདིར་ཕྱོགས་ཞེན་གྱི་སྐད་ཆ་ཅི་ཡང་བཤད་དོན་མེད་། འོན་ཀྱང་ཆོལ་གསུམ་ལོ་རྒྱུས་སྤུས་གཙང་ཞིག་ཡོང་དགོས་ན་འབྲི་མཁན་ངེས་པར་དུ་རྩོམ་པ་པོ་ཚད་ལྡན་ཅིག་ཡིན་དགོས་རྒྱུ་རེད་།
    དེ་ནི་དྲང་མོར་སྨོས་པ་ཡིན་། །

    Reply
  27. བསྟན་འཛིན། says:
    ལོ་ 16 སྔོན།

    ཤེས་རབ་འབྱུང་གནས་ལགས་ཀྱིས་གསུངས་པ་བདེན་པ་རེད།    ངས་ཀྱང་དེ་སྔོན་ཁ་བརྡ་དྲ་ཐོག་ནས་དམ་ཆོས་བཟང་གི་སྐོར་མཐོང་བྱུང་།    དེ་དག་བདེན་པ་ཡིན་ས་རེད།    ད་ཞབས་འདྲེན་གི་ཐོག་ལ་ཞབས་འདྲེན་དང་།    ནོར་འཁྲུལ་གི་རྒང་ལ་ནོར་འཕྲུལ་བཟོས་ནས་གནོད་ལས་ཕན་པ་ཡོད་པ་མ་རེད།   དེ་བས་སྐུ་སྒེར་ཡིག་ཚང་ནས་ཐག་གཅོད་གནང་བར་གུས་བཀུར་དངས་ལེན་ཞུས་ན་ཡག་པོ་འདུག    འཇིག་རྟེན་གྱི་ཁ་དཔེར།   རྨི་ལམ་ཡག་ཐོག་ལ་སད་ན་ཡག    ཟེར་བ་ལྟར།   ཡང་མགོ་ལོག་ལོ་རྒྱུས་ལྟ་བུའི་ནོར་འཁྲུལ་དང་ཞབས་འདྲེན་མ་ཞུས་པའི་སྔོན་ནས་མཚམས་འཇོག་བྱེད་དུ་བཅུག་པ་ཤིན་ཏུ་ལེགས་པས།   སྐུ་སྒེར་ཡིག་ཚང་དང་དཔེ་མཛོད་ཁང་གཉིས་ལ།   དེ་སྔོན་གྱི་ནོར་འཁྲུལ་ངོས་ལེན་དང་སྦྲགས།   ཕྱིན་ཆད་དེ་རིགས་མི་བྱེད་པའི་དམ་བཅའ་བྱས་ན་བཟང་།   ནོར་འཁྲུལ་སུ་ལ་ཡང་འབྱུང་མི་སྲིད་པ་མ་རེད།   ནོར་འཁྲུལ་ངོས་ལེན་མ་བྱས་ན་དཔེ་མི་སྲིད་པའི་སྡུག་ཆག་རེད།    སྤྱིར་བཏང་སྐུ་སྒེར་ཡིག་ཚང་གི་སྐུ་ངོས་ཚོས་ཕྱག་ལས་གནང་སྟངས་ལ་འགྲིག་མིན་ཡོད།   ཐེངས་འདིའི་ཐག་གཅོད་དེ་ཡག་པོ་ཞེ་དྲགས་འདུག   འདིས་བོད་གཞིས་བྱེས་གཉིས་ལ་ཕན་ཐོགས་ཡོད་རེད།   ད་དུང་དམ་ཆོས་དཔལ་བཟང་རང་ལ་ཡང་ཕན་ཆེན་པོ་བཏག་ཡོད།    རྒྱུ་མཚན་སླར་ཡང་ནོར་འཁྲུལ་ཆེན་པོ་དང་།     ས་ལ་མི་ཤོངས་པའི་ཞབས་འདྲེན་ཞུ་བཞིན་ཡོད་པ་དེ།   མཚམས་འཇོག་གནང་བས་སོ།། 

    Reply
  28. བཙན་པོ། says:
    ལོ་ 16 སྔོན།

    ལས་མཚམས་བཞག་པ་ཡག་པོ་མི་འདུག ལོ་རྒྱུས་ཡག་པོ་ཡོད་མེད་རྩོམ་བསྒྲིག་ཚར་རྗེས་ལོ་རྒྱུས་མཁས་པ་གཞན་པ་ཁ་ཤས་སྐད་བཏང་ནས་ལོ་རྒྱུས་དེ་ལ་བསྐྱར་ཞིབ་བྱས་ན་འགྲིག་གི་འདུག

    Reply
  29. བཙན་པོ། says:
    ལོ་ 16 སྔོན།

    ལས་མཚམས་འཇོག་དགོས་པ་མི་བགྱི་མི་འདུག ཁ་བརྡའི་ནང་དམ་ཆོས་དཔལ་བཟང་ལ་ཁུངས་མེད་སྐྱོན་འཛུགས་མང་པོ་ཞིག་བྱས་པས་རྐྱེན་འདུག་བསམ། དྲ་ཚིགས་ནང་གནས་ལུགས་མེད་པར་སྐྱོན་བརྒྱག་མཁན་མང་དོ་ཡོད་ལ། རྒྱའི་མྱུལ་མ་ཡང་མང་པོ་ཡོད་སྲིད་པ་ཞིག་རེད། དེ་དག་གི་ཁར་ཉན་ན་དེའི་ནང་ན་རྒྱལ་བ་རིན་པོ་ཆེ་སྐྱོན་བཤད་མཁན་དང་བཀའ་ཤག་སྒོ་རྒྱག་དགོས་པ་འདྲ་བོ་བཤད་མཁན་ཡང་ཡོད། དེ་ལྟར་བྱེད་བགྱི་ཡིན་ནམ།

    Reply
  30. ཤེས་རབ་འབྱུང་གནས། says:
    ལོ་ 16 སྔོན།

    བཀུར་འོས་སྐུ་སྒེར་འབྲེལ་ཡོད་ཚོགས་ཆུང་ནས།   དམ་ཆོས་དཔལ་བཟང་གིས་རྩོམ་སྒྲིག་བྱེད་བཞིན་པའི་ཆོལ་གསུམ་ལོ་རྒྱུས་ལས་མཚམས་བཞག་པར་དགའ་བསུ་ཡོད།    ལས་ཀ་འདི་ཚོའི་གྲས་ཏེ་ངོ་མ་སྒོར་མོ་འཕྲོ་རླག་དང་།   བོད་མིའི་ཞབས་འདྲེན་མ་གཏོགས་མེད་དུས་ལས་མཚམས་བཞག་པ་དེ་ཡག་པོ་བྱུང་།
    ད་དུང་དམ་ཆོས་དཔལ་བཟང་གིས།    སྐུ་སྒེར་གྱི་ལས་བྱེད་ཚོར་ཡིད་མ་ཆེས་མདོག་དང་།    ༧གོང་ས་མཆོག་ལ་དངོས་སུ་ཞུ་དགོས་ཚུལ་བཤད་པ་ནོར་བ་རེད།   སྐུ་སྒེར་ཡིག་ཚང་ནས་ཐག་གཅོད་གནང་བའི་ལྷག་ཅིག་༧གོང་ས་མཆོག་གིས་ཀྱང་གནང་གི་མ་རེད།   དེ་གནང་ན་སྐུ་སྒེར་ལས་བྱེད་རྣམས་ཀྱིས་ཕྱག་ལས་གནང་རྒྱུ་སྟབས་བདེ་ཡོང་གི་མ་རེད།
    ཡང་དམ་ཆོས་དཔལ་བཟང་གིས།   ཤོག་སྙིགས་སུ་མི་འགྲོ་བའི་ཆེད་ཅེས་ཟེར་མོད།   ཤོག་སྙིགས་ཤོག་སྙིགས་སུ་དོར་ན་སྐྱོན་ཅི་ཡོད།   དེ་སྔོན་ཁྱོད་ཀྱིས་བྲིས་པའི་མགོ་ལོག་ལོ་རྒྱུས་དེ་ཤོག་སྙིགས་ལས་ཀྱང་བཙོག་པས་དེ་འདྲ་ཞིག་མེད་ན་ཡག་པོ་འདུག   ཆོལ་གསུམ་ལོ་རྒྱུས་ཡང་དེ་འདྲ་ཞིག་མ་གཏོགས་ཡོང་མི་སྲིད་པས།   ད་ནས་ཤོག་སྙིགས་སུ་དོར་ན་ཡག་ཤོས་རེད།   
    ཁྱེད་ཚོས་དམིགས་ཀྱིས་ལས་ཁུངས་བཙུགས་ནས་ལོ་ག་ཚོད་ཕྱིན་སོང་ངམ།   སྐུ་སྒེར་གྱི་ཕྱག་དངུལ་ག་ཚོད་འཕྲོ་རླག་ལ་བཏང་ཡོད་དམ།    ལོ་དུ་མའི་རིང་ཕྱོགས་བསྒྲིགས་བྱས་པ་དེ་ལ་དེབ་གཅིག་གི་ཚད་ཙམ་མ་གཏོགས་སྟོན་རྒྱུ་མེད་ན་ངོ་མི་ཚའམ།    མཁས་དབང་ཧོར་འཇིགས་ཀྱིས།   ད་ལྟའི་ཆར་ཡག་བཙོག་ཐག་གཅོད་མི་ཐུབ་ཀྱང་།   མདོ་སྨད་ལོ་རྒྱུས་ཆེན་མོ་དེབ་དྲུག་ཅན་ཞིག་དངོས་སུ་དཔར་བསྐྲུན་གནང་ཡོད་པ་མ་མཐོང་ངམ།    ཁོང་མི་གཅིག་གིས་ལོ་དགུའི་རིང་དེབ་ཆེན་དྲུག་བརྩམས་ཐུབ་ས་ནས།   ཁྱེད་ཅག་མི་བཞི་ལྔ་ཞིག་གིས་ལོ་དུ་མའི་རིང་དེབ་གཅིག་གི་ཚད་ཙམ་མ་གཏོགས་གྲུབ་མེད་པས་ངོ་མི་ཚ་འམ།    དེ་ཡང་མགོ་ལོག་ལོ་རྒྱུས་འདྲ་བོ་ཞིག་ལོས་ཡིན་འདོད་ཀི་ཡ།
    གང་ལྟར་ལས་གཞི་འདི་མཚམས་བཞག་གནང་བར་རྗེས་སུ་ཡི་རང་ཡོད།    སྐུ་སྒེར་ཡིག་ཚང་གིས་ད་ཐེངས་ད་ཕྱག་ལས་གནང་སྟངས་ནོར་མི་འདུག    རྗེས་སུ་ཡང་ཕྱག་ལས་ཅི་ཞིག་གནང་ན།   འདི་ལྟར་བརྟག་དཔྱད་གནང་ནས་ཐག་གཅོད་གནང་རྒྱུ་གལ་ཆེ།   འདི་ནས་རེ་ཞིག་འབྲི་མཚམས་འཇོག

    Reply
  31. དཀོན་མཆོག says:
    ལོ་ 16 སྔོན།

    གྲོགས་བསྟན་འཛིན་ལགས་ཁྱེད་རང་རྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད།
    རབ་བྱུང་ན། འདི་འདྲ་བའི་གནས་དོན་དག་ཐད་ཀར་ཞུ་གཏུག་དགོས་ཡ་རང་རེད།

    Reply
  32. བསྟན་འཛིན says:
    ལོ་ 16 སྔོན།

    སྐུ་སྒེར་དྲུང་ཆེ་ཚོར་བསམ་ཚུལ་གཉིས་འབུལ་རྒྱུ་ཡོད།

    ༡ སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཚོ་སྐུ་སྒེར་ལ་ཤ་ཚ་ཡོད་ན་ནི། བསྔོ་རྟེན་དང་སྐྱབས་རྟེན་འབུལ་སྐབས་བྱུང་འཛིན་སྟེང་ཡིག་ནོར་སྤེལ་མཁན་འདི་ཚོ་བརྗེ་པོ་རྒྱག་དགོས་ནས་འདུག ཁོང་ཚོས་ཡིག་ནོར་སྤེལ་སྡོད་ཀྱི་ཡོད་པ་འདི། གོང་ས་མཆོག་གི་མཚན་ཤས་སུ་འགྲོ་ཉེན་འདུག འདི་ཚོས་འདས་གསོན་མང་པོ་ཞིག་གི་མིང་དེ་ནོར་ནས་བྲིས་ཡོང་གི་ཡོད་པ་ནི་བཤད་བཟོད་པ་ཞིག་མིན། སྐུ་ངོ་དྲུང་ཆེ་ཚོར་རེ་བ་ཞུ་རྒྱུར། དེ་ཚོ་བརྗེ་པོ་བརྒྱབ་ནས་མིང་ཡིག་དག་མོ་རེ་གནང་མཁན་རེ་བཞག་པ་ཡིན་ན། དེ་ནི་དགོས་ཐག་གཅོད་དགོས་པ་ཞིག་རེད།

    ༢ སྐུ་སྒེར་གྱི་དྲུང་ཆེ་ཚོས། རྒྱལ་བ་རིན་པོ་ཆེ་དང་བོད་མི་དམངས་ལ་འགན་ཞིག་འཁུར་ནས་ད་ཡོད་སྐུ་སྒེར་གྱི་དྲ་གནས་འདི་བོད་ཡིག་གི་ལམ་ནས་མཇལ་རྒྱུ་ཡོད་པ་ཞིག་གནང་རོགས་ཞེས་ཞུའོ།།

    གོང་དུ་དྲ་གྲོགས་ཤིག་གིས་གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་གཉིས་ལོགས་སུ་ཡིན་པ་འདྲ་པོ་མ་བཤད་པ་བཟང་རབས་བཤད་འདུག་པ་ཤིན་ཏུ་ནས་མད། དེ་ལྟར་ནའང༌། སྐུ་སྒེར་གྱི་དྲུང་ཆེ་དང་ལས་བྱེད་ཚོས་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་རྒྱབ་འགལ་གྱི་ལས་ཀ་བྱས་ཡོང་བའི་སྐབས་ལ། གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོས་གང་བྱས་ཐམས་ཅད་གཅིག་ཏུ་བལྟས་པས་ཡོང་གི་མ་རེད། དཔེར་ན། སྐུ་ངོ་བློ་བཟང་སྦྱིན་པར་གླེང་རྙོག་བྱུང་མཇུག གོང་ས་མཆོག་གིས་བཀའ་བཀྱོན་ཕེབས་སོང་ཞེས་དོ་བདག་ངོ་མས་གསར་ལམ་ཁག་ལ་བཤད་ཡོད་པ་རེད། དེ་དུས་གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོའི་གནང་སྟངས་དང་བྱེད་སྟངས་གཅིག་ཏུ་བལྟས་པས་མི་འགྲིག་པ་ལྟ་བུ་རེད། ད་ལྟ་ང་ཚོས་སྐུ་སྒེར་གྱི་དྲུང་ཆེ་དང་འབྲེལ་ཡོད་ལས་བྱེད་ཚོས་འགྲིག་མེད་ཚུལ་ལས་བརྩམས་ཏེ་གླེང་གི་ཡོད་པ་རེད་ལ། དེ་དག་ནི་གླེང་དགོས་ངེས་ཤིག་ཀྱང་རེད་ཅེས་ཀྱང་ཞུའོ།།

    Reply
  33. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གལ་སྲིད་སྐུ་སྒེར་ལས་གཞི་ཚོགས་ཆུང་གིས། ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་གི་ལས་གཞི་མཚམས་འཇོག་དགོས་པའི་རྒྱུ་མཚན་སྔར་བཀོད་གཉིས་པོ་དེ་ཙམ་ལས་མེད་ན། དྲ་གྲོགས་བསྟན་འཛིན་གྱིས་གསུང་པའི་དོགས་འདྲི་སོ་ན་གནས་སོ།།

    Reply
  34. བློ་བཟང་། says:
    ལོ་ 16 སྔོན།

    སྐུ་ཞབས་ལུང་རིགས་ལགས་ཀྱིས།   ངས་མཆན་རྣམས་བསུབས་ཅིང་དེའི་ཐད་ལམ་སྟོན་གནང་བར་དགའ་བསུ་ཡོད།   

    འགུ་ལོག་དམ་ཆོས་དཔལ་བཟང་ལགས།
    ཁྱེད་ཀྱིས་བརྩམས་གནང་བའི་འགུ་ལོག་ལོ་རྒྱུས་དང་།    ལས་མཚམས་བཞག་པའི་ཆོལ་ཁ་གསུམ་གྱི་ལོ་རྒྱུས་སྐོར་ལ་སྤྱི་ཚོགས་ཐོག་འདི་ལྟར་གླེང་གི་ཡོད་པས།   དེའི་ཐོག་དགོངས་ཚུལ་ཅི་ཡོད་དམ།   
    གཤམ་གྱི་ Link ཐོག་ཕེབས་རོགས་གནོངས།
    http://www.khabdha.org/?p=2293#comments

    Reply
  35. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྐུ་ཞབས་བློ་བཟང་ལགས། ཉིད་ཀྱིས་ཐུགས་བརྩོན་ཆེན་པོས་ཁ་བརྡ་དྲ་ཐོག་གི་མཆན་མང་པོ་ཞིག་འདིར་བཀོད་འདུག་ཀྱང་། སྤྱིར་བཏང་འདིའི་རིགས་ཐད་ཀར་དྲ་ཚིགས་དེར་མཐུད་སྦྱོར་ Link སྤྲད་པ་ཡིན་ན་སྟབས་བདེ་བོ་འདུག དེ་མིན་ཁ་བརྡ་དྲ་ཚིགས་ཀྱི་མཆན་མཐའ་དག་འདིར་བཀོད་པ་ཡིན་ན་རྒྱུ་མཚན་ཆེར་མི་འདུག་པས་ངས་ཉིད་ཀྱིས་འདྲེན་འགོད་བྱས་པའི་མཆན་དེ་དག་བསུབས་པ་ཡིན། དགོངས་འགལ་མེད་པ་ཞུ།

    ལུང་རིགས་རྒྱལ་གྱིས།

    Reply
  36. དཀོན་མཆོག says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་ནས་མཚམས་འཇོག་དགོས་ཟེར་དུས་མཚམས་མ་འཇོག་ན། དེ་ནས་ཡོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  37. བདེ་འབྱུང་ says:
    ལོ་ 16 སྔོན།

    དཀའ་ལས་བརྒྱབ་ཡོད་པ་དང་གནོངས་འགྱོད་མེད་ན་ཡག་ཤོས་རེད། གོང་ནས་མཚམས་འཇོག་དགོས་པ་རེད་གསུངས་ཡོང་བ་ཡིན་སྟབས། དེར་རྒྱུ་མཚན་ངེས་ཅན་ཡོད་པ་དང་ཐག་གཅོད་དེ་ཡང་བབ་བརླིང་བརྟན་གསུམ་གྱི་ཐག་གཅོད་ཅིག་ཡིན་པར་ངེས་པར་དུ་ངོས་འཛིན་ཐུབ་པའི་སྤོབས་པ་ལྡན་དགོས། དེ་མིན་རྒྱལ་བ་རིན་པོ་ཆེ་དང་སྐུ་སྒེར་ལོགས་སུ་ཡིན་པ་འདྲ་བོ། སྐུ་སྒེར་དྲུང་ཆེ་རྣམས་ཀྱིས་རྒྱལ་བ་རིན་ཆེར་དབུ་སྐོར་ཞུ་གིན་ཡོད་པའི་ཟོལ་འདྲ་བོ་གསུངས་བསྡད་པ་ཡིན་ན་ཐབས་སྐྱོ་བོ་རེད། དེ་སྔོན་ཨ་མདོའི་གསར་འབྱོར་མགོ་བདེ་དྲན་འཕྲུལ་རེ་ཟུང་དང་ལི་ཐང་ཨ་ཐར་ཅན་ཚོགས་པས་སོགས་ཀྱིས་དེ་འདྲ་གནང་མྱོང་བ་རེད།

    Reply
  38. བསྟན་འཛིན says:
    ལོ་ 16 སྔོན།

    ན་ནིང༌། ྋརྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བའི་ནང༌། མི་ལོ་སུམ་ཅུ་འཐུས་ཤོར་ལ་བཏང་སོང༌། ད་ཤུགས་རྒྱག་དགོས་པ་རེད་གསུངས་ཡོད་པ་རེད། ད་ལོར། སྐུ་སྒེར་ལས་གཞི་ཚོགས་ཆུང་གིས། ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་གི་ལས་གཞི་མཚམས་འཇོག་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད། ཞིབ་ཏུ་བསམས་ན། འདི་ནི་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལམ་དུ་མི་ལྷོངས་པར་བྱེད་པའི་བྱ་བ་ཞིག་རེད། ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་འགན་འཛིན་གྱིས་བཤད་པ་དེ་ག་རང་རེད། ད་ཡོད་མིའི་ཤེས་ཚད་ཀྱིས་ལྕོགས་ཀྱི་མེད་ན་ཤེས་ཚད་ཀྱིས་ལྕོགས་མཁན་ཁག་ཅིག་ལ་ལས་གཞི་མུ་མཐུད་སྤེལ་བཅུག་ཆོག་གི་ཡོད་པ་རེད།
    ཡང༌། ན་ནིང་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་ལྟ་བུར། གོང་ས་མཆོག་གིས། ལས་ཀ་བྱེད་དགོས་རེད། འཆར་གཞི་ཡག་པོ་ཞིག་བཏིངས་པ་ཡིན་ན། འགྲོ་གྲོན་གྱི་དཀའ་ངལ་འཕྲད་ཀྱི་མ་རེད་ཅེས་བཀའ་གསལ་པོ་གནང་ཡོད་པ་རེད། ད་ནི། སྐུ་སྒེར་ཡིག་ཚང་གི་ལས་ཀ་བྱེད་མཁན་འདི་ཚོས་ཅི་དགོངས་ཀྱི་ཡོད་དམ། དགོས་པ་དེ་མཚམས་འཇོག་བཅུག་པས་ཅི་བྱེད་དམ། དངོས་འབྲེལ་འདི་ལྟར་མཚམས་འཇོག་བཅུག་པ་ནི་ཕངས་པའི་གནས་རེད།
    དོགས་འདྲི་ཞིག་ཡོད།
    ༡ སྐུ་མདུན་ནས་ལས་གཞི་འདིར་རྒྱབ་སྐྱོར་བྱེད་དགོས་ཞེས་སྐུ་སྒེར་ཡིག་ཚང་ལ་བཀའ་མངགས་གནང་ཡོད་པ་གང་ཞིག་ལ། ད་ཆ་སྐུ་སྒེར་ཡིག་ཚང་ནས་མཚམས་འཇོག་བྱེད་དགོས་པའི་ཐག་བཅད་པ་འདི་གང་འདྲ་ཡིན་ནམ།
    ༢ ཧོར་གཙང་འཇིགས་མེད་ཀྱིས་བྲིས་པའི་མདོ་སྨད་ལོ་རྒྱུས་དེ་ཚད་ལྡན་ཡིན་མིན་ད་ལྟ་གླེང་རྒྱུ་སྔ་ཚོད་དུ་ཡོད། གང་ཡིན་ཟེར་ན། དེབ་དེ་སྤྱི་ཚོགས་ནང་སླེབས་རྒྱུར་བསྡད་ཡོད། ཅི་སྟེ་ཚད་ལྡན་ཞིག་ཡིན་པའི་དབང་དུ་བཏང་ནའང༌། དེ་ཆོལ་ཁ་གསུམ་གྱི་ལོ་རྒྱུས་མཚམས་འཇོག་པའི་རྒྱུ་མཚན་དུ་འགྲོ་རྒྱུ་དཀའ།
    ༣ སྐུ་སྒེར་ཡིག་ཚང་གི་ལས་གཞི་ཚན་ཆུང་དེ་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་བཀའ་མངགས་ལམ་སྟོན་ལ་གཞོགས་འདེགས་ཞུ་མཁན་རེད་དམ། ཡང་ན། བཀའ་མངགས་ཁག་བཀག་འགོག་དང་མཚམས་འཇོག་གི་བཀོད་ཁྱབ་གཏོང་མཁན་རེད་དམ། ད་ནི་མགོ་ཚོས་ཡག་ཁྱོན་ནས་མི་འདུག ཕངས་པ་ལའང༌།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese