མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་སྲིད་བྱུས་ཀྱི་གྲོས་འདེབས།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

༄༅།། དཔལ་ལྡན་རང་གཞུང་ཤེས་རིག་ལྷན་ཁང་དབུ་ལས་རྣམ་པ་དང་ཤེས་ཡོན་སྲིད་བྱུས་ཚོགས་མི་བཅས་པའི་སྙན་ལམ་དུ།

               བར་སྐབས་ལོ་རྒྱུན་མང་སོང་རིང་རང་རེའི་སློབ་ཕྲུག་ཁག་གི་ཤེས་ཡོན་གནས་ཚད་དང་། ཡ་རབས་སྤྱོད་བཟང། སྨྲ་བརྗོད་བྱེད་སྟངས་སོགས་སྐྱོ་ཐོག་སྐྱོ་རྩེག་སྦས་བསྐུངས་བྲལ་བའི་ཡོངས་གྲགས་གནས་བབས་ཐོག་འབྲེལ་ཆགས་རྣམ་པས་སྐྱོན་སེལ་གང་དགའ་ཅི་ལེགས་གྲོས་གཤོམ་གོ་བསྡུར་གནང་བཞིན་པ་གོ་ཐོས་བྱུང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཕྲན་ལ་ལས་དོན་འགན་འཁྲི་མེད་ན་ཡང་འདས་པའི་ལས་འབྲེལ་བག་ཆགས་དབང་གིས་རི་བོང་རྡོ་རྫུས་འདུག་ཐབས་བྲལ་བས་སྔོན་ཆད་རང་བྱས་མྱོང་སྒྲུབ་གཞི་རྩར་བྱས་ཏེ་ཟོལ་མེད་དཔྱད་བརྗོད་ལེ་ཚན་ཁག་གསུམ་གྲོས་འདེབས་འབུལ་འདོད་བྱུང་བ་ནི།
གཅིག༽ སྐྱོན་གནད་ཐུག་ས་གང་ཡིན།
གཉིས༽དཔྱད་གཞིའི་ཆེད་དུ་སྔོན་བྱུང་ལོ་རྒྱུས་ངོ་སྤྲོད།
 གསུམ༽སློབ་དགེ་དང་། མ་ཚབ་ཀྱི་འོས་ཆོས་ཅི་འདྲ་དགོས་པ་བཅས་ཡིན།
                                 སྐྱོན་གནད་ཐུག་ས་གང་ཡིན། 
༡༽གཏན་སློབ་ཁག་གི་དབྱིན་ཧིན་སློབ་དགེ་རྣམས་ཕུད་དེ་བྱིངས་སློབ་དགེ་ཕལ་ཆེ་བར་དབྱིན་བོད་ཤེས་ཚད་ཡོད་པ་ཙམ་གྱི་མ་འགྲིག་པར་རྩ་འཛུགས་སློབ་ཁྲིད་བྱེད་སྟངས་ཚན་རིག་དང་འབྲེལ་བའི་རིག་གཞུང་མན་ངག་དམིགས་བསལ་སྦྱོང་བརྡར་ཚད་ལྡན་ཐོབ་མྱོང་མེད་པ་དང་། གཞན་ཕན་ཤ་ཚ་རྣམ་དག་ཞན་དབང་དགེ་སློབ་དབར་ཕན་ཚུན་བརྩེ་སེམས་བར་ཐག་རིང་འགྱངས་ཆེ་སྐྱོན།
༢༽སློབ་ཕྲུག་དང་རྒྱུན་གཏན་འདྲིས་གཤིབ་ཆེ་བའི་ཁྱིམ་ཚང་མ་ཚབ་ཕལ་ཆེ་བའི་ལས་ཀའི་འགྲོ་འདུག་བཀོལ་ནུས་འཇོན་ཐང་གང་ཅི་དང་། སྒྲིག་སྤྱོད་སློབ་གསོ་བྱེད་པའི་ཤེས་ཚད་དམན་པའི་སྐྱོན་ཆ།
༣༽སློབ་གྲྭ་ཡོངས་ཀྱི་སྒྲིག་ལམ་བཀོད་འཆུན་ལ་རང་ཟོན་དབང་གིས་ཐུགས་སྣང་ཆུང་བ་དང་། སློབ་གསོའི་ལས་འཆར་ཡོངས་རྫོགས་གཏན་འབེབས་རྒྱུན་འཁྱོངས་མེད་སྐྱོན།
༤༽ཤེས་ཡོན་དང་འབྲེལ་བའི་འགན་ཡོད་རྣམ་པས་ལས་བྱེད་སོ་སོ་དང་། ལྷག་དོན་དུ་དགོས་ངེས་སློབ་དགེའི་ཤེས་འཇོན་དང་། སློབ་ཁྲིད་བྱེད་ཚུལ། སློབ་འཆར་སྒྲིག་སྟངས། ཀུན་སྤྱོད་འཁྱེར་སོ་སོགས་ལ་ཚད་གཞི་ལྡན་མིན་ཞིབ་དཔྱད་བཏང་འཛིན་དམ་ཚགས་མེད་པའི་སྐྱོན་ཆེ་བཅས། གཞི་རྐང་ཁྱེད་རྣམ་པ་ཕལ་ཆེ་བ་དགུང་ན་ཆུང་ཆུང་ཡིན་སྟབས་ཁ་ཉིན་གྱི་ཡག་ཡག་དེ་རིང་མི་དྲན་པ་ཐུགས་ཁག་ལར་ནས་མེད་པར་བརྟེན་དེ་སྔའི་སློབ་གྲྭའི་རྩ་འཛུགས་འགྲོ་སྟངས་བྱུང་ལུགས་གང་ཡིན་པ་ངོ་སྤྲོད་སྙིང་བསྡུས་ཤིག་ཞུ་ན་གཞི་རྩ་དེ་ལས་སྐྱོན་ངོ་ཆ་གསལ་ཙམ་འཕྲོད་པའི་རེ་བ་ཡིན།
                    དཔྱད་གཞིའི་ཆེད་དུ་སྔོན་བྱུང་ལོ་རྒྱུས་ངོ་སྤྲོད།
༡༽ཕྱི་ལོ་ ༡༩༦༠ ཐམ་པའི་ལོ་འགོར་བཞུགས་སྒར་མ་སུ་རི་ལ་ཐོག་མར་སློབ་གྲངས་ ༥༠ ཡོད་པའི་སློབ་གྲྭ་གསར་འཛུགས་གྲས་སུ་ང་རང་ཡང་ཡོད། ཡང་ཕྱི་ལོ་ ༡༩༦༡ ལོ་འགོར་ངྷ་རམ་ས་ལ་ནས་བོད་ཕྲུག་ཆུང་གྲས་གྲངས་ ༢༦༥ དུས་གཅིག་ཏུ་འབྱོར་རྐྱེན་ང་ཚོ་ཁག་གཅིག་གི་རང་ངོས་སློབ་སྦྱོང་ཚ་འཐོར་ཏེ་བོད་རང་ནས་ཡིག་རྩིས་ཤེས་པའི་སློབ་ཕྲུག་རྒན་པ་གྲངས་ ༡༢ དང་ལ་སྦུག་ནས་ ༢ བཅས་རྒྱ་གར་ཡུ་སྦི་གྲོང་ཁྱེར་ལག་ནའུ་ཨི་ཀྲར་སི་ཞེས་པའི་མཐོ་སློབ་ཁང་དུ་དགེ་རྒན་འོས་སྦྱོང་ཟླ་དྲུག་རིང་བྱས། མ་སུ་རི་སློབ་གྲྭར་ཕྱིར་འཁོར་མཚམས་ཡང་བསྐྱར་མ་སུ་རིར་ཨ་མི་རི་ཀའི་༼འོལ་སི་ཀྲོབ༽སློབ་གྲྭའི་དགེ་ཆེ་གཞོན་པ་མི་སི་འོས་གར་ཞུ་བ་ཁོང་ནས་རེ་གཟའ་སྤེན་པ་དགོང་དྲོ་ནམ་ཡིན་ལ་ང་ཚོ་སློབ་ཕྲུག་ཉི་ཤུ་སྐོར་ལ་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་ཚན་རིག་དང་འབྲེལ་བའི་གསར་གཏོད་མན་ངག་སྦྱོང་བརྡར་ཟླ་གྲངས་མང་པོར་གནང་བ་རེད། སྐབས་དེར་སྐད་སྒྱུར་དང་ཕྱག་རོགས་ཕྲེང་རིང་ཨ་མ་ལགས་རེད། ང་ཚོ་སློབ་དགེ་མིང་འཛིན་པ་རྣམས་ལ་ཟླ་རེ་སོ་ཁྲུ་སོ་སྨན་ཉོད་དོད་ཡིན་ཞེས་ཟླ་རེ་ཧིན་སྒོར་ ༡༠།༠༠རེ་གནང་མུས་ལ་ད་དུང་དེ་ལས་མང་ཙམ་གནང་རེ་བྱེད་མཁན་སུ་ཞིག་མེད་བརྗོད་ན་རྫུན་དུ་མ་འགྲོ།
༢༽ང་ཚོས་དགེ་རྒན་སྦྱོང་བརྡར་གྱི་ནང་དོན་མཚན་ཉིད་ཐབས་བེད་བཅད་ནས་སློབ་ཕྲུག་རྣམས་ལ་ཤ་ཚ་བརྩེ་སེམས་ཀྱི་ལམ་ནས་སློབ་ཁྲིད་བྱས་པ་ཡིན་ཙང་སློབ་ཕྲུག་ཚོས་ཀྱང་དེ་བཞིན་དུ་དགེ་རྒན་ལ་གུས་བཀུར་སེམས་འཁྲི་དང་། ཡིད་ཆེས་བློ་གཏད་ངང་ནས་སློབ་ཁྲིད་བྱས་ཚད་རིག་པ་རྩལ་སྟོན་གྱིས་ཤེས་ཡོན་སྦྱང་འབྲས་ཁྱད་འཕགས་ལྡན་པ་བྱུང་བ་རེད།
༣༽ཕྲན་ཚོར་དགེ་རྒན་གྱི་ལས་འགན་ཡོད་པ་ཙམ་དུ་མ་ཚད། བཅུ་དཔོན་ལས་ཁུར་ཡང་ཡོད་པ་ཡིན། གང་ཡིན་ཟེར་ན་ཕ་ཚབ་མ་ཚབ་མང་པོ་བསྐོ་འཇོག་བྱས་པར་སློབ་གཞུང་ལ་ཕོགས་གྲོན་དང་སྡོད་གནས་ཆ་རྐྱེན་མེད་སྟབས་ང་ཚོ་སློབ་དགེ་ཡིན་མིན་ལ་མ་ལྟོས་པར་ཕྲུ་གུ་ཆུང་བ་བཅུ་རེ་རྩིས་སྤྲོད་ཡོད་པ་རྣམས་མཚན་མོ་བཅུ་ཤོག་མལ་ཁང་འབྲེལ་མཚུངས་བཅུ་དཔོན་འགྲོ་རེས་བྱས་ཏེ་ཕྲུ་གུ་ཆབ་གསང་ལ་ཁྲིད་ཞོར་མལ་ཆས་འགེབས་གཡོག་དང་། ཉིན་མོ་བཅུ་ཤོག་ཞོག་ཇ་དང་། སྔ་དགོང་ལྟོ་ཟས་སྐབས་སུ་ཟ་སྟངས་འགྲོ་ལུགས་དང་། ཡ་རབས་སྤྱོད་བཟང་བསྟེན་ཚུལ་སློབ་གསོ་རྒྱུན་གཏན་བྱེད། དེ་བཞིན་ནད་བྱུང་ན་སྨན་ཁང་བསྟེན་གཏུགས། རེས་གཟའ་སྤེན་པ་ཉིན་ཕྱེད་དང་། ཉི་མའི་གུང་གསེང་གང་རུང་ཐོག་བཅུ་ཤོག་ཕྲུ་གུའི་གཟུགས་པོ་དང་། གྱོན་གོས་ཁྲུ་རོགས་བྱེད་དགོས་སོགས་སློབ་སྤྱིའི་བཀའ་ཁྱབ་སྒྲིག་སྲོལ་ལ་མ་ལྟོས་པར་ཕ་མ་དང་སྤུན་མཆེད་ཡུན་རིང་མཐོང་ཐོས་བྲལ་བའི་ཉམ་ཐག་དྭ་ཕྲུག་ལྟ་བུའི་བུ་ཕྲུག་ཆུང་ཆུང་དེ་ཚོར་རང་གི་བུ་ཕྲུག་དང་ཁྱད་མེད་ཤ་ཚ་སེམས་ཁུར་གཅེས་སྐྱོང་གང་ཡོང་བྱས་པའི་ཉེར་ལེན་ལ་བརྟེན་ནས་ཆུང་བས་ཆེ་བར་སེམས་ཁྲི་ཡིད་ཆེས་བྱས་པ་བརྒྱུད་ཡ་རབས་འགྲོ་འདུག་སྤྱོད་གསུམ་མིག་ལྟོས་བཟང་འགྲན་རྒྱུད་འཇགས་ཐུབ་པ་བྱུང་བ་རེད།
༤༽གཞན་ཡང་གོང་དང་མཚུངས་པའི་ལོ་རྒྱུས་ཤིག་ལ་ཕྱི་ལོ་ ༡༩༦༢ ལོ་མཇུག་ཏུ་ངྷ་རམ་ས་ལའི་ཀང་ར་རྫོང་ཁུལ་ས་གནས་ཤིག་ལ་མི་གྲངས་ ༤༠ སྐོར་ཡོད་པའི་དགེ་འོས་སྦྱོང་བརྡར་ཐེངས་གཉིས་ཚུགས་པའི་སློབ་ཡུན་ལོ་གཉིས་རེ་ཡིན་འདུག་ཅིང། སློབ་མིའི་ཡོང་ཁུངས་ནི་གདན་ས་གྲྭ་ཚང་ནས་ནང་ཆོས་བོད་ཡིག་ཤེས་ཚད་ལྡན་པའི་ན་གཞོན་བླ་མ་དང་སྤྲུལ་སྐུ། དགེེ་བཤེས། དགེ་སློབ། མི་སྐྱ་གང་ཙམ་བཅས་དྲག་འདེམས་གནང་བའི་དགེ་འོས་སྦྱོང་བརྡར་སློབ་གྲྭ་དེའི་སློབ་སྤྱི་དང་། སྙན་ངག་སུམ་རྟགས་སློབ་དཔོན་གཅིག་ལྕོགས་དགའ་ལྡན་འཛིན་སྨད་རིན་པོ་ཆེ་དང་། རྒྱལ་རབས་ཆོས་འབྱུང་སློབ་དགེ་རྒྱུད་སྨད་མཁན་ཟུར་ངག་དབང་ལེགས་ལྡན་རིན་པོ་ཆེ། གཞུང་སྲོལ་ཡིག་ལམ་འགྲོ་སྟངས་དང་། ཡིག་གཟུགས་དགེ་རྒན་ཤེས་རིག་བློ་བཟང་དོན་ལྡན། དབྱིན་ཡིག་དང་།གཞི་རྩའི་དགེ་འོས་སློབ་ཁྲིད་བྱེད་སྟངས་དེང་གི་རིག་པའི་གཞུང་ལུགས་གཏོད་ཚུལ་ལམ་ནས་མན་ངག་སྟོན་པའི་ཟབ་ཁྲིད་སློབ་དགེ་ཁེ་ཎ་ཌ་མི་རིགས་ཡིན་པ་བཀྲས་མཐོང་བཀའ་ཟུར་ཚེ་དབང་ཆོས་རྒྱལ་ལགས་ཀྱི་སྐུ་ཟླ་༼མི་སི་འཇུ་ཀྲི༽ཞུ་བ་ཁོང་དང་། ཕྱི་རྒྱལ་དེ་འདྲ་ཡང་ཡོད་བཟོ་འདུག སྐད་སྒྱུར་བོད་རིགས་བུ་མོ་ཞིག་ཡོད་འདུག་པའི་མིང་མ་ཤེས། ཡང་དཔེ་མཚོན་ཞིག་ལ་དེ་གའི་དགེ་འོས་གྲས་སུ་བཀའ་ཁྲི་ཟུར་པ་སྐལ་བཟང་ཡེ་ཤེས་མཆོག་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ཀྱང་ཡོད་པ་རེད།
གོང་ཞུས་དགེ་འོས་སྦྱོང་བརྡར་ཐོན་རིམ་སློབ་གྲྭ་ཁག་ལ་ལས་བགོས་གཏོང་གནང་མཛད། ཁོང་རྣམ་པ་མང་ཆེ་བ་བླ་མ་བླ་རྐྱང་གྲ་པ་གྲ་རྐྱང་རང་དོན་བློས་བཏང་སྤྱི་ཕན་དང་དུ་བླངས། ཡ་རབས་སྤྱོད་བཟང་ཀུན་དང་མཐུན། མིག་དཔེར་འོས་པའི་སྒྲིག་དང་འདོམས་པ་རང་སྲུང། སློབ་ཕྲུག་ལ་ཤ་ཚ་རྣམ་དག་གཅེས་སྐྱོང་དང་། བྱམས་བརྩེའི་ཐབས་མཁས་སློབ་ཁྲིད་གནང་བ་བརྒྱུད་བོད་ཕྲུག་ཚོའི་ཤེས་ཡོན་ཀུན་སྤྱོད། བསམ་པའི་དཔལ་ཡོན་མེ་ཏོག་བཞད་པ་ལྟར་ཡར་རྒྱས་གོང་འཕེལ་གྱིས་མདོ་དོན་ངོ་མ་ནི་ཕ་རྗེས་བུ་འཛིན་ཐུབ་པའི་བུ་གཅེས་མང་པོ་སྐྱེད་སྲིང་གྲུབ་འབྲས་ཐོན་པ་ནི་མི་རབས་རྙིང་པ་ཚོས་སྔོན་ཐོན་མི་རིགས་ཀྱི་ཚོགས་གྲལ་དུ་ཚུད་པའི་ལག་རྗེས་གཟི་བརྗིད་ལྡན་པ་ཞིག་བཞག་པ་ལོས་ཡིན།
༥༽ཡིན་ན་ཡང་། སྟབས་མ་ལེགས་པ་ཞིག་ལ་ཕྱི་ལོ་ ༡༩༨༧ ཡས་མས་ཙམ་ལ་ཀང་རའི་དགེ་འོས་སློབ་དགེ་དང་མ་སུ་རི་ནས་ཐོན་པའི་སློབ་དགེ་རྣམས་རང་རང་ལོ་ན་རྒན་འགོ་ནས་རིམ་བཞིན་བགྲེས་ཡོད་དུ་ཕེབས་པའི་རྗེས་མཐུད་རྐང་འཛིན་སློབ་དགེའི་སྦྱོང་བརྡར་སྐྱེད་སྲིང་གོ་སྒྲིག་ལས་འཆར་ཐབས་ཤེས་མ་སྒྲུབ་པའི་སྐྱོན་ཆ་འདི་བྱུང་བ་རེད། ཡང་ཁ་གཡོག་ཙམ་གྱི་ཆེད་དུ་དགེ་རྒན་འོས་སྦྱོང་བཏང་ཡོད་བཙུགས་ཡོད་གསུངས་སྲིད་ཀྱང། དགེ་འོས་པར་སློབ་ཁྲིད་གནང་མཁན་ཁོ་རང་ལ་དམིགས་བསལ་རྐང་འཛིན་པའི་རིག་གཞུང་མན་ངག་སྦྱོང་བརྡར་དེ་དང་། ངས་དམིགས་བསལ་ཡུལ་བཟུང་བའི་སྦྱོར་བརྡར་དེ་གཉིས་སློབ་ཚན་དང་བཅས་པ་རྦད་དེ་ཁ་ཁ་ཡིན་པ་མཁྱེན་དགོས།
༦༽སྔོན་དུས་སློབ་གྲྭའི་ཕ་ཚབ་མ་ཚབ་ལ་མཚོན་ན་ཡིག་རྩིས་ཤེས་ན་རབ་དང་། མ་ཤེས་ཀྱང་ལོ་ན་དར་ཡོད་སྤྱི་ཚོགས་ཀྱི་ནང་འགྲོ་ལུགས་འདུག་ལུགས་མྱོང་བ་ཆོད་ཅིང། སྒྲིག་ལམ་ཀུན་སྤྱོད་ཉེས་སྐྱོན་མེད་པ། རྣམ་ཀུན་རང་ཁོངས་སློབ་ཕྲུག་རྣམས་ལ་གཤིས་འཇམ་ངང་རིང་ཐོག་ནས་ལྟོ་ཟས་བཟོ་སྤྱོད་དང་། གཙང་སྦྲ་འཕྲོད་བསྟེན། སྒྲིག་སྤྱོད་འགྲོ་སྟངས་སོགས་ལ་ཀ་བརྡ་བསླབ་འདོམས་ཐུབ་པའི་མི་འགྲོ་འདེམས་སྒྲུག་གནང་ལམ་ཡོད་ཀྱང་ཕྱིས་སུ་ཁྱིམ་ཚང་ཨ་མ་ལགས་མང་ཆེ་བ་ལོ་ན་ཆུང་ཞིང་རང་ཕྲུག་གཉིས་གསུམ་གྱི་ཨ་མ་ཡིན་ཁར། རང་ཉིད་མི་ཚེ་སྐྱེད་སྟངས་དང་ལྟོ་བཟོ་ཁྲུས་བཤལ། འགྲོ་འདུག་སྤྱོད་གསུམ་ཤེས་མྱོང་གང་ཡང་མེད་བཞིན་དུ་གཞན་ལ་ལྟ་སྐྱོང་ཇི་ལྟར་ཐུབ། ཡིན་ན་ཡང་ཤེས་བཀའ་མཆོག་དང་སློབ་དགེ་འགའ་ཤས་ནས་སློབ་ཕྲུག་ཚོའི་ཕ་མ་སོ་སོར་རང་ཕྲུག་ལ་སློབ་གསོ་ཡག་པོ་མི་བྱེད་པ་དང་། ཀུན་སྤྱོད་བཏང་འཛིན་ཟབ་ནན་མ་བྱས་པའི་འཐུས་ཤོར་བཏང་བ་འགྲིན་གིན་མི་འདུག ཡོང་གིན་མི་འདུག་ཅེས་གསུངས་པ་ཡང་ཡང་གོ་ཐོས་བྱུང་། གལ་ཏེ་དེ་ལྟར་ཡིན་ན་གཏན་སློབ་དང་བུ་ཁྱིམ་ནང་ཡོད་པའི་སློབ་ཕྲུག་ཁག་གཅིག་ལོ་འཁོར་གཅིག་ནས་ཟླ་བ་གཉིས་ཕ་མའི་སར་འགྲོ་ས་ཡོད་ན་དགུང་སེང་འགྲོ་བ་ཕུད་དེ་བྱིངས་ཟླ་བ་བཅུ་ཐམ་པ་སློབ་གྲྭར་དུས་ཚོད་སྐྱེལ་གྱིན་ཡོད་ལ། ཡིན་ཙང་ཟླ་བ་བཅུ་བསྐྱལ་བའི་རིང་གི་འཐུས་ཤོར་དང་མ་འགྲིག་པ་དེ་ཟླ་བ་གཉིས་ཀྱི་མགོ་ལ་གཡོག་ན་དེ་ནི་འོས་མཚམས་ག་ལ་ཡིན།
སློབ་དགེ་དང་མ་ཚབ་ལ་འོས་ཆོས་ཅི་འདྲ་དགོས།
༡༽ བོད་མི་སུ་རུང་སློབ་དགེ་ཞིག་ཡིན་ན་ཁོང་ལ་བོད་ཀྱི་ནང་ཆོས་རིག་གཞུང་དང་། བོད་ཀྱི་ས་ཁམས་གནས་ལུགས། རྒྱལ་རབས་མཚོན་པའི་བྱུང་རིམ་ལོ་རྒྱུས་སོགས་ཀྱི་མྱོང་བ་གང་ཙམ་ཡོད་པ་རྨང་གཞིའི་ཐོག་དེང་སྐབས་རང་རེའི་བོད་རྒྱལ་ཁབ་དང་། བོད་མི་རིགས་སྣོད་བཅུད་བཅས་པ་ཆགས་འཇིག་ཀྱི་དུས་མཚམས་གནས་བབས་ཉེས་ཅན་འདི་ལས་འགྲོལ་ཐབས་མཚོན་ཆེད་དུ་རང་ཚོའི་བུ་ཕྲུག་གཞོན་སྐྱེས་རྣམས་བོད་རྒྱལ་ཁབ་དང་། བོད་མི་རིགས་ལ་ཞབས་འདེགས་ཚད་ཐུབ་ཞུ་བའི་ན་གཞོན་མང་དག་སྐྱེད་སྲིང་ཐུབ་པ་ཡོང་ཆེད་རང་ངོས་ནས་ངལ་བར་ལྟོས་མེད་སློབ་དགེའི་འགན་ཁུར་བླངས་རྒྱུའི་ཆོད་སེམས་གཏན་ཚུགས་སུ་བཅངས་བ་ཞིག་དགོས་ངེས་དེ་ནི་སློབ་དགེའི་རྨང་གཞིའི་ཆ་རྐྱེན་ཡིན་པ་རེད།
༢༽ རང་ཉིད་སློབ་དགེ་བྱེད་མོས་ཡོད་པ་དེ་ལྟར་ཡང་སློབ་གྲྭའི་འཛིན་གྲྭ་གོང་འོག་གང་རུང་ཐོག་སློབ་དེབ་ཚན་པའི་དངོས་དོན་འཕྲུལ་མེད་སློབ་ཁྲིད་འགན་ཁུར་ཐུབ་མིན་རང་གིས་རང་ལ་ཞུ་དག་བྱེད་གལ་ཆེ། གལ་སྲིད་གདེང་སྤོབས་དེ་ཙམ་མེད་ན་བསྐྱར་སྦྱོང་གོ་སྐབས་འཚོལ་དགོས།
༣༽ དེ་ནས་རྨང་གཞིའི་དབྱིན་བོད་གང་རུང་གི་ཤེས་ཡོན་ཚད་ལྡན་ཡོད་པ་ཡིན་ན་གཞི་ནས་རྩ་འཛུགས་ཀྱི་ཤེས་ཡོན་སློབ་ཁྲིད་བྱེད་པ་ལ་མཐོ་སློབ་ཚད་ལོང་ཞིག་ནས་སློབ་གཞིའི་རྣམ་བཞག་གཏོད་ཚུལ་ཐ་དག་བསམ་བློའི་མཚན་རིག་གམ་རིགས་པའི་གཞུང་ལུགས་དང་འབྲེལ་བའི་དགེ་འོས་སློབ་ཚན་ཚད་འཕེར་གྱི་སྦྱོང་བརྡར་ངེས་འདྲོངས་ཤིག་ཐོབ་གལ་ཆེ། དེ་ལྟ་བྱུང་ན་སློབ་དགེའི་མཚན་ཉིད་ལྡན་པ་རེད།
༤༽ དེ་ནས་སློབ་དགེ་ནི་སློབ་ཕྲུག་ལ་མིག་དཔེ་སྟོན་མཁན་ཡིན་པ་དེའི་ཆ་ནས་དུས་དང་རྣམ་པ་ཀུན་ཏུ་ལུས་ཀྱི་ཆ་ནས་ཕྱི་ནང་གང་ལའང་ཡ་རབས་སྤྱོད་བཟང་གི་རྒྱ་ལས་མ་འདས་པའི་རྣམ་འགྱུར་ཐོན་པ་དང་། ངག་གི་ཆ་ནས་ཞི་འཇམ་བག་ཡོད་སེམས་ལ་འཐད་པའི་སྨྲ་བརྗོད་རྣམ་པར་ཐོན་པ། ཡིད་ཀྱི་ཆ་ནས་སློབ་ཁྲིད་གང་ཡོང་ཅི་ཕན་ངལ་བ་འཛེམས་མེད་ཤ་ཚ་སེམས་ཁུར་དང་ལེན་གྱིས་མདོ་དོན་སྙིང་པོ་ལུས་ངག་ཡིད་གསུམ་གྱི་བྱ་བཞག་མཐའ་དག་བཅོས་མ་མིན་པ་སྒྲིག་རང་ཁུར་སྡོམ་པ་རང་སྲུང་གནང་བ་ཡིན་ཚེ་སློབ་ཕྲུག་ཚོའི་ངོས་ནས་ཀྱང་བསམ་བློའི་འདུ་ཤེས་འཛིན་སྟངས་ཐད་ངམ་ངམ་ཤུགས་ཀྱིས་དགེ་རྒན་ལ་གུས་བཀུར་ཆ་འཇོག་དང་། སེམས་ཀྱི་དགའ་ཞེན་ཡོང་བ་འདོན་མི་ཟ་བ་ཡིན་ཞིང་། དེ་ནི་སློབ་དགེ་དང་སློབ་ཕྲུག་དབར་ཕན་ཚུན་བརྩེ་སེམས་བར་ཐག་ཆུ་དང་ཉ་མོའམ། འོ་ཆུ་མཉམ་བསྲེ་ལྟར་གཙོ་དོན་སློབ་ཁྲིད་སྦྱང་འབྲས་ཁྱད་འཕགས་ཡོང་བར་སོམ་ཉི་མ་དགོས།
༥༽ སློབ་དགེ་ནི་ར་ལུག་འཚོ་བའི་རྫི་བོ་དང་མཚུངས་ཞིང་། དཔེར་ན། ཞོགས་པ་ར་ལུག་རྣམས་རྩ་ཆུ་གང་བཟང་ལ་འཚོལ་སྐྱེལ་དང་། དགོང་དྲོ་ལྷས་རར་གྲངས་ཚང་བསྡུ་དེད་བྱེད་པ་དེ་ནི་རྒྱུན་གཏན་གྱི་འགན་ཁུར་ཡིན་ཞིང་། ཡང་ར་ལུག་ཆུང་གྲས་དང་། རྐང་ལག་སྐྱོན་ཤོར། ན་ནད་ཕོག་པ་གང་ལྟར་ར་ལུག་གཞན་གྱི་འགྲོ་རྗེས་མ་ཟིན་པ་བྱུང་སྐབས་རྫི་བོ་དེས་ཐབས་ཤེས་གང་ཡང་བྱས་ཏེ་ལྷས་རར་ཚུད་པ་བྱེད་དགོས་ལས་རང་འགར་བསྐྱུར་འཇོག་བྱེད་ལུགས་མེད་པ་དེ་བཞིན་དུ་སློབ་དགེ་རྣམ་པས་ཀྱང་རང་ཁོངས་འཛིན་གྲྭའི་ནང་སློབ་ཕྲུག་ཇི་ཡོད་ཚང་མ་རྗེས་ལོར་ཡིག་རྒྱུགས་ལམ་ལྷོང་འཛིན་གྲྭ་གོང་མར་འགྲོ་ཐུབ་པ་བཟོ་རྒྱུ་དེ་སློབ་དགེའི་ལས་འགན་ངོ་མ་ཉག་གཅིག་ཡིན་པ་རེད། འོན་ཀྱང་དེ་འདྲའི་སྐབས་སུ་སློབ་ཕྲུག་ཉུང་ཤས་ཤིག་གི་སློབ་སྦྱོང་ཞན་པའི་གནས་ཚུལ་ཐོན་ཚེ་སློབ་ཕྲུག་སོ་སོས་སློབ་སྦྱོང་ལ་རིག་པ་གཏད་མ་ཐུབ་པའི་རྒྱུ་རྐྱེན་མི་འདྲ་བ་རེ་ཡོད་ངེས། དཔེར་ན། འགའ་ཤས་ལ་གཞི་རྩའི་བློ་རིག་སྐྱོ་བོ་ཡིན་པ་དང་། འགའ་ཤས་གཟུགས་ཁམས་མ་བདེ་བ་ཡོད་པ། འགའ་ཤས་ཕ་མ་ནང་ཁྱིམ་ཀྱི་དཀའ་གནད་ལ་སེམས་ཁྲལ་བྱེད་པ། ཡང་ཕ་མ་ཡ་བྲལ་ལྟ་རྟོག་མ་བྱུང་བར་སེམས་ཁོང་དུ་ཆུད་པ། དེ་བཞིན་སེམས་སྤོབས་ཆུང་རིགས་ལ་གཞན་ནས་དབང་ཤེད་ཐུབ་ཚོད་ཀྱིས་སེམས་གཅོང་ཆགས་པ། འགའ་ཤས་ལ་སྣང་ཚུལ་གཞན་ཞིག་ཡོད་དབང་སློབ་སྦྱོང་ལ་དོ་སྣང་མི་གཏད་པ། འགའ་ཤས་རང་གཤིས་ལངས་ཤོར་སློབ་སྦྱོང་བྱེད་ཚུལ་ངོ་ལྐོག་རྣམ་གཡེང་རྒྱུན་འཇགས་སོང་བ་སོགས་འདི་དང་འདི་འདྲའི་རྐྱེན་དབང་ཅི་རིགས་ཡོད་པར་དགེ་རྒན་ནས་སློབ་ཕྲུག་དེ་ཚོ་མི་རེ་ངོ་རེའི་གནས་བབས་ལ་བརྟག་དཔྱད་དོ་སྣང་ཕྲ་ཞིབ་བྱས་ཐོག ཁུངས་སོ་སོའི་རྐྱེན་རྩ་ངོས་འཛིན་ཐུབ་མཚམས་དེ་ནས་གང་ལ་དེ་འཚམས་དམིགས་སུ་དགར་ཏེ་ཞར་དང་ཞོར་ལ་སློབ་གསོ་དམ་གཉེར་ཅི་ནས་གནང་དགོས། མདོ་དོན་རང་ཁོངས་སློབ་ཕྲུག་ཚང་མ་ཡིག་རྒྱུགས་འཕྲོད་ངེས་ཤ་སྟག་བཟོ་བ་ལས་གཅིག་འཛར་གཉིས་ལུས་སོང་ན་མ་འགྲིག་པ་རེད།
༦༽ སློབ་གྲྭའི་མ་མའམ་མ་ཚབ་ནི་སློབ་ཕྲུག་དང་རྒྱུན་གཏན་འདྲིས་གཤིབ་ཕ་མ་ལས་རིང་བ་བྱེད་མཁན་ཡིན་གཤིས་ཁོ་མོའི་ལས་འགན་གལ་གནད་ཧ་ཅང་ཆེ་ཞིང་། མི་འགྲོའི་ཐད་ལོ་ན་དར་ཡོལ་དང་། ཀུན་སྤྱོད་ཚུལ་ལྡན་ཡིན་ལ་དམའ་མཐར་འཛིན་གྲྭ་བརྒྱད་པ་ཐོན་གྲས་དགོས་པའི་ཐོག མ་ཚབ་རྣམས་ལ་གཞི་རིམ་ཆ་རྐྱེན་ཆེད་དུ་ལྟོ་ཟས་བཟོ་སྤྱོད་ཀྱི་སྦྱོང་བརྡར་དང་། སློབ་ཕྲུག་ལ་གཅེས་སྐྱོང་བྱེད་སྟངས་ཀྱི་སྦྱོང་བརྡར། གཙང་འཕྲོད་དང་སྒྲིག་སྤྱོད་སློབ་སྟོན་བྱེད་ཐབས་ཀྱི་ཟབ་སྦྱོང་སོགས་ངེས་པར་ཐོབ་པའི་ཆ་རྐྱེན་སྐྲུན་དགོས་པ་ནི་དེང་སང་ཡར་ཐོན་གྱི་བྱེད་ལམ་འདིར་ང་ཚོས་ཟུར་མིག་ཅིག་ལྟ་དགོས་པ་མ་ཟད། མ་ཚབ་རྣམས་དང་། སློབ་དགེ་རྣམ་པར་ལས་གནས་དང་ཤེས་འཇོན་ཡུལ་དུས་ལ་གཞིགས་པས་ཕོགས་འབབ་དང་ཆ་རྐྱེན་གཞན་དག་བཅས་སེམས་ལ་འགུལ་ངེས་ཐོབ་དགོས། ལྷག་དོན་དུ་སློབ་དགེ་རྣམས་ལ་སྤྱི་ཚོགས་ནང་མཐོང་དང་ཆ་འཇོག་མཚོན་པ་གལ་ཆེ། སྔ་དུས་བོད་གཞུང་གི་མཛད་ཆེན་ཁག་ལ་སློབ་དགེར་གཞུང་ཞབས་རྒན་དྲུང་དང་འདྲ་བའི་གདན་ཐོབ་གནང་ཡོད་པ་ཡིན།
༧༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་དང་། ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་བཅས་ལ་གཞིགས་པས་འཛིན་གྲྭ་དྲུག་པ་བདུན་པ་གང་རུང་གི་སློབ་དེབ་ནང་ལེ་ཚན་གསར་བ་ཞིག་ཁ་སྣོན་དགོས་གལ་ཆེ་བར་མཐོང་། དེ་ཡང་སྤྱིར་བཏང་སློབ་ཕྲུག་སོ་སོའི་འདོད་མོས་ཡོད་ན་རིགས་གཅིག་རྐང་འཛིན་ཁེ་ལས་ལག་ཤེས་དང་ཁྱད་མཁས་ལས་རིགས་སྦྱོང་བརྡར་འདི་དང་འདི་འདྲ་བྱེད་རྒྱུ་ཡོད་པ་རེད་ཅེས་མདུན་ལམ་སློབ་སྟོན་པས་ལས་རིགས་སྣ་ཚོགས་ཀྱི་རེའུ་མིག་གསལ་པོ་སྔོན་ཚུད་ནས་ར་སྤྲོད་དགོས་གལ་ཆེ། གང་ཡིན་ཟེར་ན། སློབ་ཕྲུག་སོ་སོའི་ངོས་ནས་རང་ཉིས་སློབ་གྲྭ་ཐར་སོན་ཐུབ་མིན་ལམ་ཙམ་ཚོད་དཔག་ཐུབ་རྒྱུ་དེ་མཚམས་ཁེ་ལས་ལག་ཤེས་འདི་འདྲ་ཞིག་བྱེད་སྙམ་པ་བསམ་བློའི་ནང་སྔོན་འཆར་གྲ་སྒྲིག་ཡོད་དགོས། ཡང་རིགས་གཅིག་རྐང་འཛིན་བཟོ་ལས་དང་ཁྱད་མཁས་བྱེད་མཁན་ཇི་ཡོད་ལ་འགྲོ་ཡུལ་ཐབས་འཚོལ་གནང་རྒྱུ་བོད་གཞུང་གི་འགན་འཁུར་གལ་ཆེ་ཞིག་ཡིན་པ་ད་གཟོད་ཤེས་ཐུབ་པ་འདི་རེད། ཐབས་ཤེས་ཟུང་འཇུག་རླབས་ཆེ་ཙམ་མེད་རྐྱེན་མཛེས་བཟོ་སྐྲ་གཞར་སོགས་ཙག་ཙིག་དེ་འདྲ་ལའང་མི་རག་གིན་མི་འདུག་ཟེར་རྒྱུ་དེ་འདྲ་རྒྱུན་དུ་ཡོང་མུས།

དེ་སྔོན་བཀའ་ཤག་རྙིང་པའི་སྐབས་ཕྱི་ལོ་ ༡༩༩༦ ནང་སློབ་ཕྲུག་ཁོངས་ནས་གཞི་རིམ་དང་། འབྲིང་རིམ། མཐོ་སློབ་འཛིན་གྲྭ་ཐོན་པ་ཁག་དང་། སྤྱི་ཚོགས་ནང་ལས་མེད་ཕོ་མོ་བཅས་ཀྱི་ཆེད་དུ་རྒྱ་གར་ནང་བཟོ་ལས་འདྲ་མིན་ཁག་ལ་ལག་ཤེས་སྦྱོང་བརྡར་འགྲོ་ཡུལ་དམིགས་འཚོལ་ཞིབ་ལས་དོན་ཆེན་དུ་ཤེས་རིག་ལས་ཁུངས་ནས་ལས་བྱེད་མི་གཉིས་ཀྱི་ས་མིག་ཞུས་འཁྲོལ་ལྡི་ལི་དོན་གཅོད་ཁང་དུ་ལས་ཁང་གསར་སྐྱེད་གནང་སོང་ཡང་རྗེས་སུ་ལས་བྱེད་གཉིས་པོ་ཤེས་རིག་ལས་འཛིན་ཁུངས་སུ་ལས་བསྒྱུར་བཏང་སྟེ་ཐོག་མའི་དམིགས་ཡུལ་ལྟར་བྱུང་མི་འདུག་ཀྱང་ད་ཆ་བསྐྱར་གསོ་གནང་རྒྱུ་དུས་ལ་བབ་འདུག་པ་བཅས་ཀྱི་ཐད་ཞེན་བསྐུལ་དུ་བཀའ་ཟུར་མདོ་སྔགས་བསྟན་འཛིན་ནས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༨ ལ།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་ཅིག་བཏོན། བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས། ༢༠༢༥།༦།༡༧
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་ཕ་གསེར་གྱི་ཕོར་བའི་རྐང་སྤོལ་འགྲན་ཚོགས་སྒང་ཏོག་ཏུ་འཚོག་མུས་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

༢༠༢༥/༠༦/༡༦
༧གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།  ༢༠༢༥།༠༦།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།

༢༠༢༥/༠༦/༡༦
Advertisement for App

། ཨྱོན་སྨིན་གྲོལ་གླིང་དུ་སྔ་འགྱུར་བཀའ་མའི་དབང་གི་ཆོས་བརྡ་གསལ་བསྒྲགས།

༢༠༢༥/༠༦/༡༦
The bridge over the Indrayani river collapsed in Pune's Kundmala area on Sunday afternoon, officials say.
Mobile App

རྒྱ་གར་ནུབ་ཕྱོགས་སུ་ཟམ་པ་འགྱེལ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན།

༢༠༢༥/༠༦/༡༦

མཆན། 4

  1. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། བཀའ་ཟུར་ཁོང་སྐབས་དུས་ནམ་ཞིག་གི་བཀའ་བློན་རེད་དམ། དེང་སང་བཞུགས་ཡུལ་དང་འཚོ་གནས་ཅི་ཞིག་རེད། གནས་ཚུལ་གསལ་བོ་མཁྱེན་མཁན་ཞིག་གིས་ཁོང་གི་ལོ་རྒྱུས་མདོ་བསྡུས་ཞིག་མཚམས་སྦྱོར་ཞུ་རོགས་མཁྱེན།

    Reply
  2. གངས་ཕྲུག says:
    ལོ་ 16 སྔོན།

    བཀའ་ཟུར་ཁྱེད་ཀྱིས་བཏོན་པའི་མ་འོངས་བཀའ་ཁྲི་འོས་དམིགས་ནས་སུ་ཞིག་ཁྲིར་འཛེགས་ཀྱང་དེར་སྙན་ཞུ་འདི་འདྲ་ཞིག་ཕུལ་ན་བདག་སྤྲོད་བྱེད་འགྲོ། ཡང་ན་ཨ་མ་རྗེ་བཙུན་པདྨ་ལགས་ལ་སློབ་ཕྲུག་སྤྱོད་ངན་དེ་ཚོར་རྒྱུག་རྡུང་བཏང་ཆོག་པའི་སྙན་ཞུ་ཞིག་ཕུལ་ན་གང་འདྲ་འདུག ཁྱོད་ཚོ་དགེ་རྒན་བྱེད་སྐབས་སློབ་ཕྲུག་ལ་ཉེས་བརྡུང་ག་ཚོད་བཏང་གི་ཡོད། “ཇ་དང་དགེ་རྒན་ཚ་ན་དགའ། རྔ་དང་སྐྱེས་དམན་བརྡུང་ན་དགའ།” (ཇ་ཚ་པོ་འཐུངས་ན་ཡག་པ་དང་། དགེ་རྒན་ཚ་ན་ལེགས་པ། རྔ་ཇི་ཙམ་བརྡུང་བ་དེའི་ཚོད་ཀྱི་སྐད་ལེགས་སུ་འགྲོ་བ། སྐྱེས་དམན་ག་ཚོད་བརྡུང་བ་དེའི་ཚོད་ཀྱི་ཞབས་ཕྱི་ལེགས་པ་ཞུ་བ།་)ཟེར་གཏམ་དཔེ་དྲངས་བཞིན་ཟྭ་པོ་བཙུགས་མཁན་ཁྱེད་ཚོ་མིན་ནམ། ད་རེས་འདི་སྐོར་མ་འཁོད་པ་གང་ཡིན་ནམ།

    Reply
  3. གླང་དར་མ། says:
    ལོ་ 16 སྔོན།

    རྒྱལ་ཁབ་བམ་མི་རིགས་རིགས་གཞུང་གོམས་ཤེས་སྐད་ཡིག་མཚོན་པའི་གལ་ཆེའི་གྲུབ་ཆ་དག་གནས་དགོས་ན་ཤེས་ཡོན་སྲིད་ཇུས་ཚད་ལྡན་ཞིག་ཡོད་དགོས་པ་དེ་གལ་གནད་རང་བཞིན་ཆགས་ཡོད། ད་སྐབས་ང་ཚོ་བཙན་བྱོལ་ནང་བསྡད་པའི་རིང་གལ་ཆེའི་རང་བཞིན་ཞིག་ཆགས་ཡོད་པ་སྨོན་མེད་རེད། ཡིན་ན་ནའང༌། ཤེས་ཡོན་སྲིད་ཇུས་ལ་བསམ་ཚུལ་སྟོན་མཁན་བཀའ་ཟུར་རྣམ་པ་འོས་བབས་རྩ་བ་ནས་མེད། གང་ཡིན་ཟེར་ན། ཁོང་ཚོར་རང་ཉིད་ལ་གོ་སྐབས་ཆ་ཚང་ཡོད་དུས་གང་ཡང་བྱེད་ཐུབ་མེད་པ་ཀུན་གྱིས་མཁྱེན་གསལ་རེད། ད་ལྟའི་སྐབས་རིན་པོ་ཆེ་མཆོག་གིས་གཟེངས་ཐོན་གདེང་འཇོག་འཕེར་བའི་ཕྱག་ལས་གནང་ཡོང་ཕྲག་དོག་དང་འགྲན་སེམས་ཀྱིས་མ་བཟོད་པར། བཀའ་ཟུར་ལྷན་ཚོགས་ཟེར་ཚོགས་འདུ་མང་པོ་སྐོང་འཚོགས་བྱས་ཏེ་ཁོང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་གནོད་ཤུགས་དང༌། ཀུན་སློང༌། འཆལ་གཏམ་སོགས་རིན་པོ་ཆེའི་ཕྱག་ལས་གནང་བ་ཁག་ལ་དཀའ་ངལ་དང་འགོག་རྐྱེན་རབ་དང་རིམ་པ་མང་པོ་བཟོས་ཡོད་པས། བཀའ་ཟུར་ཚོའི་ཐོགས་མའི་འཆར་གཞི་ལྟར་ལམ་སློང་བྱུང་མེད། ཡིན་ནའང་ཁོང་བྱེད་ཐུབ་པ་ནི་དཔེར་རྗེ་བཙུན་པདྨས་ཤེས་ཡོན་སྲིད་ཇུས་ལ་སྔ་ཕྱིར་གེ་ལེན་བྱེད་མེད་པ་མ་ཟད། བཀའ་ཤག་གི་ལས་དོན་བྱེད་ཕྱོགས་འགོག་རྐྱེན་མང་པོ་བཟོས་ཡོད། དེ་བཞིན་སྐལ་བཟང་ཡེ་ཤེས་ནས་ནོར་གླིང་གི་ལས་མི་བུ་ཕྲུག་ཚོ་དཔེ་སྟོན་སློབ་གྲྭར་གཏོང་རྒྱུ་བཀག་འགོག་བྱས་པ། མདོ་སྔགས་བསྟན་འཛིན་ནས་རིན་པོ་ཆེ་སྐོར་ལ་སྔ་ཕྱིར་སྤྱི་ཚོགས་ནང་རང་ཉིད་ཀྱི་འཇོན་ཐང་ཡོད་ཚད་སྟོན་ཏེ་ཡིག་འཁྱམ་བཟོས་ནས་ངན་སྐུལ་སྣ་ཚོགས་བྱས་ཡོད་པས།་ གྲུབ་འབྲས་གང་ཡང་ཐོན་མེད། སྤྱིར་མདོ་སྔགས་ཁོ་རང་འཇོན་ཐང་ཡོད་མཁན་ཞིག་མིན་ལ། དེ་ལས་རང་འདོད་ཚ་བའི་མི་ཞིག་ཡིན་པ་དང༌། སྤྱིར་གཞུང་གི་རྒས་གསོ་ཁང་པ་བཟོ་བཅོས་བྱེད་ཆོག་གི་མེད་ནའང༌། བདེ་སྐྱིད་གླིང་དུ་ཡོད་པའི་ཁོའི་རྒས་གསོ་ཁང་པ་དེ་བཟོས་བཅོས་བརྒྱབ་ནས་གཞིས་ཆགས་དེའི་ནང་ཁང་པ་དེ་ལས་རྫིག་པ་མེད་པ་ཞིག་བཟོས་ཡོད། བོད་གཞུང་ས་ཁང་སྒྲིག་གཞི་ལ་བརྩི་་བཀུར་དང་ལག་བསྟར་བྱས་མེད་པའི་ཁོ་བཀའ་ཟུར་མིང་གནས་ཡོད་པའི་མི་ཞིག་བྱེད་སྟངས་དེ་ལྟར་ཡིན་ནམ། ཁོའི་ལྷག་བསམ་དང་བྱེད་སྟངས་ག་འདྲ་ཡོད་མེད་དེ་ཐོག་ནས་རང་གསལ་པོ་ཧ་གོས་ངེས་རེད། མདོ་སྔགས་བསྟན་འཛིན་ཁོ་རང་བཀའ་བློན་སྐབས་ཤེས་ཡོན་སྲིད་ཇུས་ཤིག་དགོས་པའི་བློ་ངོར་ཤར་མྱོང་ཡོད་ཀྱི་མ་རེད། ད་དུང་གཞན་གྱི་ལས་ཀ་བྱེད་པར་འགོག་རྐྱེན་བཟོ་དགོས་དོན་ཅི་ཡིན། མི་འདི་ལྟ་བུ་དངོས་གནས་སྤྱི་ཚོགས་ནང་མང་མ་གྲག་ནས་ཉུང་རྩ་བ་ཡོད་པ་མ་རེད།

    Reply
  4. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    བཀའ་ཟུར་མཆོག་གི་ཞུ་སྙན་འདིར་དོན་སྙིང་ལྡན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese