མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛངས་མ་དང་བསྒྲགས་གཏམ། ཚེ་རིང་སྐྱིད།

བོད་ཀྱི་དུས་བབ།
༢༠༠༩/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

 ཚེ་རིང་སྐྱིད།
༡ བོད་སྤྱི་ཚོགས་དང་མཛངས་མའི་ལས་འགུལ།
སྤྱི་ལོ་ ༢༠༠༢ ལོར་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་ལས་འགུལ་ཐོག་མར་སྤེལ་སྐབས། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་མཛངས་མའི་འགྲན་བསྡུར་ཞེས་པ་ཞིག་གོ་སྒྲིག་བྱེད་བཞིན་པ་དེ་ནི་ཐད་ཀར་བོད་པའི་རིག་གཞུང་ལ་འགལ་ཡོད་སྟབས་ཧ་ཅང་བཀྲ་མི་ཤིས་པའི་ལས་ཀ་ཞིག་རེད་ཅེས་དང་། འདི་ལྟའི་ལས་འགུལ་གྱི་ཁ་ཕྱོགས་དེར་༧གོང་ས་མཆོག་གིས་ཀྱང་ཐུགས་དགྱེས་པོ་མི་གནང་བ་ངས་བརྗོད་ཐུབ་༼བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༢༡༡ ནང་དུ་གསལ༽ཅེས་གསར་འགྱུར་བརྒྱུད་ལམ་ཁག་ལ་གསུངས་ཡོད་པ་དང་། བོད་གཞུང་གི་འབངས་མི་ཞིག་ལ་མཚོན་ན་བཀའ་བློན་ཁྲི་པ་མཆོག་གི་གསུང་འདིར་འགལ་དགོས་པ་དང་། དེ་བཞིན་བཀའ་བློན་ཁྲི་པ་མཆོག་གི་གསུང་ལ་ལད་ཟློས་དང་ཡང་ན་ཡི་རངས་བྱེད་མཁན་གྱི་བོད་མི་དང་བོད་སྤྱི་ཚོགས་ཀྱི་ཁ་གཏད་དུ་ལངས་དགོས་པ་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། ཡིན་ན་ཡང་གུས་མོས་བོད་ཀྱི་མཛངས་མའི་འགྲན་བསྡུར་ལ་ངོས་དང་ཟུར། གོང་དང་འོག་གང་ནས་བལྟས་ཀྱང་ལས་འགུལ་འདི་ཐད་ཀར་བོད་པའི་རིག་གཞུང་དང་འགལ་བའི་སྣང་བརྙན་ཞིག་གཏན་ནས་མཐོང་གི་མི་འདུག་ལ།  བོད་ཀྱི་ཆོས་དང་རིག་གཞུང་ལ་འགལ་བའི་ལས་ཀ་བརྩམས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་ངོ་རྒོལ་ཡང་གཏན་ནས་བྱེད་ཀྱིན་མེད་པས། ངས་གོང་གི་བཀའ་ཁྲིའི་གསུངས་དེ་རྒྱུ་མཚན་གང་འདྲ་ཞིག་གི་འོག་ནས་གསུངས་པར་ངེས་ཤེས་རྙེད་ཐབས་མ་བྱུང་། ཡིན་ན་ཡང་བཀའ་ཁྲི་མཆོག་གིས་གསར་ལམ་ཁག་ལ་གསུངས་འདི་བསྒྲགས་པ་ནས་བོད་མི་རྒན་དར་གཞོན་གསུམ་གྱིས་བོད་ཀྱི་མཛངས་མ་ཟེར་ན་བོད་མི་རིགས་ཀྱི་དགྲ་ལྟ་བུའི་ངོས་འཛིན་དང་འཕྱ་སྨོད་བྱས་ཡོད་པའི་སྣང་ཚུལ་མངོན་ཡོད་ལ། མཛངས་མའི་མིང་ཐོབ་མཁན་གྱི་མི་སྒེར་དང་ནང་མི་སོགས་རྒྱབ་ལྗོངས་མང་པོ་ཞིག་ལ་ཡང་གནོད་པའི་གཏམ་འཆལ་གང་མང་སྤེལ་ཡོད་པ་རེད། དམིགས་བསལ་གྱིས་མཛངས་མའི་ལས་འགུལ་འདི་ལ་མགོ་བཀའ་ཁྲི་ནས་། གཞུང་ཞབས་དང་བོད་མི་རྒན་དར་གཞོན་གསུམ། ཐ་ན་ཁྲོམ་ལམ་དུ་ཐ་མག་ནག་པོ་འཐེན་མཁན་དང་ལྡི་ལིར་མཱ་ཅུང་ཀ་ཊི་ལི་རུ་ཚེ་གང་བོར་ཀེ་རམ་རྩེད་ནས་འདུག་མཁན་ལ་སོགས་པས་འཕྱ་སྨོད་དང་སྡུག་ར་སྣ་ཚོགས་སྐུལ་ཡོད། མཛངས་མའི་འགྲན་བསྡུར་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་དང་རྩོམ་ཡིག་སྤེལ་མཁན། བགྲོ་གླེང་བྱེད་མཁན། གླེང་སློང་བྱེད་མཁན་སོགས་ལ་བོད་མི་རིགས་ཀྱིས་ཐུན་མོང་གི་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཁ་གཏད་ཀྱི་ནུས་པ་གང་ཐུབ་བཏོན་ཡོད།  ཡིན་ན་ཡང་ཐའེ་ཝན་གོང་མིན་ཏང་དང་འབྲེལ་འདྲིས་ཀྱིས་རང་གི་བུ་རབས་ཚ་རྒྱུད་ལ་རྒྱུ་ནོར་གྱི་ཁེ་བཟང་བླངས་རྗེས་ཕྱིར་བོད་སྤྱི་ཚོགས་སུ་ཡོང་ནས་ངར་ངར་རྫིག་རྫིག་བྱེད་མཁན་དང་། དེ་བཞིན་བོད་གཞུང་གི་སློབ་གྲྭ་ཁག་ཏུ་རིན་མེད་ཀྱི་སློབ་སྦྱོར་བྱེད་བྱེད་མཐར་དོལ་རྒྱལ་ཚོགས་པ་སོགས་སུ་ཞུགས་ཏེ་དྲིན་ཆེན་ལ་དྲིན་ལོག་བྱེད་མཁན། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱིས་ནང་ཁུལ་དབྱེན་དཀྲུག་མཁན། བླ་རྫུན་གྲྭ་རྫུན་འགས་བོད་པའི་མིང་ཁུར་ནས་ཕྱི་གླིང་མགོ་སེར་ཚོར་མགོ་བསྐོར་གཏོང་མཁན། ཁ་ཡག་ངོ་དགའི་འོག་ནས་སྐུ་སྒེར་ཡིག་ཚང་ནས་དངུལ་ལེན་པ་དང་གཞུང་དངོས་སྒེར་སྤྱོད་བྱེད་མཁན། རྒྱའི་དངུལ་གྱིས་བསླུས་པའི་ནང་རུལ་བ་སོགས་ལ་བོད་མི་སྤྱི་ཡོངས་ནས་མ་གྲོས་གཅིག་མཐུན་གྱིས་ངོ་ལོག་གི་བསམ་པས་འཕྱ་སྨོད་དང་དགྲ་བོར་ངོས་འཛིན་བྱེད་མྱོང་ངམ།

འདི་ལྟར་འུར་དང་འདྲོགས་ལ་དགའ་བའི་བོད་མིའི་སྤྱི་ཚོགས་ཀྱིས་གནའ་ནས་ད་བར་བོད་སྤྱི་ཚོགས་ཁྲོད་ཀྱི་རླབས་ཆེན་གྱི་སྐྱེས་བུ་མང་པོ་འུ་ཐུག་ཏུ་བཅུག་ཡོད་ལ། རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།། གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།། ཞེས་རླབས་ཆེན་གྱི་སྐྱེས་བུ་ཞིག་གིས་སྡོམ་ཚིག་བཞག་པ་ལྟར་བོད་མི་རིགས་འདིས་གནའ་ནས་ད་བར་མི་རིགས་གཞན་གྱི་མིག་ལམ་དུ་འོད་ཀྱིས་སྦྲུམ་པའི་སྐྱེས་བུ་མང་པོ་ཞིག་ལ་འཆི་ལམ་ལ་སོགས་པའི་འུ་ཐུག་གི་ལམ་ཀ་གུ་དོག་པོར་འདེད་ཀྱིན་ཡོད་ན། བོད་མི་རིགས་འདིས་མཛངས་མའི་འགྲན་བསྡུར་ལྟ་བུའི་ལས་འགུལ་ལ་ནག་སུབ་དང་ངོ་ལོག་བྱེད་པར་དཀའ་ལས་ཡོད་མི་སྲིད།

སྤྱིར་བཤད་ན་མཛངས་མའི་ལས་འགུལ་ལྟ་བུའི་རིག་གནས་གསར་བ་མང་པོ་ཞིག་ནང་འདྲེན་བྱེད་པ་ནི་དུས་རབས་ཉེར་གཅིག་གི་ནང་དུ་འགོར་མེད་ཀྱང་སྔ་གཏན་ནས་མེད་ལ། དེ་དང་འབྲེལ་བའི་སྒྱུ་རྩལ་གྱི་རིག་ལམ་མང་པོ་ནས་འགྲན་བསྡུར་གྱི་རྣམ་པས་ལས་འགུལ་སྤེལ་བ་ནི་སྤྱི་ཚོགས་ཤིག་གི་སྤྱིའི་སྤུས་ཀ་མཐོར་འདེགས་གཏོང་བའི་ལམ་བུ་ཡག་ཤོས་ཤིག་ཡིན་མོད། ཡིན་ན་ཡང་རང་རེའི་བཙན་བྱོལ་སྤྱི་ཚོགས་སུ་དུས་ནམ་ཡང་མི་ཚང་མས་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་དགོས་ཟེར་ཞོར། ཆོས་དང་རིག་གཞུང་རྒྱུད་འཛིན་བྱེད་མཁན་ནི་ཉམ་ཆུང་རྒྱབ་རོགས་མེད་པའི་བོད་མི་འགའ་ཤས་ཡིན་པར་ངོས་འཛིན་གྱིས། མགོ་ནས་སྐད་ཆ་སྙིང་རྗེ་མོ་བཤད་མཁན་མང་པོ་ཞིག་གིས་རང་གི་བུ་རབས་ཚ་རྒྱུད་ནི་བོད་མི་ཕྱེད་ཀ་རུ་གཏོང་གི་ཡོད་པ་རེད། ཐ་ན་བོད་ཀྱི་གླུ་བ་གླུ་མ་གསོ་སྐྱོང་བྱེད་པ་ལྟ་བུའི་དུས་རབས་དང་མཐུན་པའི་གར་སྟེགས་གཅིག་ཀྱང་བསྐྲུན་ཐུབ་ཀྱིན་མེད་པ་དོན་ངོ་མ་གང་ལ་ཁག་དཀྲི་བྱ་དགོས་སམ། གཞིས་ལུས་བོད་མི་ནི་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཀྱི་འོག་ཏུ་ཡོད་ཀྱང་ས་གནས་སོ་སོས་རང་རང་གི་མི་རིགས་ཀྱི་སྐད་ཡིག་སོགས་ལ་སྲུང་སྐྱོབ་རྒྱ་ཆེར་གནང་ཡོད་པ་རེད་ལ། ལས་རིགས་གང་ཡིན་ཡང་དུས་རབས་དང་མཉམ་དུ་མཉམ་བསྐྱོད་བྱ་ཐུབ་ཀྱིན་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཀྱིས་ལྷ་ཀླུ་གཉན་སྐྱོང་གི་ཆོ་ག་དང་ཁ་གཡང་སྙན་མོ་ཞིག་གི་འོག་ནས་མི་ལོ་ ༥༠ འདས་སོང་བ་རེད། མི་ལོ་ ༥༠ རྗེས་སུ་བོད་སྐད་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱང་ཐག་རིང་བའི་བོད་མི་ཕྱེད་ཀ་ཡིན་པའི་མི་རབས་ཤིག་གསོ་སྐྱོང་གནང་ཡོད་པ་རེད་ལ། ད་དུང་རིག་གཞུང་དང་སྐད་ཡིག། མི་རིགས་ཀྱི་ཁ་གཡང་སྒྲོག་ནས་མི་ལོ་ག་ཚོད་ལ་སྣང་མེད་སྒྱུད་ལུག་གི་གོམས་སྲོལ་འདི་རྒྱུད་འཛིན་དང་དར་སྤེལ་གཏོང་ངམ།

༢ རྒྱལ་སྤྱིའི་སྤྱི་ཚོགས་དང་མཛངས་མའི་ལས་འགུལ།
བོད་ཀྱི་གསར་འགྱུར་རྒྱུད་ལམ་ཁག་ལས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་ཀྱི་མཛངས་མ་ཞེས་པའི་ལས་འགུལ་འདིར་དོ་སྣང་ཤུགས་ཆེན་བྱེད་ཀྱིན་ཡོད་ལ། ཕྱི་རྒྱལ་གསར་འགོད་པ་ཚོས་ཐོག་མར་སྐད་ཆ་འདྲི་སྐབས། བཀའ་བློན་ཁྲི་པ་ཡིས་རྒྱུ་མཚན་གང་འདྲ་ཞིག་གི་འོག་ནས་ལས་འགུལ་འདིར་ངོ་རྒོལ་བྱས་པ་རེད་དམ་ཞེས་དྲི་བ་འདོན་གི་རེད། འདི་ལྟར་རིམ་བཞིན་འདས་པའི་ལོ་ངོ་འདི་དག་ནང་ལ་བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་ཕྱི་རྒྱལ་གསར་ལམ་ཁག་ལ་མཐོང་རྒྱུ་མང་པོ་ཡོད་པ་ཞིག་ལ་གྱུར་ཡོད་པ་དང་། མཛངས་མའི་མིང་འདི་ཐོབ་མཁན་ཚོ་ས་ཆ་ཁུག་ཀྱོག་ཅིག་ལ་སོང་ཡང་ས་དེ་གའི་མི་རྣམས་ལ་བོད་དོན་སྐོར་ངོ་སྤྲོད་བྱ་ཐུབ་ཀྱིན་ཡོད། དེང་སྐབས་འཛམ་གླིང་སྟེང་མི་མང་པོ་ཞིག་ལ་ཆབ་སྲིད་ཟེར་ན་མགོ་རྙོག་པོ་རེད་ཟེར་གི་རེད་ལ། ཉན་འདོད་ཀྱང་བྱེད་ཀྱིན་མེད་ཀྱང་། བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་རྒྱུད་ནས་རིག་རྩལ་དགོང་ཚོགས་ཤིག་འཚོགས་ཀྱང་གཞོན་སྐྱེས་མང་པོ་ཞིག་གི་དོ་སྣང་འདྲེན་ཐུབ་ཀྱིན་ཡོད་པ་ནི་དངོས་ཡོད་ཡིན་ལ། དོ་སྣང་འདི་དང་འབྲེལ་ནས་བོད་མི་རིགས་ཀྱི་གནས་སྟངས་ངོ་སྤྲོད་དང་རྒྱབ་སྐྱོར་འཚོལ་ཐུབ་ཀྱིན་ཡོད་པ་རེད། ཁོ་ཚོས་རང་བཞིན་གྱིས་བོད་ཀྱི་མཛངས་མ་ནི་འགན་ཆེན་པོ་ཅིག་ཡོད་པའི་མི་སྣ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག     ཡིན་ན་ཡང་བོད་པའི་སྤྱི་ཚོགས་ཀྱིས་བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་དང་འབྲེལ་བའི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་གི་བུད་མེད་ཚོའི་གནས་སྟངས་ལ་བསམ་ཞིབ་མི་བྱེད་པར། བོད་ཀྱི་མཛངས་མའི་མིང་འདི་ཐོབ་མཁན་དང་ཡང་ན་ལས་འགུལ་འདི་ལ་འཛུལ་ཞུགས་བྱེད་མཁན་དེ་ཚོ་གར་སྟེགས་སྒང་གི་གར་པ་ལྟ་བུ་ལ་ངོས་འཛིན་གིན་འདུག    མི་རིགས་གཞན་པ་དེ་ཚོས་ང་ཚོ་ལ་འགན་ཅིག་ཡོད་པ་དང་རྒྱལ་ཁབ་མེད་པ་ཅིག་ཡིན་པའི་ངོས་ནས་མི་རིགས་ཀྱི་འཐབ་རྩོད་དང་འབྲེལ་བའི་འགན་ཞིག་ཡོད་པར་བསམ་ཤེས་བྱེད་ཤེས་ཀྱང་བོད་པ་རང་ཉིད་ཀྱིས་དེ་འདྲའི་ངོས་འཛིན་གསལ་པོ་བྱེད་མ་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་གམ།

༣ མཛངས་མ་ཚོ་དང་མཛངས་མའི་ལས་འགུལ།
སྤྱི་ལོ་ ༢༠༠༣ དང་ སྤྱི་ལོ་ ༢༠༠༥ ལོར་མཚོན་ན་འགྲན་བསྡུར་ལ་ཞུགས་མཁན་གཅིག་རེ་ལས་བྱུང་མེད་མོད། ཡིན་ན་ཡང་ང་ལ་མཚོན་ན་བོད་རིགས་བུ་མོ་ཚང་མ་རང་གི་འགྲན་ཡ་ལ་ངོས་འཛིན་གྱིན་ཡོད། དང་ཐོག་ངས་ཀྱང་འགྲན་ཡ་མེད་པའི་འགྲན་བསྡུར་གྱི་རྣམ་པ་དེ་ལ་ངོས་ལེན་བྱེད་འདོད་མ་བྱུང་བར་ལོ་རྗེས་མར་སླར་ཡང་འཛུལ་ཞུགས་བྱེད་འདོད་ཡོད་པའི་རེ་བ་བཏོན་ཡང་དེ་ལྟར་འགྲུབ་མ་སོང་བར་ ༢༠༠༣ གྱི་བོད་ཀྱི་མཛངས་མ་ཞེས་པའི་མིང་དེ་ང་ལ་བདག་ཏུ་བཅུག་སོང༌། འོན་ཏེ་ཕྱོགས་གཅིག་ནས་བཤད་ན་ནུབ་གླིང་དུ་དར་ཏེ་ལོ་ངོ་བརྒྱ་ཕྲག་འགོར་ཡོད་པའི་རིག་གནས་རྙིང་བ་འདི་འདྲ་ཞིག་དུས་རབས་ ༢༡ གི་འཛམ་གླིང་ཤར་ཕྱོགས་ཀྱི་གྲངས་འབོར་ཧ་ཅང་ཉུང་བའི་མི་རིགས་འདིར་རིག་གནས་གསར་བའི་ཚུལ་གྱིས་དར་ཏེ་དེ་ལ་སྤྱི་ཚོགས་དང་གཞུང་ཕྱོགས་ནས་ངོས་ལེན་མེད་པའི་རྣམ་འགྱུར་སྟོན་བཞིན་པའི་སྐབས། ལོ་ན་ ༢༠ ལ་བུད་མ་ཐག་པའི་བུད་མེད་ཅིག་རྒྱབ་སྐྱོར་དང་ངོས་ལེན་ཅི་ཡང་མེད་པའི་སྒང་ནས་སྤོབས་པ་དང་རེ་སྙེགས་ཀྱིས་གར་སྟེགས་དེར་ལངས་ཐུབ་པ་བྱུང་བ་ནི་ངས་རང་གི་གཟི་བརྗིད་དང་ངོ་གནོངས་མི་དགོས་པའི་གདམས་ཀ་ཞིག་ཏུ་བསམ་གྱིན་ཡོད་ལ། འབྱུང་འགྱུར་བོད་རིགས་བུ་མོ་ཚོར་དུས་རབས་དང་མཐུན་པའི་གར་སྟེགས་ཤིག་བསྐྲུན་པར་རམ་འདེགས་བྱས་ཡོད་པར་སྤོབས་པ་སྐྱེས་ཀྱིན་ཡོད།  དེར་མ་ཟད་སྤུས་ཀ་མི་བཟང་བ་ཡིན་ན་གྲངས་ཀ་མང་པོ་ཡོད་པས་མི་ཕན་པ་དང་མིང་སྐམ་པོ་ཅིག་འདོག་ས་ཡོད་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད་བསམ་གྱིན་ཡོད། ལྷག་པར་དུ་བཙན་བྱོལ་དང་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་པའི་བུ་མོ་ཚང་མ་ངའི་འགྲན་ཡ་རེད་བསམ་གྱིན་ཡོད་ལ་ལས་འགུལ་དུ་ཐོ་གྲངས་བཀོད་མཁན་ ༡༠ ཡོད་ཀྱང་འགྲན་བསྡུར་དངོས་གཞིའི་ཁྲོད་སླེབས་མེད་པ་ནི་སྤོབས་པ་མེད་པ།  ཁེར་ཚུགས་ཀྱི་བསམ་བློ་མེད་པ།  ཕུགས་བསམ་མེད་པ། གཞན་བསྟེན་ལ་དགའ་བ།  ངོ་ལོག་གི་འདུ་ཤེས་མེད་པ་སོགས་ལ་ངོས་འཛིན་གྱིན་ཡོད། བོད་པའི་བུ་མོ་ཚོ་ནི་ཆེས་བཏང་སྙོམས་རེད། མི་རིགས་ཀྱི་འགན་ཁྲིའི་འདུ་ཤེས་ཕར་ཞོག་ཐ་ན་རང་ཉིད་ལ་ཕུགས་འདུན་དང་རྨི་ལམ་མི་འདུག  འདི་ལྟ་བུའི་སྤྱི་ཚོགས་ཤིག་དང་གནས་སྟངས་ཤིག་གི་འོག་ནས་བོད་ཀྱི་མཛངས་མའི་མིང་ཐོབ་མཁན་དང་ཡང་ན་འཛུལ་ཞུགས་བྱེད་མཁན་ཚང་མ་ནི་ངས་མ་མཐར་ཡང་རང་གི་ཕུགས་བསམ་མངོན་འགྱུར་ཡོང་བར་འབད་བརྩོན་གནང་མཁན་དང་རང་གིས་རང་ཉིད་ལ་འགན་བླངས་པར་ངོས་འཛིན་གྱིན་ཡོད། ལྷག་པར་དུ་༧གོང་ས་མཆོག་གིས་ཡང་དག་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ལ་ངོས་འཛིན་པའི་འཚེ་བ་མེད་པའི་ལམ་ནས། བཙན་བྱོལ་གཞུང་མང་གཉིས་ཀྱིས་ནམ་དུས་ཁ་ལ་ཐོགས་པའི་བོད་དོན་དྲིལ་བསྒྲགས་སོགས་ཀྱི་ཐད་རང་ནུས་གང་ཡོད་འདོན་ཐུབ་པ་ནི་ང་ཚོ་ངོ་གནོངས་མི་དགོས་པའི་ལས་དོན་ཞིག་རེད། ཡིན་ན་ཡང་འདི་དང་མཉམ་དུ་མཛངས་མའི་མིང་ཐོབ་མཁན་ཚོར་འགན་ཆེན་པོ་ཡོད་ལ། འགན་འདིའི་ཆེད་དུ་རང་ཉིད་སྒེར་གྱི་མི་ཚེ་དང་ལྷིང་འཇགས་སོགས་བློས་གཏོང་བྱ་དགོས་པ་ལས། མིང་ཐོབ་པ་དང་མཉམ་དུ་གསར་འགྱུར་བརྒྱུད་ལམ་ཁག་ལ་སྐད་ཆ་རྫིག་པོ་རེ་བཤད་རྗེས་གྲགས་མེད་གོ་མེད་བྱ་མི་ཉན་ལ། ལྷག་པར་དུ་བོད་པའི་སྤྱི་ཚོགས་དང་རྒྱང་དུ་གྱེས་ཏེ་འགན་མེད་རིང་ལུགས་ཀྱི་འདུ་ཤེས་གཏན་ནས་འཛིན་མི་ཉན། བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་ནི་ད་ལྟའི་ང་ཚོའི་མི་རིགས་ཀྱི་གནས་སྟངས་ལ་མཚོན་ན་འགན་ཆེན་པོ་ལེན་དགོས་པའི་མིང་ཞིག་ཡིན་ལ། འགན་ཆེན་པོ་དེ་ཁ་བཤད་ལ་ཡང་གཏན་ནས་བརྗེ་མི་ཉན་པར་དངོས་སུ་རང་རང་ལ་དཔག་པའི་ནུས་པ་དང་འཇོན་ཐང་དེ་དང་མཐུན་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་གནང་དགོས་པ་དང་བོད་མི་དང་སྐྱིད་སྡུག་མཉམ་མྱོང་བྱ་ཐུབ་དགོས་པ་ལས། བྱ་དགའི་དངུལ་དང་མཉམ་དུ་མིང་ཡང་ཁུར་ནས་བོད་སྤྱི་ཚོགས་དང་ཁ་བྲལ་སོང་ན་དེ་ཡིས་ང་ཚོའི་ལས་འགུལ་འདི་དང་དེ་བཞིན་མི་རིགས་འདི་ལ་འགན་གང་ཡང་མ་བླངས་པའི་མཚོན་རྟགས་ཡིན། ང་རང་གི་ཤེས་གསལ་ཡིན་ན་མཛངས་མའི་མིང་ཐོབ་མཁན་ཚོ་བོད་ཀྱི་སྤྱི་ཚོགས་སུ་འཚོ་སྡོད་བྱ་རྒྱུར་ཤིན་ཏུ་སྐྲག་སྣང་སྐྱེས་ཀྱིན་འདུག་སྟེ། གཅིག་ནི་བཙན་བྱོལ་སྤྱི་ཚོགས་སུ་རང་ཉིད་ཀྱི་དགོས་མཁོ་དང་མཐུན་པའི་ལས་གནས་མེད་པ། གཉིས་ནི་བོད་སྤྱི་ཚོགས་ཀྱི་བཤད་ཡམས་ལ་གདོང་གཏད་རྒྱུའི་སྤོབས་པ་མེད་པས། མཛངས་མ་ཕལ་ཆེ་བ་རང་རང་གི་ཁྱིམ་དུ་མ་གཏོགས་བོད་ཀྱི་མཛངས་མའི་མིང་དེ་བེད་སྤྱོད་བྱ་ཐུབ་ཀྱིན་མེད་པའི་ཚོར་སྣང་བྱུང་།

གལ་ཏེ་མཛངས་མའི་མིང་ཐོབ་མཁན་ཚོས་རང་གི་སྤྱི་ཚོགས་དང་མི་མང་ལ་ཞབས་འདེགས་ཞུས་ཏེ་རང་ནུས་གང་ཡོད་ཀྱིས་མིག་དཔེ་ཞིག་སྟོན་ཐུབ་པ་དང་། གལ་ཏེ་མི་མང་གིས་བོད་ཀྱི་མཛངས་མ་ཞེས་པའི་ལས་འགུལ་འདི་ཡང་༧གོང་ས་མཆོག་གིས་བཏོན་པའི་འཚེ་མེད་ཞི་བའི་ལམ་སྟེ་ཆབ་སྲིད་ཀྱི་རིག་ལམ་འདི་དང་འགལ་མེད་པ་མ་ཟད། གར་སྟེགས་འདིའི་སྒང་དུ་ཤེས་འཇོན་ལྡན་པའི་བུ་མོ་ཞིག་སླེབས་ཐུབ་ན་མི་རིགས་ཀྱི་འཐབ་རྩོད་ལ་རམ་འདེབས་ཡོང་བར་བསམ་བློ་འཁོར་ཏེ། ལས་འགུལ་འདི་གཞུང་འབྲེལ་ལ་བསྒྱུར་བའམ་ཡང་ན་མི་སྒེར་སུ་ཡིན་ཡང་དཔལ་འབྱོར་སོགས་ཀྱི་རོགས་རམ་གནང་ཚེ། ལས་འགུལ་ཁྲོད་དུ་ཞུགས་མཁན་གྱི་བུ་མོ་ཇེ་མང་དང་སྤུས་ཀ་ཇེ་བཟང་ལ་འགྲོ་ངེས་པར་འདོད་ཀྱང་། བོད་ནི་མ་གཞི་ནས་དཀོན་མཆོག་གསུམ་མ་གཏོགས་གང་ཡང་ཁས་མི་ལེན་མཁན་ཞིག་ཡིན་པས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་འགྱུར་བ་ཞིག་ཡོང་རྒྱུ་ནི་ཤིན་ཏུ་ཁག་ཨང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནོན་ཤུགས་སོགས་ཀྱིས་ཤེས་འཇོན་ཡོན་ཏན་ལྡན་པའི་བུ་མོ་མང་པོ་ཞིག་ལས་འགུལ་འདིར་འཛུལ་ཞུགས་བྱ་བར་ཐེ་ཚོམ་དང་འཇིགས་སྣང་ཡོང་གི་ཡོད་པས། ལོ་རེ་རེ་བཞིན་བོད་མི་ཚོའི་འདོད་བློ་ཁེངས་པའི་བུ་མོ་ཞིག་འདེམས་རྒྱུ་མེད་པར་ཆགས་ཀྱིན་ཡོད། འདི་ནི་འདེམས་ཐོན་བྱུང་བའི་བུད་མེད་ཚོའི་སྐྱོན་མ་ཡིན་པར་སྤྱི་ཚོགས་ཀྱིས་ལས་འགུལ་འདི་ལ་བཟུང་བའི་ལྟ་སྟངས་ལས་བྱུང་བ་རེད།  ཡིན་ན་ཡང་བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་ཐོབ་མཁན་ཚོར་འགན་གང་འདྲ་ཞིག་ཡོད་པ་བུ་མོ་རང་ཉིད་ཀྱིས་གསལ་བོ་ཧ་གོ་དགོས་ལ། ཧ་གོ་བ་བཞིན་དུ་བོད་མི་རིགས་དང་བདེ་སྡུག་མཉམ་ཁུར་ཡང་གནང་དགོས་པར་འདོད།

འབྲེལ་ཡོད་གསར་འགྱུར།

ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་དབུ་འཛུགས་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༠།༦
Mobile App

ས་རཱ་མཐོ་སློབ་ཏུ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ་བདམས།

ཆུ་ཚོད་ ༢༣ སྔོན་ལ།
[1/4] A screen capture from video shows trekkers leaving their campsite, as unusually heavy snow and rainfall pummeled the Himalayas, in the Tibet Region, China, October 5, 2025. Geshuang Chen/Handout via REUTERS Purchase Licensing Rights
Mobile App

ཇོ་མོ་གླང་མའི་གནམ་གཤིས་ལ་འགྱུར་ལྡོག་ཆེ་རྐྱེན་མི་མང་པོ་ཉེན་ཁའི་གནས་སུ་གྱར་ཡོད་འདུག  

༢༠༢༥/༡༠/༠༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁན་ཊིར་བྷ་རིའི་བུད་མེད་དབུ་བླ་ཐོག་མར་འཚམས་འདྲི་མཛད། པར་དུས་བབ་ཀྱིས་བསྒྲིགས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཁན་ཊིར་བྷ་རའི་བུད་མེད་ཆོས་དཔོན་ཐོག་མ་དེར་འཚམས་འདྲི་མཛད།

༢༠༢༥/༡༠/༠༦
A view inside the Main Tibetan Temple during His Holiness the Dalai Lama’s teaching in Dharamsala, HP, India on October 4, 2025. Photo by Ven Zamling Norbu
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་མཛད།

༢༠༢༥/༡༠/༠༤
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྦར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས། དྲ་ལམ་གྱི་པར།
Mobile App

བོད་ནང་ཤོག་སྦག་སྤར་བ་ལས་འཕྲོས་པའི་གཏམ་གླེང།

༢༠༢༥/༡༠/༠༤

མཆན། 73

  1. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན་ཁྱོད་རང་མིང་དོན་མཚུངས་པའི་གླེན་པ་ཞིག་ཡིན་པར་མ་ཟད། ཧ་ཅང་གི་གཡོ་རྒྱུ་ཅན་གྱི་མི་ངན་ཐབས་སྡིག་ཅིག་རེད་འདུག ངས་ཁྱོད་ཀྱིས་བྲིས་པའི་ཡིག་ནོར་དང་རྩོམ་སྐྱོན་ལ་དགག་པ་བྱེད་འདོད་མེད། ཡིན་ནའང་ཕྲན་གྱིས་གློག་ཀླད་ལ་བྱང་ཆ་འགྲོ་བ་དང་ཁྱོད་ཀྱི་གཡོ་རྒྱུ་དང་འཁྱོགས་བཤད་བྱས་པ་ཏེ། སྤྱི་ཚོགས་འདིའི་ཁྲོད་དུ་གསོར་མི་རུང་གི་སྤྱོད་ངན་ཞིག་ཡིན་སྟབས་ངས་ལན་འདེབས་པ་ཡིན། སྐད་ཆ་ག་རེ་བཤད་ན་བློ་གཟུ་བོར་གནས་པའི་སྒོ་ནས་བཤད་ན་ནོར་འཁྲུལ་ཤོར་ཀྱང་དེ་ནི་གད་མོ་ཤོར་བའི་གནས་སུ་མ་མཆིས། འོན་ཀྱང་མཆོག་ནས་ཤེས་བཞིན་དུ་འཁྱོགས་བཤད་བྱས་པ་ཏེ་ངོ་ཚ་བའི་གནས་སུ་གྱུར་མོད། ཁྱོད་ལྟ་བུར་ཁྲེལ་དང་ངོ་ཚ་གང་ཡང་མེད་མཁན་ཞིག་ལ་འགྲེལ་བཤད་མང་བོ་བརྒྱབས་ཀྱང་སྙིང་བོས་དབེན། འོན་ཀྱང་ཉིད་ནས་ག་རེ་བྱས་ནས་གོང་ས་མཆོག་གི་གསུངས་ཆ་ཚང་དེ་རུ་མི་ཕེབས་པ་ཡིན། དེ་ན་སྐྱོན་ཆེན་པོ་ཞིག་ཡོད་སྟབས་ཁྱོད་ཀྱིས་གབ་པ་རེད། དེ་འདྲའི་ཐབས་སྐྱོ་བ་ལ། ཡིན་ནའང་འདིར་ཕེབས་པའི་དྲ་གྲོགས་ཚང་མས་དེ་མི་མཁྱེན་པ་ག་ལ་སྲིད། གལ་སྲིད་ཁྱོད་ཀྱིས་དྲང་བོར་སྨོས་ནའང་དེ་ལ་ཐོབ་ཤོར་གང་ཡང་ཡོད་པ་མ་རེད། ང་ཚོས་འདིར་བསམ་ཚུལ་བརྗེས་རེས་བྱེད་ཀྱི་ཡོད་པ་རེད་མ་གཏོགས་རྒྱན་འཇོག་གི་ཡོད་པ་མ་རེད། ང་རང་ལ་མཚོན་ན་དབྱིན་ཡིག་དང་བོད་ཡིག་གཉིས་ཀར་རང་སྐྱ་ཐུབ་པ་ཞིག་ཡོད་སྙམ། དེར་མ་ཟད་སྐད་ཆ་ག་རེ་བཤད་ན་བློ་གཟུ་བོར་གནས་པའི་སྒོ་ནས་བཤད་མཁན་ཞིག་ཡིན། གོང་ས་མཆོག་གིས་མཛེས་མའི་འགྲན་སྡུར་ཐད་ལ་མི་འཐད་པའི་གསུངས་དེ་ལས་ལྷག་ཅིག་ག་རེ་དགོས་པ་རེད། ཁོང་གི་ཐུགས་དགོངས་དམངས་གཙོ་གཙང་མ་ཞིག་ཡོང་རྒྱུ་དེ་རེད། ད་རེ་འདིས་ཆོག་པར་བྱ། །

    Reply
  2. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཁོ་རེ་རྟ་བདུན་དབང་པོ། ཁྱོད་ཀྱི་དབྱིན་སྐད་མ་མཁྱེན་པ་ཡིན་ནམ་ཡང་ན་རྫུན་གྱི་དབང་པོ་ཞིག་ཡིན། གལ་ཏེ་བསམ་བཞིན་དུ་ཉེས་འཛུགས་ཕྲན་བུ་རེ་བྱེད་འདོད་པ་ཡིན་ན་ཡག་པོ་མ་རེད།
    གང་ལྟར་རང་གི་དམིགས་ཡུལ་འགྲུབ་ཆེད་མདུན་དུ་སྤྱོད་ལོ།

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཧེ་ཧེ་ཧེ་ ཁོ་རེ་རྟ་བདུན་དབང་པོ་ ༧ གོང་ས་མཆོག་གི་གསུང་དུམ་འདི་མཛེས་མ་འགྲན་སྡུར་གྱི་ལས་འགུལ་འདི་མདུན་སྤྱོད་བྱེད་འོས་པའི་རྒྱབ་བརྟེན་ཡག་ཤོས་ཤིག་རེད་
    (if more people want that go head)

    Reply
  4. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    གོང་ས་མཆོག་གིས་གསུངས་པའི་མཛེས་མའི་འགྲན་སྡུར་ལ་སྐྱོན་བརྗོད་དབྱིན་སྐད་ཐོག འདི་ལ་ཉན་རོགས་ཞུས། http://www.misstibet.com/audio/dalai_lama_on_miss_tibet-2006.mp3

    Reply
  5. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ཟེར་བ་ཁྱོད་ལ་སྐད་ཆ་གསལ་བོ་བཟོ་གི་ཡིན།
    ཁྱེད་ཀྱིས་དྲ་ཐོག་ནས་ལན་འདེབས་མི་ཐུབ་ན་དྲ་ཐོག་ལ་གསལ་བསྒྲགས་སྤེལ་དོན་ཅི་ཡིན།
    འབྲོག་རྒན་ང་དུས་བབ་ཚང་ལ་མི་དགའ་རྒྱུ་ཅང་མེད་པར་མ་ཟད་ཕྲག་དོག་དང་སྡང་སྡིག་བྱེད་དོན་སོགས་གཅིག་ཀྱང་མེད།
    འོན་ཀྱང་། ཁ་བཤད་དང་ལག་ལེན་གཉིས་ཁ་ཁར་སྒྲུབ་མཁན་ཚོར་གཉའ་གཅོག་མཁན་ཞིག་ཡིན།
    ང་ཁྱེད་ཚོའི་ལས་ཁུངས་ལ་ཡོད་དོན་མེད། རྒྱུ་མཚན་གང་གིས་ཞེ་ན།
    དང་པོ། ང་དང་དུས་བབ་གཉིས་ཀྱི་ལས་ཀ་གཅིག་མ་རེད།
    གཉིས། ང་དང་དུས་བབ་གཉིས་ཀྱི་དབར་ན་ཁ་འཁོན་མེད།
    གསུམ། དུས་བབ་ཀྱིས་བཟོས་བའི་ནོར་འཁྲུལ་གྱི་ཆེདུ་ང་དུས་བབ་ཚང་ལ་ཡོང་དགོས་དོན་མེད།
    བཞི། ངས་དུས་བབ་ཡར་རྒྱས་ཀྱི་ཆེདུ་དྲང་བདེན་གྱི་སྐད་ཆ་བཤད་ཀྱི་ཡོད་མ་གཏོགས་མ་དགའ་སྡུག་མདོག་སོགས་བྱེད་ཀྱི་མེད།
    ངས་བཏང་བའི་དྲི་བ་དེ་དུས་བབ་ཀྱི་འཛིན་སྐྱོང་དང་འབྲེལ་བ་མེད་པརམ་ཟད་བསྟན་འཛིན་ཆོས་འཕེལ་དང་རབ་གཡང་སོགས་ལ་དེ་བས་ཀྱང་འབྲེལ་བ་མེད།
    རྗེས་མ་ནས་ལས་ཀ་གཟབ་གཟབ་བྱས་ནས་བྱེད་རྒྱུ་འབྲོག་རྒན་ངའི་བསླབ་བྱ་ཡིན།

    Reply
  6. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    ཁྱེད་རང་དངོས་ནས་མིང་དོན་མཚུངས་པའི་གླེན་པ་ཞིག་རེད། མ་གཞི་དང་བོ་ཉིད་ནས་མ་ཤེས་ན་མཆན་མ་བཏབས་ལེགས་མོད། མཛེས་མའི་འགྲན་སྡུར་གྱི་ཤོག་ངོས་(Media)ལ་ཉོན་དང་གོང་ས་མཆོག་གིས་གསུངས་པའི་དབྱིན་སྐད་ཐོག་གསལ་བོ་ཡོད་པ་རེད། །

    Reply
  7. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཁོ་རེ་རྟ་བདུན་དབང་པོ། ༧ གོབ་ས་མཆོག་གི་ཅི་གསུང་བྱུང་ངམ ནམ་ཞིག་ལ་་་
    མཛེས་མའི་འགྲན་བསྡུར་འདི་ལ་མི་འཐད་གསུང་བྱུང་ངམ་་་་་་་་་་་་

    Reply
  8. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    ད་ལྟ་དུས་རབས་ཉེར་གཅིག་ཏུ་སླེབས་ཟིན་ཀྱང་སྟབས་ལེགས་པ་ཞིག་ལ། བོད་མི་བརྒྱ་ཆའི་བརྒྱ་མིན་ནའང་བརྒྱ་ཆ་གོ་དགུའི་གོང་ས་མཆོག་གི་བཀའ་གསུང་ལ་གཙིས་མཐོང་ཆེན་པོ་ཡོད་སྟབས། གོང་ས་མཆོག་གི་ཐུགས་མ་མཉེས་པའི་བྱ་བ་ཅི་ཞིག་བརྩམས་ཀྱང་ལམ་ལྷོང་ཡོང་རྒྱུ་ཧ་ཅང་གི་ཁག་པོ་རེད། རྒྱུ་མཚན་དེའི་ཕྱིར་བུད་མེད་མཛེས་མའི་འགྲན་སྡུར་ལ་ཞུགས་མཁན་ཧ་ཅང་གི་དཀོན་པར་སྣང་ངོ། འོན་ཀྱང་གོང་ས་མཆོག་ནས་མཛེས་མའི་འགྲན་སྡུར་དེ་གལ་ཆེན་ཞིག་ཏུ་མ་གཟིགས་ནས་དེ་ལྟར་གསུངས་པ་རེད་མ་གཏོགས་ཐུགས་ཀྱི་གཏིང་ནས་མ་འཐད་པ་ཞིག་མིན་པར་སྙམ། །

    Reply
  9. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    བདེ་འབྱུང་གི་བཤད་པ་རྒྱུ་མཚན་འདུག་
    སོམས་དང་ དངོས་གནས་༧ གོང་ས་མཆོག་དོན་འདི་ལ་ཐུགས་མི་དགྱེས་པ་བཀའ་ཁྲིའི་མཁྱེན་ནམ་་་་་་་་་་
    ཡང་ན་ཚེ་རིང་སྐྱིད་ཀྱི་་་་་་་་་

    Reply
  10. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    ཨ་ལ་ལ། བདེ་འབྱུང་ཟེར་བ་འདི་ལ་མིག་ཡོད་ཀྱང་ཀླད་པ་མེད་པ་འདྲ། སླད་མར་སྐད་ཆ་སོམས་ལ་ཤོད་རྩམ་པ་སྡོད་ལ་མྱིད་ཟེར་བ་བཞིན་གཟབ་གཟབ་བྱེད་དགོས་པ་རེད། ཁྱོད་རང་གིས་གསུངས་པ་དེ་བརྒྱ་ཆ་བརྒྱ་ནོར་འཁྲུལ་རེད། བོད་ཀྱི་མཛེས་མའི་འགྲན་སྡུར་ལམ་ལྷོང་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་གོང་ས་མཆོག་དང་བཀའ་བློན་ཁྲི་བ་སོགས་ཀྱིས་དགག་བྱ་བྱས་པའི་རྐྱེན་གྱིས་རེད། གོང་ས་མཆོག་དང་བོད་གཞུང་གིས་ངོས་ལེན་མེད་ན་ཀླད་མེད་ཁྱོད་ལྟ་བུ་ཞིག་ཡིན་ན་མ་གཏོགས་ཆེ་མཐོང་ཡོད་པའི་ཚོགས་པ་སུ་ཞིག་གིས་བཀོད་སྒྲིག་བྱེད་རྒྱུ་རེད། གལ་ཏེ་གོང་ནས་དགག་བྱ་མེད་ན་བློ་བཟང་དབང་རྒྱལ་ཁེར་རྐྱང་དུ་འགྲོ་སྲིད་ཀྱི་མ་རེད། བདེ་འབྱུང་ཁྱོད་ལ་རིག་པས་སྒྲུབ་བྱེད་ཡོད་ན་བཀོད་དང་། ངས་ལན་གསལ་བོ་འདེབས་ཆོག ད་རེ་འདིས་ཆོག་པར་བྱ། །

    Reply
  11. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    ཨ་ལ་ལ། བདེ་འབྱུང་ཟེར་བ་འདི་ལ་མིག་ཡོད་ཀྱང་ཀླད་པ་མེད་འདྲ། སླད་མར་སྐད་ཆ་སོམས་ལ་ཤོད་རྩམ་པ་སྡོད་ལ་མྱིད་ཟེར་བ་བཞིན་གཟབ་གཟབ་བྱེད་དགོས་པ་རེད། ཁྱོད་རང་གིས་གསུངས་པ་དེ་བརྒྱ་ཆ་བརྒྱ་ནོར་འཁྲུལ་རེད། བོད་ཀྱི་མཛེས་མའི་འགྲན་སྡུར་ལམ་ལྷོང་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་གོང་ས་མཆོག་དང་བཀའ་བློན་ཁྲི་བ་སོགས་ཀྱིས་དགག་བྱ་བྱས་པའི་རྐྱེན་གྱིས་རེད། གོང་ས་མཆོག་དང་བོད་གཞུང་གིས་ངོས་ལེན་མེད་ན་ཆེ་མཐོང་ཡོད་པའི་ཚོགས་པ་སུ་ཞིག་གིས་བཀོད་སྒྲིག་བྱེད་རྒྱུ་རེད། གལ་ཏེ་གོང་ནས་དགག་བྱ་མེད་ན་བློ་བཟང་དབང་རྒྱལ་ཁེར་རྐྱང་དུ་འགྲོ་སྲིད་ཀྱི་མ་རེད། བདེ་འབྱུང་ཁྱོད་ལ་རིག་པས་སྒྲུབ་བྱེད་ཡོད་ན་བཀོད་དང་། ངས་ལན་གསལ་བོ་འདེབས་ཆོག ད་རེ་འདིས་ཆོག་པར་བྱ། །

    Reply
  12. བདེ་འབྱུང་ says:
    ལོ་ 16 སྔོན།

    དྲ་གྲོགས་རིགས་གཅིག་གིས་བོད་ཡིག་དག་མོ་ཞིག་འབྲི་ཤེས་པ་ལས་ཡོན་ཏན་ཟེར་བ་ཏིལ་འབྲུ་ཙམ་ཡང་མེད་གི རང་མདོག་རང་གིས་སྟོན་གྱི་འདུག དེ་རིགས་ཕལ་ཆེར་ང་ཚོ་ཨམ་གསར་ཚོ་ཡིན་པ་འདྲ།་ཇི་འདྲའི་མི་རིགས་སྤུས་ཚད་སྐྱོ་བོ་ཞིག་རེད་ཨང་།

    Reply
  13. བདེ་འབྱུང་ says:
    ལོ་ 16 སྔོན།

    དོན་དག་ངོ་མའི་སྟེང་ལ་བབ་གི་མེད་གི མཛངས་མའི་འགྲན་བསྡུར་ལ་གཞུང་གི་ངོས་ལེན་དང་རྒྱབ་སྐྱོར་དེ་འདྲ་ཐོབ་དགོས་པའི་རྒྱུ་མཚན་མེད། ལས་འགུལ་འསིའི་ཞན་ཆ་གཙོ་བོ་ནི་བཀོད་སྒྲིག་བྱེད་མཁན་བློ་བཟང་དབང་རྒྱལ་གྱི་ལོ་རྒྱུས་དང་ཀུན་སྤྱོད་ལ་བལྟས་ནས་བྱུང་བ་རེད། གལ་ཏེ་ལས་འགུལ་འདི་སྤྱི་ཚོགས་སྟེང་ཆེ་མཐོང་ཡོད་པའི་མི་སྒེར་དང་ཚོགས་སྡེ་ཞིག་ནས་སྤེལ་ན་ངོ་བོ་གཞན་ཞིག་ཏུ་འགྱུར་རྒྱུ་རེད།

    Reply
  14. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    སྟོང་ལོ་དགུ་ཡི་མཛངས་མའི་མིང་ཞིག་སྟོང་སེམས་ཁྲོད་ནས་ཐོབ་ན་འདོད།
    སྟོང་ལོ་དགུ་ཡི་མཛངས་མ་འདོད་ན་ཕྱི་ནང་གཉིས་ལ་རྒྱན་ཞིག་དགོས།
    སྟོང་ལོ་དགུ་ཡི་མཛངས་མའི་ཁྲོད་ན་ཕྱི་ནང་གཉིས་ཀ་སྟོང་བ་རེད།
    སྟོང་ལོ་གཉིས་ཀྱི་དགུ་མིག་ཁྲོད་ན་ཁྱོད་ཚོའི་རྣམ་པ་གོར་ཐིག་ཉིད།

    Reply
  15. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    མཛངས་མ་དང་མཛེས་མ་གང་གིས་ཀྱང་འོས་ཆོས་མི་ཚང་བའི་བློ་བཟང་དབང་རྒྱལ་གྱི་གཡོ་གཡོག་ཏུ་ཚུད་པའི་བུད་དམན་འདི་དག་ལ་བསམ་གཞིག་དང་བློ་གཡེང་བགྲོ་གླེང་ཅི་ཞིག་ལ་བྱས་དགོས་བ་རེད།་་ང་དངོས་གནས་ཡ་མཚན་སྐྱེས་ཀི་་་་་སོ་སོའི་མི་རིགས་དང་མི་རིགས་དེའི་ཚེ་སྲོག་སྐད་ཡིག་གི་སྐོར་ལ་ད་འདའ་བར་དུ་འདི་འདྲའི་སྐད་ཆ་བཤད་མཁན་མང་པོ་ཞིག་མཐོང་མ་སོང་།་་་འོ་ཤུ་་་་་ང་ཉོབ་སོང་

    Reply
  16. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    མཛངས་མ་མཛེས་མ་གང་ཡིན་ན་ཡང་རང་རང་གི་ཁྱད་ཆོས་ངེས་པར་དུ་ཚང་དགོས་པ་རེད།ལྷག་པར་དུ་བོད་ཀྱི་མཛངས་མ་ཡིན་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་གི་མཐོ་བོ་མེད་ན་ཡང་དེའི་མིང་གཞི་ངེས་པར་དུ་དགོས་པ་རེད་ཡིན་ན་ཡང་ཁོ་ཚོས་རང་གི་མིང་་དག་མོ་ཞིག་ཀྱང་འབྲི་མི་ཤེས་རེད།སྒོར་མོ་རྐྱང་རྐྱང་ལ་འདོད་རྔམ་ཆེ་བའི་བོད་ཀྱི་བུད་དམན་དེ་དག་ལ་བོད་ཀྱི་རིག་གཞུང་ལ་ཤ་ཚ་མེད་པ་མ་ཟད་དོ་སྣང་ཡང་རྩ་ནས་མེད་པ་རེད་འདི་འདྲའི་བོད་ཀྱི་མཛངས་མ་ཞིག་གི་ང་ཚོ་ལ་ཅི་ཞིག་བྱེད་དཔལ་འབྱོར་ཆུ་ཟོས་སུ་བཏང་བ་ཁོ་ན་རེད་་མ་གཏོགས་ཕན་ཐོགས་ཅུང་ཙམ་ཡང་མི་འདུག་་་་བོད་ཀྱི་མཛེས་མ་ཡིན་ན་ཡང་འགྲིག་གི་འདུག་ལ་དེ་ཡང་མ་རེད་མཛེས་ཆོས་ཀྱིས་ཀྱང་སྟོང་པ་སྟོང་རྐྱང་རེད།འདོད་རྔམ་དང་ཆགས་སྲེད་ཀྱིས་བྲན་གཡོག་ཁོ་ན་ལས་བརྩམ་པའི་བྱ་བཞག་འདི་ལ་དོན་སྙིང་གཅིག་ཀྱང་མི་འདུག་་་་དེ་ལས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་འགྲན་བསྡུར་ཞིག་བྱེད་ཐུབ་ན་་་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་གི་གསོན་ཤུགས་ལ་དངོོས་གནས་ཕན་ཐོགས་རླབས་ཆེན་ཡོད་པ་རེད་ལ་དོན་སྙིང་ཡང་ཆེན་པོ་རེད།གཞི་ལུས་ཚོའི་དཀའ་སྡུག་གི་འོག་ནས་མནར་གཅོད་མྱང་དང་མྱོང་བཞིན་པའི་སྐབས་འདི་འདྲ་ཞིག་ལ་གར་སྟེགས་སྟེང་དུ་མཛེས་ཉམས་དང་དགའ་ཉམས་ཡིན་མདོག་མདོག་བྱས་བ་ལ་དངོས་གནས་ངོ་ཚ་དགོས་པ་ཞིག་རེད།ན་ནིང་དང་ད་ལོ་ང་ཚོ་ལ་མྱ་ངན་ཆེན་པོ་ཞིག་ཡོད་པ་བརྗེད་མི་ཉན་པ་ཤེས་དགོས་པ་རེད།དེ་བས་ལོ་ངོ་འདི་གཉིས་རིང་ལ་ལོ་གསར་གྱི་མཚོན་པའི་གཞས་སྣ་འཁྲབ་སྟོན་སོགས་གཞུང་གི་བྱེད་སྒོ་ཁག་ཀྱང་གནས་སྐབས་མཚམ་འཇོག་བྱས་ཡོད་པ་རེད་དངོས་གནས་མི་ཀླེན་མེད་ཞིག་མིན་ན་དེ་དག་བློ་ཡིད་དུ་འཁོར་དགོས་པ་ཤིག་རེད་་་་ད་དུ་འདོད་སྲེད་ཀྱི་རྦ་རླབས་འཕྱར་བའི་དབྱིན་ཇིའི་རྐུབ་རྡེག་མཁན་ཁ་ཤས་ཤིག་གི་ད་དུང་རྒྱབ་སྐྱོར་གྱི་སྐད་ཆ་བཤད་ཀྱིན་འདུག་་ཁྱོད་ཚོ་ངོ་མི་ཚ་ན་ང་ངོ་ཚ་ཀི

    Reply
  17. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཟླ་བ་ལགས། དུས་བབ་ལས་ཁུངས་ཀྱི་འཛིན་སྐྱོང་དང་ལས་ཀའི་འཁོར་རྒྱུགས་ཐད་ངས་དྲ་ཐོག་འདི་ནས་ལན་འདེབས་དགོས་དོན་མི་འདུག ཁྱོད་ལ་དོན་ངོ་མར་དཀའ་ངལ་ལམ་རྒྱུ་མཚན་གཞན་ཞིག་བཤད་རྒྱུ་ཡོད་ན། ཐད་ཀར་ལས་ཁུངས་ལ་ཕེབས་རོགས། དེ་མིན་རྗེས་ཕྱོགས་སྐད་ཆ་འདིའི་རིགས་ལ་བདག་པོ་རྒྱག་རྒྱུ་མིན་པས། དགོངས་འགལ་མེད་པ་ཞུ།

    Reply
  18. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ཟེར་བ་ཁྱོ། ཚེ་རིང་སྐྱིད་ཀྱི་དོན་ཏུ་ཀ་ལངས་ལངས་བྱེད་དོན་ཅི་རེད།
    རྩོམ་འདིའི་སྤྱི་ཁོག་ལ་སྐད་ཆ་མ་བཤད་སྔོན་ལ་ཁ་སང་གི་ས་མིག་གསལ་བསྒྲགས་སྐོར་དང་འབྲེལ་བའི་ངའི་དྲི་བ་དེ་ལ་དྲི་ལན་འཁྱེར་ཤོག

    Reply
  19. བློ་ལྡན། says:
    ལོ་ 16 སྔོན།

    རྡ་སའི་གྲ་བ་ལོག་སོང་པ་ཁ་ཤས་ཀྱི་ནམ་རྒྱུན་བུད་མེད་མཛེས་མ་ཚོ་ལོངས་སུ་སྤྱོད་རྒྱུ་མ་རག་རྐྱེན་དངོས་པ་དོན་གྱི་མཛངས་མ་ཚེ་རིང་སྐྱིད་ལ་སྡུག་བཞིན་པ་དེ་ཚོ་སྙིང་རྗེ་སྐྱེས་ཡ་རང་རེད།

    Reply
  20. རུ་དམ་ལུང་གི་བུ།། says:
    ལོ་ 16 སྔོན།

    རྟ་བདུན་དབང་པོས་གསུངས་བ་ལ་འཐད་པ་ཡོད། བློ་བཟང་དབང་རྒྱལ་སོགས་འབྲེལ་ཡོད་དབུ་འཛིན་པ་དག་གིས་༧གོང་ས་མཆོག་ལ་གཏན་གཏན་ཞུ་དགོས་རེད། གནས་ལུགས་རྒྱུ་མཚན་གོང་ས་མཆོག་གིས་མ་དགོངས་པ་མ་རེད་ཀྱང་། ཡར་ཞུ་དགོས་པ་འགྲོ་ལུགས་ཞིག་ཀྱང་རེད། གལ་སྲིད་བར་གྱི་རྐྱེན་དབང་ལ་མ་སོང་པར། ༧གོང་ས་མཆོག་ལ་དངོས་སུ་ཞུ་ཐུབ་སོང་ན། ༧་གོང་ས་མཆོག་གིས་རྒྱབ་སྐྱོར་གནང་བ་གཏན་འཁེལ་རེད་སྙམ། གང་ཡིན་ཟེར་ན། མཛེས་མ་འགྲན་བསྡུར་མ་ཡིན། མཛངས་མ་འགྲན་བསྡུར་ཡིན་པས། གཞན་ཡང་རྒྱལ་ཁབ་ཞིག་ལ་མཛངས་མ་ཡང་དགོས་པས། གུས་བཅས།

    Reply
  21. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    འོ་ལགས་སོ། བོད་ཀྱི་མཛེས་མའི་འགྲན་སྡུར་གྱི་ཞན་ཆ་གཙོ་བོ་ནི། གོང་ས་མཆོག་དང་བོད་གཞུང་གིས་རྒྱབ་སྐྱོར་མེད་པས་ལན་པ་རེད། གལ་ཏེ་གོང་ས་མཆོག་ནས་རྒྱབ་སྐྱོར་ཐོབ་ན་ད་གཟོད་མིང་དོན་མཚུངས་པའི་མཛེས་མ་བརྒྱ་ཕྲག་ཁ་ཤས་འཛོམས་སྲིད་པ་རེད། སྐྱོན་ཆ་གཙོ་བོ་ནི་བློ་བཟང་དབང་རྒྱལ་ལ་ཡོད་པ་རེད། ཁོ་རང་གིས་འདི་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་པ་རེད་སྙམ། གལ་ཏེ་མིན་ན་སྤུས་དག་པོ་ཞིག་འགོ་འཛུགས་དགོས་པ་རེད། སྤུས་དག་པོ་ཞིག་ཡོང་དགོས་པ་ལ་གོང་ནས་རྒྱབ་སྐྱོར་ཐོབ་རྒྱུ་དེ་རེད། གོང་ས་མཆོག་སྙིང་རྗེའི་གཞན་དབང་ཅན་ཡིན་ཕྱིར་ཞུ་བ་ཐེངས་ཁ་ཤས་ཤིག་ཕུལ་ན་རྒྱབ་སྐྱོར་ཐོབ་ངེས་རེད། དེ་མིན་བོད་ཀྱི་མཛེས་མའི་འགྲན་སྡུར་འདི་བོད་ཀྱི་རིག་གཞུང་ལ་འགལ་བ་རེད་ཟེར་མཁན་ཡོད་ན་དེ་ནི་བླུན་པོས་བབ་ཅོལ་ཁོ་ན་ཡིན་པ་གདོན་མི་ཟའོ། ངས་འདིར་བོད་ཀྱི་ཆོས་དང་འགལ་མི་འགལ་གླེང་གིན་མེད། ད་རེ་འདིས་ཆོག་པར་བྱ། །

    Reply
  22. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དགོངས་དག ཡི་གེ་རེ་གཉིས་གཏགས་ནོར་ཤོར་འདུག

    Reply
  23. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གྲོགས་པོ་ཚོ། བགྲོ་གླེང་བྱེད་སྟངས་འདི་འདྲ་ཞིག་མ་རེད། ལས་འགུལ་འདིའི་ཞན་ཆ་གང་རེད། ཡར་རྒྱང་གཏོང་རྒྱུ་ཡོད་པ་རེད་དམ་མ་རེད་སོོགས་བཤད་ན་གང་འདྲ་རེད། དཔེར་ན། ཨ་རིག་དགེ་མཐོང་དང་རྟ་བདུན་དབང་བོ་ལགས་གཉིས་ཀྱིས། ལས་འགུལ་འདིའི་ཕན་གནོད་ཀྱི་ཕྱོགས་ནས་གླེང་རོགས། ལོ་ངོ་ ༧ ཀྱི་རིང་བོད་ཀྱི་མཛངས་མ་ཞེས་པའི་ལས་འགུལ་འདི་སྤེལ་ནས་ཡོང་བ་རེད། ལོ་རེ་བཞིན་འདིའི་དགེ་སྐྱོན་གྱི་ཕྱོགས་གླེང་མཁན་ཡང་ཕལ་ཆེར་ཕྱོགས་གཉིས་སུ་གྱེས་ཡོད་པ་རེད། འདིའི་ཁྲོད་དུ་བཀའ་ཁྲི་དང་རྒྱ་རི་སྒྲོལ་མ་སོགས་ང་ཚོའི་སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣ་ཁག་ཀྱང་ཡོད་པ་རེད། འོན་ཀྱང་། གནད་དུ་ཕུག་པའི་བགྲོ་གླེང་ཞིག་ད་དུང་བྱུང་མེད་པར་འདོད། དེ་བས་གྲ་གྲོགས་ཚོས་འདིའི་ཕྱོགས་ནས་གླེང་རོགས།

    Reply
  24. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    ངས་ལྟོས་ན་ཁྱོད་ལ་ལྟ་རྒྱ་དང་མཐོང་རྒྱ་གང་ཡང་མེད་པའི་མི་ཞིག་རེད་སྙམ།
    འདྲ་པར་ཞིག་ལ་ལྟོས་ནས་ཕ་རོལ་བ་ཞིག་གིས་མཛེས་ཆོས་ཀྱི་ཁྱད་པར་འབྱེད་ཁག་པོ་རེད། རྒྱུ་མཚན་དེའི་ཕྱིར་ངས་དེ་ལྟར་སྨོས་པ་ཡིན། འཛམ་གླིང་མཛེས་མའི་འདྲ་པར་ལ་ལྟོས་དང་བུད་མེད་ཁ་ཤས་ཀྱི་འདྲ་པར་མཛེས་མའི་དབྱིབས་ཙམ་ཡང་མེད་པ་མང་བོ་སྣང། འོན་ཀྱང་དེ་དག་མིང་དོན་མཚུངས་པའི་མཛེས་མ་མིན་ན་དེའི་འགྲན་སྡུར་བྲལ་དུ་ཚུད་ག་ལ་ཐུབ། དེ་དང་དེ་བཞིན་བོད་ཀྱི་མཛེས་མའི་འགྲན་སྡུར་ལའང་མིང་དོན་མཚུངས་པའི་མཛེས་མ་ཞིག་མིན་ན་འགྲན་སྡུར་བྲལ་དུ་ཞུགས་རྒྱུ་མ་རེད་སྙམ་མོ། ད་དགོངས་འགལ་མེད་པར་ཞུས།

    Reply
  25. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ག་རེ་སེམས་ཤུགས་ཅན་ཞབས་འདྲེན་མ་འདི་ཚོ་བོད་ནང་གི་སྤུན་ཟླ་ཚོས་མཐོང་ན་ངོ་ཚ་མ་རེད་དམ། རྟ་བདུན་དབང་བོ་ཁྱོད་ཀྱིས་སྐད་ཆ་དེ་ཁ་ནས་ཐོན་པ་ཡིན་ནམ།

    Reply
  26. འཁྱམས་པོ། says:
    ལོ་ 16 སྔོན།

    ང་ཚོས་འདི་ལྟར་གླེང་ཡོང་དུས། ཁ་ཤས་ཤིག་གིས་ སྤྱིར་བཏང་གི་མཛངས་མ་དང་། དཔའ་པོ། མཁས་པ་སོགས་ནི་ཏག་ཏག་སྔོན་ཆད་ཀྱི་རྒྱ་གར་རིག་བྱེད་པ་འགས་གཏན་ལ་ཕབས་པའི་མཚན་ཉིད་དག་དང་མཐུན་དགོས་པ་དང་དེ་དག་རྣམ་ཡང་གཏན་ཚིག་དུ་འཛིན་དགོས་པར་རློམ་གྱིན་ཡོད་པ་འདྲ། དེ་ནི་དེ་དུས་ཀྱི་རྒྱ་གར་པ་ཚོར་དཔེ་བཞགས་ནས་ཁོ་རང་ཚོའི་བུད་མེད་ཚོ་དང་སྐྱེས་པ་ཚོ་གླེང་བསྡད་པ་དེ་རེད། དཔེར་ན་དེང་སྐབས་ཡང་ཕྱི་གླིང་ཀུན་ན་{Yoga}ཡོ་གྰ་ལ་ཨ་གསར་བྱས་ནས་གུ་རུ་ཞེས་ {སྰ་ཏྰོ་པྰ་པྰ་ཚོ}བོད་སྐད་དྲང་སྲོང་ཞེས་པ་དེ་གཙིག་ཏུ་བཀུར་པ་འདིས་མཚོན། ཡང་གཅིག་བཤད་ན་དུས་རབས་འགྱུར་འགྲོས་དང་བསྟུན་ནས་མཛངས་ཆོས་དང་མཛེས་ཆོས་དེ་དག་འཚམ་མིན་ལའང་བསམ་བློ་ཞིག་གཏོང་དགོས་པ་མ་རེད་དམ།
    ཨ་ལ་་་་་མཇུག་དུ་ཀུ་རེ་ཞིག་ལ་ དེང་སྐབས་ང་ཚོ་བོད་པ་ལས་ཕྱི་གླིང་པ་ཚོ་ནས་མཛངས་མ་ཞིག་ལ་རེ་བ་རྒྱག་རྒྱུ་ཟེར་ན་ཁག་པོ་རེད་འདོད། ཕྱི་གླིང་བུད་མེད་ཚོའི་གཤིས་སྤྱོད་དེ་ང་ཚོའི་ཞེས་མོ་ཚོའི་གཤིས་སྤྱོད་ལས་ལྡབ་མང་པོ་ཞིག་གིས་རྩོག་གི་ཡ་་་་་

    Reply
  27. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    ཨ་རིག་དགེ་མཐོང་ལགས། འདྲ་པར་ཞིག་ལ་ལྟོས་ནས་ཕ་རོལ་བ་གང་ཞིག་མཛེས་དང་མི་མཛེས་པའི་ཁྱད་པར་འབྱེད་ཐུབ་རྒྱུ་མ་རེད། གལ་ཏེ་འབྱེད་ན་ཡང་སེམས་ཤུགས་ཅན་འདི་ཚོའི་སེམས་པ་མ་གཅོག་རོགས། །

    Reply
  28. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    ཨ་ཧ་ཧ་ཧ། སོག་མེ་རི་ལགས། ཁྱེད་ཀྱིས་སྙན་ངག་ལ་གཏན་ནས་གཟིགས་མྱོང་མེད་པ་འདྲ། སླད་མར་ཁོམ་པ་རེ་ཡོད་དུས་སྙན་ངག་ལ་གཟིགས་རོགས་ཞུས་དང་། དེ་ནས་རྒྱུ་མཚན་ཅི་ཕྱིར་ལ་བརྟེན་ནས་དྲ་གྲོགས་ཚོར་བུད་མེད་མཛེས་ལྡན་མར་བསམ་འཆར་མང་བ་ད་གཟོད་ཁྱོད་ཀྱིས་རྟོགས་ཐུབ། འདིར་འཛོམས་པའི་དྲ་གྲོགས་ཚང་མ་སྙན་ངག་ལ་ཐུགས་མཉེས་པོ་ཡོད་སྟབས་འདི་ཀར་བསམ་འཆར་མང་བ་རེད། དེ་མ་རེད་དམ། བརྗོད་བྱ་བུད་མེད་མཛེས་མ་ཞིག་ཡིན་པ་ནས་བཟུང་དྲ་གྲོགས་ཚོར་སྐྱོ་སྣང་གང་ཡང་མེད་པར་དུས་ཚོད་མང་དུ་སྐྱེལ་གྱིན་ཡོད་པ་ཞུས་ག་ལ་དགོས།

    Reply
  29. སོག་མེ་རི། says:
    ལོ་ 16 སྔོན།

    ཨ་རིག་ལགས་
    གཞན་ལ་མཐོང་བའི་མིག་ཡོད་ཀྱང།
    རང་ལ་མཐོང་བའི་མེ་ལོང་དགོས་ཟེར་བ་གོ་ཨེ་ཉོན་
    དེ་ཚོ་སེམས་ཤུག་མ་ཅག་
    ཁྱོད་རང་ལོ་འཇུག་མ་་་་་་་་་་་་་་་་་་་་་་་་མཛངས་པ ནང་ལ་་་་་་་་་་་་་་་་་་་་་་་་་

    Reply
  30. སོག་མེ་རི། says:
    ལོ་ 16 སྔོན།

    དྲ་གྲོག་ཚོ་ང་དྲི་བ་གཅིག་ཡོད་ཚང་མས་ལན་ཡོད་པ་ཞུ།
    དུས་བབས་ནང་ལ་གསར་འགྱུར་གལ་ཆེན་ཁག་མང་པོ་བྱུང་བའི་
    ནང་ལ་འཛངས་མའི་གསར་འགྱུར་ལ་
    བསམ་འཆར་མང་ཤོས་ཐོབ་པ་དེ་གང་རེད་དམ།

    Reply
  31. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    སྤྱིར་སྟངས་འཛངས་མ་འགྲན་བསྡུར་བྱྱེད་ཀྱིན་པ་འདི་ལས་འགུལ་ཡག་པོ་ཞིག་རེད། དེ་ཡང་ཆབ་སྲིད་སྟེང་ནས་གོ་རྒྱུ་འདུག་མོད། ཡིན་ནའང་འགྲན་བསྡུར་ལ་ཞུགས་མཁན་ཚོ་ངོ་ཚ་རྒྱུ་མེད་ནོ་དེ་སྐྱོན་ཞིག་རེད། ་འདི་ཚོ་ཚང་མས་ཤེལ་སྒོ་ནང་ལ་བལྟ་མ་མྱོང་བ་འདྲ། དེ་མིན་སོ་སོའི་གདོང་རྫོབ་རོ་དེ་མཐོང་ནས་ད་དུང་འཛངས་མ་འགྲན་བསྡུར་ནང་ལ་ཞུགས་འདོད་པ་འདི་ཡ་མཚན་མ་རེད་དམ།

    Reply
  32. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    ཨ་ལ་ལ། འདི་གར་ཕོ་གསར་ཚང་མ་ཕྲག་དོག་དུག་གིས་མྱོས་ནས་ཚེ་རིང་སྐྱིད་ལ་སྨད་གང་ཐུབ་བྱེད་བཞིན་མཆིས། འོན་ཀྱང་དྲ་ཚིགས་འདིར་ཕེབས་མཁན་ཚང་མའི་བྲལ་ནས་ཚེ་རིང་སྐྱིད་ཀྱིས་བྲིས་བའི་ཚིགས་བཅད་ལས་ལེགས་པ་ཞིག་མི་འདུག དེ་ནི་བློ་གཟུ་བོར་གནས་པའི་གཏམ་ཞིག་ཡིན་པ་ལས་མོ་རང་ལ་འབྲེལ་བ་ཕར་ཞོག་མཐོང་ལམ་དུའང་གྱུར་མྱོང་མེད། གང་ལྟར་མོ་རང་གིས་བྲིས་པ་ཡིན་ནམ་གཞན་གྱིས་བྲིས་པ་ཁ་ཚོན་གཅོད་དཀའ་ན་ཡང་། བོད་ཀྱི་མཛེས་མའི་མིང་ཐོབ་མཁན་ཞིག་གི་ངོས་ནས་རང་གི་རིག་གནས་ལ་གོམས་འདྲིས་ཡོད་པ་བསྟོད་སྔགས་གྱི་མེ་ཏོག་འཐོར་བའི་གནས་གྱུར། ཁ་ནས་བཤད་ཚད་ཐམས་ཅད་ལག་ལེན་དུ་སྟར་རྒྱུ་འཁོར་ལོ་སྒྱུར་བའི་རྒྱལ་བོ་ལྟ་བུ་ཡིན་ན་མ་གཏོགས་མི་སུ་འདྲ་ཞིག་ཡིན་རུང་འགྲུབ་མི་སྲིད་པ་ཞིག་རེད། མོ་རང་མཛེས་མ་ཞིག་ཡིན་པའི་ཆ་ནས་སློབ་སྦྱོང་ལས་འཁྲིག་སྤྱོད་མང་ན་དེ་ལ་སྐྱོན་ག་རེ་ཡོད་པ་རེད། ཚང་མས་ངེས་རྒྱུ་ཞིག་ལ་མོ་རང་བཙུན་མ་ནི་མ་རེད། མོ་རང་ན་གཞོན་ཞིག་ཡིན་པའི་ཆ་ནས་ཕོ་གསར་མང་བོར་འགྲོག་འདྲིས་བྱ་རྒྱུ་ཐོབ་ཐང་དེ་མོ་ལ་ཡོད་པ་རེད། དེ་ལ་སྨད་ར་གཏོང་རྒྱུ་ཅི་ཞིག་ཡོད། ཀྱེ་མ། ཤེས་བྱའི་གནས་ལ་རྨོངས་པའི་ཕོ་ཧྲེང་འགས། རྣམ་དཔྱོད་མཆོག་ཏུ་ཡངས་པའི་མཛེས་ལྡན་མ། ཐོབ་པའི་གོ་སྐབས་དབེན་པའི་ཡི་མུག་སྟེ། ཆགས་སྡང་ཚིག་མཚོན་འཕེན་པ་ཅིས་མི་མཚར།

    Reply
  33. གནས་ཚང་། says:
    ལོ་ 16 སྔོན།

    མ་གཞི་ང་རང་འདིར་ཡོང་འདོད་མེད་མོད། ད་རེས་ཡིན་ན་གཅིག་བཅར་དགོས་བྱུང་སོང་། གཙོ་བོ་ནི་དོན་ཚན་འདི་དག་སྟེ། ༼དང་པོ། ཚེ་རིང་སྐྱིད་ཀྱིས་ལག་ལེན་དང་ཁ་བཤད་གཉིས་ཀ་ཐོ་མི་ཐུག་པའི་ལས་ཀ་རྐྱང་རྐྱང་བྱེད་ཀི གཉིས་པ། ཚེ་རིང་སྐྱིད་ལ་སློབ་སྦྱོང་གི་བརྒྱུད་རིམ་ལས་འཁྲུག་སྤྱོད་ཀྱི་བརྒྱུད་རིམ་རིང་བ་ཡོད། གསུམ་པ། ཚེ་རིང་སྐྱིད་ཀྱིས་སོ་སོའི་སྐད་ཆར་སོ་སོས་འགན་ཁུར་གྱི་མི་འདུག ༽ འོ་ན། ངས་ལྷན་རྒྱས་དྲི་བ་ཁ་ཤས་གཏོང་གི་ཡིན། ལན་རྒྱག་མི་ཐུབ་ན་ཁོང་ཁྲོ་མ་ལངས།
    ༡ ཁ་བཤད་དང་ལག་ལེན་ཐོ་ཐུག་པའི་མི་ཞིག་འཇིག་རྟེན་འདིར་ཡོད་དམ། མཚན་གཞི་དང་རྒྱུ་མཚན་དྲངས་ཤོག
    ༢ མི་སུ་ཞིག་འཁྲུག་སྤྱོད་ཀྱི་ཐོན་དངོས་མིན་ནམ། ཁྱོད་ཚོའི་ཁྲོད་དུ་འཁྲུག་སྤྱོད་མ་བརྒྱུད་པར་ཐོན་པ་འདྲ་ཡོད་དམ།
    ༣ དེང་གི་བར་སུ་ཞིག་གིས་སོ་སོའི་སྐད་ཆར་བརྒྱ་ཆའི་བརྒྱ་ཐམ་པའི་འགན་འཁུར་ཡོད་དམ།

    ད་ཤོད་ཡ། ཤེས་ཡོན་པ་ཚོ།

    Reply
  34. འཁྱམས་པོ། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ། དོན་མེད་དུ་ངའི་མིང་ཐོག་ལ་བཙན་འཛུལ་མ་བྱེད་རོགས། དོན་ཏག་ཡོད་ཁ་གསལ་པོར་ཤོད་དང་་་

    Reply
  35. འཁྱམས་པོ། says:
    ལོ་ 16 སྔོན།

    ཨེ ་ང་འཁྱམས་པོའི་མིང་སྟེང་ནས་ཡོང་མཁན་འཁྱམས་པོ་གཉིས་པ་ཁྱོད་སུ་ཡིན་ནམ།

    Reply
  36. བཙན་པོ། says:
    ལོ་ 16 སྔོན།

    གོང་གི་མཆན་འདེབས་མཁན་ཚོ་ཁྱེད་ཚོས་འུར་མ་བརྒྱགས། སྤྱིར་བཤད་ན་འཛངས་མ་འགྲན་བསྡུར་ཟེར་བ་འདི་གླད་པ་ལྗང་ཁུའི་སྲོལ་རྒྱུན་རྙིང་ཀོག་ཅིག་རེད། སྔོན་མ་རྒྱལ་པོ་དང་སྐུ་དྲག་ཚོས་བུད་མེད་མཛེས་མ་ཚོ་རྩེད་སྐྱེད་བྱེད་པའི་ལུགས་སྲོལ་ངན་པ་ཞིག་རེད། དེ་ཕྱིར་འཛམ་གླིང་ཐོག་གིས་མི་མང་པོ་ཞིག་གིས་དེ་ལ་ངོ་རྒོལ་བྱེད་ཀི་ཡོད་ནི་རེད། ལྷག་པར་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཚོས་ངོ་རྒཽལ་བྱེད་ཀི་ནི་རེད།
    བློ་བཟང་དབང་རྒྱལ་གྱིས་འཛངས་མ་འགྲན་ནས་སྤྱིན་བདག་བཙལ་ཀི་ཡོད་པ་རེད། བུད་མེད་ཁ་ཤས་དེ་ལ་འཛུལ་ཞུགས་བྱེད་ཀིན་ཡོད་ནི་ཕྱི་རྒྱལ་ལ་ཐར་ཆེད་རེད། དེ་ནི་འཛངས་མ་འགྲན་བསྡུར་མ་རེད། ཕྱི་རྒྱལ་ལ་འགྲོ་བའི་འགྲན་སྡུར་རེད། བློ་དབང་གིས་ཁ་གསལ་བོ་བྱས་ནས་འཛངས་མ་སུ་ལ་ཐོབ་ན་དེ་ཕྱི་རྒྱལ་ལ་འགྲོ་ཐུབ་ནི་རེད་ལབ་ན་འཛུལ་ཞུགས་བྱེད་མཁན་མང་བ་ཡོང་སྲིད་པ་རེད།བོད་ཀྱི་འཛངས་བོད་སྐད་དག་མ་བཤད་མི་ཤེས་བ་ཞིག་ཡོད་བགྱི་མ་རེད།

    Reply
  37. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབས་རྩོམ་སྒྲིག་པ་ལགས་དགྲ་འདུལ་གྱིས་བཤད་པར་མོས་མཐུན་མེད་གང་ཡིན་ཟེར་ཁོང་གིས་ཚེ་རིང་སྐྱིད་སྐྱོན་འཚང་སྦས་ཐབས་བྱེད་ཀྱི་འདུག། ཟླ་བ་ནོར་བུ་ལགས་ཀྱིས།་་་་་་་་་་་་་་་་་་་་་་་་་་་་་་་་་་་༼༼ འབྲོག་རྒན་ངས་བལྟས་ན། ལྷ་ཆབ་ཀྱིས་གསུངས་བ་ལ་རྒྱུ་མཚན་འདུག ཡིན་ན་ཡང་། ཚེ་རིང་སྐྱིད་ལ་རྒྱུ་མཚན་བློ་འབྱེད་ཀྱི་མིག་མེད་པར་མ་ཟད་སོ་སོར་སྐྱོན་བརྗོད་མཁན་ཡོད་ན་མགྱོགས་པོར་དྲ་ཐོག་ནས་གསུབས་གང་ཐུབ་བལྟ་གི་རེད། འབྲོག་རྒན་ངས་ཁ་སང་ཚེ་རིང་སྐྱིད་ཀྱི་སྐོར་ལ་དོན་ཚན་གསུམ་བཤད་པ་དེ་ཡང་གསུབས་ཚར་འདུག
    དང་པོ། ཚེ་རིང་སྐྱིད་ཀྱིས་ལག་ལེན་དང་ཁ་བཤད་གཉིས་ཀ་ཐོ་མི་ཐུག་པའི་ལས་ཀ་རྐྱང་རྐྱང་བྱེད་ཀི
    གཉིས་པ། ཚེ་རིང་སྐྱིད་ལ་སློབ་སྦྱོང་གི་བརྒྱུད་རིམ་ལས་འཁྲུག་སྤྱོད་ཀྱི་བརྒྱུད་རིམ་རིང་བ་ཡོད།
    གསུམ་པ། ཚེ་རིང་སྐྱིད་ཀྱིས་སོ་སོའི་སྐད་ཆར་སོ་སོས་འགན་ཁུར་གྱི་མི་འདུག
    དེ་རིང་གོང་གི་དོན་ཚན་དང་པོ་དང་གསུམ་་པའི་སྐོར་ནས་ངས་ཁུངས་སྐྱེལ་གྱི་ཡིན། རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོར་བཞག་ནས་ཁུངས་སྐྱེལ་གྱི་ཡིན། ད་དུང་རྩོམ་ཡིག་འདིའི་ནང་དུ་ཚེ་རིང་སྐྱིད་ཀྱིས་རྫུན་ཁ་ཤས་ཤིག་བཤད་འདུག དེ་དག་ཀྱང་རེ་རེ་བཞིན་ཐེར་འདོན་བྱེད་ཀྱི་ཡིན། དོན་ཚན་གཉིས་པ་དེ་གནས་སྐབས་ལ་འབྲེལ་བ་མི་འདུག༽༽་་་་་་་་་་་་་་་་་ཅེས་གསུངས་འདུག་གལ་སྲིད་རྒྱུ་མཚན་ཅན་གྱི་དྲང་བདེན་ཡིན་ན་ གོང་གི་དོན་ཚན་དང་པོ་དང་གསུམ་་པའི་སྐོར་ཁུངས་སྐྱེལ་བྱེད་པའི་དུས་ལ་བབས་འདུག།

    Reply
  38. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    ནོར་བཅོས། ༼དེ་ལ༽

    Reply
  39. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    སྤྱིར་མཛེས་མའི་འགྲན་སྡུར་ལ་གཙོ་བོ་ཕྱིའི་རྣམ་པའི་ཆ་ནས་ཡིན་ཀྱང་། མཐའ་མའི་ཐག་གཅོད་དེ་དྲི་བ་དྲི་ལན་དང་སྐད་ཆའི་བཤད་སྟངས་རྣམ་དཔྱོད་སོགས་མང་བོ་ཞིག་ལ་གཞིགས་ནས་ཐག་གཅོད་ཀྱིན་ཡོད་ཕྱིར་དེ་ལས་མཛངས་མའི་འགྲན་སྡུར་ཞེས་བཏགས་ན་རུང་མོད། འོན་ཀྱང་ང་ཚོའི་འགྲན་སྡུར་འདི་ལ་མཛེས་མའི་འགྲན་སྡུར་ཞེས་འབོད་ན་ལེགས་ཤོས་རེད། ལྷ་ཆབ་སྦྱིན་པས། མཛངས་མ་ཞིག་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་རྙེད་མི་སྲིད་ཟེར་བ་ནི། ཤིན་ཏུ་མི་འོས་པའི་གཏམ་ཞིག་ཡིན་པར་མ་ཟད། བོད་ཀྱི་བུད་མེད་ཡོངས་ལ་མཐོང་ཆུང་བྱས་པའི་བླུན་གཏམ་ཁོ་ན་ཡིན་པས། འདི་ལྟ་བུ་མཐོང་ཆུང་གི་གཏམ་ལ་ཅུང་ཟད་རེ་འཛེམས་ན་ལེགས་པར་མངོན། ངས་ལྟོས་ན་མཆོག་ནས་མཛངས་མ་ཞེས་པའི་གོ་དོན་དེ་རྟོགས་མེད་པ་འདྲ། མཛངས་མ་ཞེས་པ་ནི་ཤེས་ཡོན་གྱིས་ཕྱུག་པའམ་སྤྱང་གྲུང་འཛོམས་པའི་དོན་ཡིན།

    Reply
  40. འཁྱམས་པོ says:
    ལོ་ 16 སྔོན།

    ཧ་ཧ་ངས་ལྟོས་ན་ཁྱེད་རང་ཚོ་མེད་མཁན་དང་མཉམ་མྱོང་མེད་མཁན་རྐྱང་རྐྱང་ཡིན་ས་
    རེད་བསམ་གྱི་འདུག་ ཁྱེད་རང་ཚོས་གཟིགས་དང་ ག་འདྲེས་སྣང་བ་སྐྱིད་པོ་བཤད་འདུག་
    ངེས་གནས་ཡག་པོ་རེད་ད། ང་དགའ་རོགས་མེད་མཁན་ཁུར་རྐྱང་བ་ཞིག་ཡིན་ དེ་ཕྱོགས་ནས་ཁྱེད་རང་ཚོ་བསམ་འཆར་འདོན་རྒྱུ་ཡོད་དམ། ཁྱེད་རང་ཚོས་གང་འདོད་ལྟར་གནང་རོགས། དགོངས་པ་མ་མཚུངས་རོགས།

    Reply
  41. འཁྱམས་པོ says:
    ལོ་ 16 སྔོན།

    ཁྱེད་རང་ཚོས་བསམ་འཆར་བཤད་པ་དེ་ལ་ང་ཧ་ཅང་དགའ་བོ་བྱུང་སོང་།

    Reply
  42. དགྲ་འདུལ། says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབས་རྩོམ་སྒྲིག་པ་ལགས། དྲ་ངོས་འདི་ན་འབྲོག་པ་ཞིག་འདུག ཁོའི་མིང་ལ་ཟླ་བ་ནོར་བུ་ཟེར་གི ད་དུང་འབྲོག་པ་རྒན་པོ་ཞིག་ཡིན་ཟེར། ཁོས་རྙོག་དྲ་མེད་ས་རྐྱང་རྐྱང་ནས་རྙོག་དྲ་བཤད་གི ཁོ་དྲ་ཐོག་འདི་ནས་གནས་སྐབས་རིང་བཀག་ན་ཡོང་གི་རེད་པས། གཅིག་ཐང་ན་དུས་བབས་ཀྱི་དྲ་ངོས་ཁོར་ཡུག་འདི་ཀྱ་སུན་པོ་བཟོ་གི་ཡོད་འགྲོ མི་ཚང་མ་ཉོབ་བསྡད་བཞག ཡང་མིན་ན། ཁོ་ལ་བསླབ་བྱ་ཞིག་བརྒྱག་རོགས། སྐུ་མཁྱེན།

    Reply
  43. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    ཨ་ཨ་ཨ་ཨ་ཨ་ཨ་་་་
    རྩ་མི་ཚང་མཁན་བུ་མོ་བཞིའི་ནང་ནས་བོད་ཀྱི་མཛངས་མའི་ཚབ་མཚོན་ཐུབ་མཁན་ཞིག་ཡོངས་སྲིད་ཀྱི་ཨེ་རེད།
    ཐ་ན་བོད་སྐད་གཙང་མ་ཞིག་ཀྱང་བཤད་ཐུབ་མིན་མི་ཤེས་མོད།
    ད་དུང་བོད་ཀྱི་མཛངས་ཞེས་མིང་རྫིག་པོ་འདྲ་བཏགས་ནས་
    འདི་ཚོ་ལ་ངོ་ཚ་རྒྱུ་མི་འདུག།

    Reply
  44. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    འབྲོག་རྒན་ངས་བལྟས་ན། ལྷ་ཆབ་ཀྱིས་གསུངས་བ་ལ་རྒྱུ་མཚན་འདུག ཡིན་ན་ཡང་། ཚེ་རིང་སྐྱིད་ལ་རྒྱུ་མཚན་བློ་འབྱེད་ཀྱི་མིག་མེད་པར་མ་ཟད་སོ་སོར་སྐྱོན་བརྗོད་མཁན་ཡོད་ན་མགྱོགས་པོར་དྲ་ཐོག་ནས་གསུབས་གང་ཐུབ་བལྟ་གི་རེད། འབྲོག་རྒན་ངས་ཁ་སང་ཚེ་རིང་སྐྱིད་ཀྱི་སྐོར་ལ་དོན་ཚན་གསུམ་བཤད་པ་དེ་ཡང་གསུབས་ཚར་འདུག
    དང་པོ། ཚེ་རིང་སྐྱིད་ཀྱིས་ལག་ལེན་དང་ཁ་བཤད་གཉིས་ཀ་ཐོ་མི་ཐུག་པའི་ལས་ཀ་རྐྱང་རྐྱང་བྱེད་ཀི
    གཉིས་པ། ཚེ་རིང་སྐྱིད་ལ་སློབ་སྦྱོང་གི་བརྒྱུད་རིམ་ལས་འཁྲུག་སྤྱོད་ཀྱི་བརྒྱུད་རིམ་རིང་བ་ཡོད།
    གསུམ་པ། ཚེ་རིང་སྐྱིད་ཀྱིས་སོ་སོའི་སྐད་ཆར་སོ་སོས་འགན་ཁུར་གྱི་མི་འདུག
    དེ་རིང་གོང་གི་དོན་ཚན་དང་པོ་དང་གསུམ་་པའི་སྐོར་ནས་ངས་ཁུངས་སྐྱེལ་གྱི་ཡིན། རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོར་བཞག་ནས་ཁུངས་སྐྱེལ་གྱི་ཡིན། ད་དུང་རྩོམ་ཡིག་འདིའི་ནང་དུ་ཚེ་རིང་སྐྱིད་ཀྱིས་རྫུན་ཁ་ཤས་ཤིག་བཤད་འདུག དེ་དག་ཀྱང་རེ་རེ་བཞིན་ཐེར་འདོན་བྱེད་ཀྱི་ཡིན། དོན་ཚན་གཉིས་པ་དེ་གནས་སྐབས་ལ་འབྲེལ་བ་མི་འདུག
    གསང་གཏོར་གྱིས་ཡིག་ནོར་བསམ་གཟས་ནས་སྤེལ་བ་རེད།
    ཐོབ་ཏང་། ཐོབ་ཐང་།
    བརྩོད་མཁན། རྩོད་མཁན།
    རིན་པོ་མི་འདུག རན་པོ་མི་འདུག
    བུ་མེད། བུད་མེད།
    ག་རི། ག་རེ།
    རྒད་པོ་གཙུག་ལག་ཁང་ནས་ཕྱིར་སླེབས་ནས་མཆན་བུ་འདེབས་ཀྱི་ཡིན།

    Reply
  45. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    སྤྱིར་རང་རེའི་མཛངས་མའི་འགྲན་བསྡུར་འདི་གླུ་དབྱངས་འགྲན་བསྡུར་ཞིག་ལཆ་བཞག་ན་དེའི་གར་སྟེགས་སྟེང་བོང་བུ་ཞིག་ཁྲིད་ནས་སླེབས་པ་དང༌། དེའི་འཛེར་སྐད་ལ་དཔྱད་འདེམས་པས་སྐར་མ་སྤྲོད་པ་དང་ཤིན་ཏུ་མཚུངས། དོན་དངོས་ཀྱིས་འདི་ལ་མཛངས་མ་ཟེར་ན་ཤིན་ཏུ་དགོད་བྲོ་བ་ཞིག་རེད། དེ་བས་མཛེས་མ་འགྲན་བསྡུར་ཟེར་ཆོག མཛངས་མ་ཞིག་ང་ཚོའི་སྤྱི་ཚོགས་ལ་བཙལ་ན་མི་རྙེད་པ་ཞིག་ཡིན་དུས། འདི་འདྲ་ཞིག་ལ་མཛངས་མར་འབོད་ན་ཨོ་ད་ང་ཚོ་ཚར་སོང་བ་རེད། ད་ལྟ་བར་དུ་མཛངས་མའི་མིང་ཐོབ་མཁན་ཚང་མའི་ནང་ན་མཛངས་མའི་ཁྱད་ཆོས་ཀྱི་ཆ་ཤས་ཙམ་ཡང་ཡོད་མཁན་མི་འདུག དེ་བས་མཛེས་མ་ཁ་ཤས་འདུག་ཟེར་ཆོག དེ་མིན་གོང་དུ་གསང་གཏོར་ཞེས་པ་ཞིག་གིས་མཆན་བུ་འདྲ་ཞིག་བཏབ་པར་ཡིག་ནོར་དང་ཆད་ལྷག་གིས་ཀློག་མི་ཐུབ་པ་འདི་ག་རེ་ཡིན་ནམ། འདི་འདྲའི་ཐུང་ངུ་ཞིག་ཏུ་ཆད་ལྷག་ནོར་གསུམ་གྱི་སྐྱོན་འབྱུང་ན་ཨོ་ད་ཁྱོད་འདི་རྦད་དེ་ཚར་འདུག་ཞུ་རྒྱུ་ཡིན། ཡང་ཞུ་རྒྱུ་ཞིག་ལ་བསྟན་འཛིན་ཟེར་བའི་ཡིག་ནོར་དག་ཐེར་གནང་མཁན་ཞིག་ཡོད་མོད། འདི་འདྲའི་ཐད་ནས་རང་བཞིན་གྱིས་ལྐུགས་འགྲོ་བ་ཅི་ཡིན་ནམ། ཁ་སང་དྲ་འབུ་ཞིག་དང་གདོང་ཐུག་ནས་རྦད་དེ་བརྒྱལ་སོང་བ་མིན་ནམ།

    Reply
  46. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    འདི་གར་ཚེ་རིང་སྐྱིད་ཀྱིས་བཤད་པ་མང་བོ་ཞིག་ལ་སྐྱོན་འདུག སྤྱིར་ང་རང་བོད་གྱི་མཛངས་མའི་འགྲན་བསྡུར་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པར་མ་ཟད་ང་རང་སྡོད་གནས་ཡང་ཨ་རི་ཡིན། ཡིན་ཡང་བོད་གཞུང་གིས་མཁས་ལེན་མེད་བཞིན་དུ་མི་རེ་ཟུང་གིས་ཨུ་ཚུགས་བྱས་ཏེ་འགོ་བཙུགས་པ་དེ་ཧ་ཅང་གི་མི་འོས་པ་ཞིག་རེད། གོང་ས་མཆོག་དང་བཀའ་ཁྲིའི་མཆོག་མཆན་ཐོབ་ཡོད་ན་མཛེས་མའི་འགྲན་སྡུར་ལ་ལམ་ལྷོང་ཡོང་རྒྱུ་ཐེ་ཚོམ་མེད་པར་མ་ཟད་མཛེས་མའི་འགྲན་སྡུར་ལའང་བུད་མེད་བརྒྱ་ཕྲག་ལས་བརྒལ་སྲིད་པ་རེད། དེའི་བྲལ་ན་མིང་དོན་མཚུངས་པའི་མཛེས་མ་འཛམ་གླིང་ཡོངས་ལ་ངོམ་རིན་ཡོད་པ་ཞིག་ཏན་ཏན་ཡོད་ཀྱི་རེད། དེ་མིན་བུད་མེད་རེ་གཉིས་བྲལ་ནས་འདེམས་ཐོན་བྱུང་བ་དང་། ཁ་ཅིག་ལ་འགྲན་ཡ་ཡང་མེད་པར་འདེམས་པ་ནི་དངོས་གནས་བྱས་ན་ཁ་སྐྱེངས་དགོས་རྒྱུ་ལྟ་བུ་རེད་དམ་མ་རེད། བློ་བཟང་དབང་རྒྱལ་མཆོག་ལ་མཛངས་མ་འདེམས་རྒྱུ་དེ་འདྲིའི་འདུན་པ་ཆེན་པོ་ཞིག་ཡོད་ན། ཅི་ཕྱིར་ཨུ་ཚུགས་བྱས་ཏེ་བོད་གཞུང་རྒྱབ་སྐྱོར་རུ་མི་འཚལ། ཐབས་ཤེས་གང་དྲག་གིས་རེ་བ་བརྒྱབ་ན་བོད་གཞུང་གི་ཅི་ཕྱིར་ངོས་ལེན་མི་བྱེད། མཛངས་མའི་འགྲན་བསྡུར་ནི་བོད་ཀྱི་རིག་གཞུང་ལ་འགལ་བ་གང་ཡང་མེད་པར་སྙམ། འོན་ཀྱང་ཆོས་ཕྱོགས་ལ་བསམ་བློ་བཏངས་ན་འགལ་བ་ཡིན་པ་སྨོས་ཅི་དགོས། ༼དམན་པའི་ས་བཟུང་། གང་བྱུང་གི་འཚོ་བ་བརྟེན་། སྤྱོད་པ་གཙང་ལ་ཞིབ་ལ་སོགས་པ་ཆོས་ནས་བཤད་པའི་སྤྱོད་ལམ་གྱི་འགྲོ་སྟངས་མང་བོ་ཞིག་ལ་འགལ་ཡོད་པ་མངོན་གྱུར་རེད། འོན་ཀྱང་ཆོས་དང་ཅུང་ཟད་ཙམ་ཡང་མི་འགལ་བའི་ཆོས་པ་ཞིག་ཀྱང་དཀའ་བར་སྣང་ངོ། སྤྱིར་མཛེས་མའི་འགྲན་བསྡུར་ནི་ང་རྒྱལ་གྱི་སྤྱོད་པའི་ཆ་ཤས་ཤིག་ཡིན་པ་ཞུ་ག་ལ་དགོས། ཚེ་སྐྱིད་ཀྱིས༼ བོད་ཀྱི་མཛངས་མའི་མིང་འདི་ཐོབ་མཁན་དང་ཡང་ན་ལས་འགུལ་འདི་ལ་འཛུལ་ཞུགས་བྱེད་མཁན་དེ་ཚོ་གར་སྟེགས་སྒང་གི་གར་པ་ལྟ་བུ་ལ་ངོས་འཛིན་གིན་འདུག ༽ཅེས་པ་ནི། དེ་ལྟར་ལོས་ཡིན། གླུ་གར་བ་དང་མཛེས་མའི་འགྲན་བསྡུར་བ་ཚོ་གར་སྟེགས་སྒང་གི་གར་བ་མིན་ན་སུ་ཞིག་རེད། མ་འོང་བར་མཛེས་མའི་འགྲན་སྡུར་ལ་བརྒྱ་ཕྲག་ཁ་ཤས་འཛོམས་རྒྱུ་རེ་བ་ཡོད། ད་རེ་འདིས་ཆོག་པར་བྱ།

    Reply
  47. འཁྱམས་པོ། says:
    ལོ་ 16 སྔོན།

    ཡ འདི་ན་ཡང་ཀླད་ཀོག་ལ་དུད་རག་ཆགས་མཁན་ཁ་ཤས་འདུག་ག
    སྤྱིར་ང་ཚོ་རྒྱལ་ཁབ་བམ་ཚོགས་ཞིག་གི་ངོ་བོས་སྟེང་ནས་དགྲ་ནག་པོའི་གཞུང་ལ་རྒོལ་དགོས་ཚེ་ང་ཚོ་ལའང་རྒྱལ་ཁབ་བམ་སྤྱི་ཚོགས་སྟོབས་ཆེན་ཞིག་གི་ཆ་རྐྱེན་ཚང་དགོས་ལ་དེ་ན་ཆ་རྐྱེན་ཆེ་ཆུང་གང་གི་ཆ་ནས་དེ་ལ་རམ་འདེགས་སུ་ཡོང་མཁན་ཞིག་ཡིན་དུས་དེར་རྒྱབ་སྐྱོར་མེད་ན་ཁ་གཏད་དུ་ལངས་དགོས་དོན་གང་། ཡང་གཅིག་བཤད་ན་ང་ཚོས་མི་རིཊ་གཞན་དང་རྒྱལ་ཁབ་གཞན་གྱི་མིག་མདུན་དུ་བུད་མེད་ཚོར་ཐོབ་ཐང་སྤྲོད་དགོས་ཟེར་བཞིན་ འདི་ལྟར་འགོ་བཀའ་ཁྲི་ནས་བཟུང་ཀླད་པ་བཏུམ་བསྡད་པ་ཡིན་ན། ང་ཚོའི་བུད་མེད་ཚོར་ཐོབ་ཐང་ཞེས་པ་དེ་གང་དུ་་་་
    ད་དུང་༧གོང་ས་མཆོག་འདི་འདྲའི་རིགས་ལ་ཐུགས་དགྱེས་མིན་དེ་བཀའ་ཁྲིས་ཇི་ལྟར་ཁ་ཚོན་གཅོད་ཐུབ་བམ་ དེ་ཁེ་མཚར་ཞིག་དུ་མཐོང་གིན་མི་འདུག་གམ་

    Reply
  48. རུ་དམ་ལུང་གི་བུ།། says:
    ལོ་ 16 སྔོན།

    བོད་ནང་ཁང་ནས་གང་ལྟར་བརྗོད་ཀྱང་། ཕྱི་ལ་བོད་དོན་དྲིལ་བསྒྲགས་བྱེད་འདོད་མཁན་ཞིག་ཡིན་ན་མཛངས་མའི་འགྲན་བསྡུར་འདིས་ཕན་མེད་ན་གནོད་མེད་ཀི། དེས་ན་བོད་སྤྱི་སྒེར་གཉིས་ཀྱིས་དེའི་ཕྱོགས་ལ་ཐུགས་བསམ་ཡང་བསྐྱར་བཞེས་ན་འདོད།

    Reply
  49. བློ་བཟང་རབ་དགའ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་མཁྱེན་གསལ་ཚེ་རིང་སྐྱིད་ཀྱིས་བཀའ་ཁྲི་མཆོག་མཛངས་མའི་འགྲན་བསྡུར་ལ་མི་དགའ་བ་མ་ཟད་༸གོང་ས་མཆོག་ཀྱང་དེ་ལ་ཐུགས་དགྱེས་ཚོར་མེད་པ་ར་འཕྲོད་ཡོད་པའི་སྐད་ཆ་གསལ་ཐག་ཆོད་གཅིག་བྲིས་འདུག་པ་མ་ཟད་ཚེ་རིང་སྐྱིད་མོ་རང་ལ་མཚོན་ན་མཛངས་མའི་འགྲན་བསྡུར་ན་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་མཁན་ཞིག་ཡིན་བསྐོར་རེད།་་་་མ་ཟད་བཀའ་ཁྲིའི་ལངས་ཕྱོགས་ལ་ཁ་གཏད་དུ་ཡོད་པ་འཇིགས་རུང་ཡིན་ཟེར་བ་དེ་ལྟར་ཡང་མོ་རང་ཆེས་ཁ་གཏད་དུ་ལགས་མཁན་གྱི་བྱེད་གཏེ་ཞིག་རེད་བྱས་ན་བུད་མེད་དེས་འཇིགས་རུང་ལ་སྐྲག་མི་དགོས་པ་དང་།གོང་མར་བཀུར་མི་དགོས་པ་ཅི་རེད།་་་ངོ་མ་བུད་མེད་དེ་ཁྱད་མཚར་རེད་༸གོང་ས་མཆོག་གི་ཡང་དག་པའི་ལམ་ལས་གཡོལ་བ་ནི་བུད་མེད་འདིར་དོན་གྱི་ཡོན་ཏན་མེ་རྟགས་མ་རེད་དམ།་མཛངས་མ་འགྲན་བསྡུར་གྱིས་བོད་བསྟན་སྲིད་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་བཞིན་ཡོད་ན་དེ་གཞུང་གི་མཁྱེན་རྟོགས་ཁ་པོ་རེད་ལ་དོ་སྣང་དང་གཅེས་འཛིན་ཀྱང་བྱེད་རྒྱུ་ཉག་ཅིག་རེད།

    Reply
  50. གསང་གཏོར། says:
    ལོ་ 16 སྔོན།

    ཚེ་རིང་སྐྱིད་ཁྱེད་རང་བུ་མེ་ཐོབ་ཏང་བརྩོད་མཁན་ཞིག་གིས་འདི་ལྟར་བཤད་ན་རིན་པོ་མི་འདུག མཛེས་མའི་འགྲན་བསྡུར་དེ་གཙོ་བུ་མེད་ཀྱི་གཟུགས་པོ་སྟོན་རྒྱུ་དེ་ཡིན་ཞིང༌། ང་ཚོ་ཚང་འགྲོ་མི་གཅིག་མཚུངས་ཡིན་པའི་ཆ་ནས་བུ་མེད་གཅིག་པུར་གཟུགས་ངོམ་དགོས་དོན་དེ་ག་རི་ཡིན་ནམ། དེ་འདྲ་མཉམ་མེད་པ་ཞིག་རང་བཞིན་གྱིས་མཚོན། གལ་སྲིད་ཁྱེད་རང་ཕོ་མོ་འདྲ་མཉམ་དགོས་བསམ་ན་མཛེས་འགྲན་བསྡུར་དེ་རིགས་རྩ་བ་ནས་རྒྱབ་བྱེད་ཀྱི་ཡོད་མ་རེད། སྤྱིར་ཁྱེད་རང་ལ་ཁག་ག་ལ་ཡོད། ཁྱེད་རང་ལས་གཞི་འདིའི་ནང་ཆ་ཤས་ལེན་ཚར་བའི་བུ་མེད་ཞིག་རེད། ཡིན་ནའང་ཞིབ་པར་དཔྱད་གོང་གི་གནད་དོན་དེ་ལ་རྒྱུ་མཚན་ཚད་ལྡན་ཡོད། བུ་མེད་ཚོས་བྱ་འགུལ་འདི་ལ་རྒྱབ་སྐྱོར་དང་མཉམ་ཞུགས་སོགས་བྱེད་ན་ཕོ་མོ་ལ་ཁྱད་པར་འདྲ་མཉམ་མེད་པ་ཡིན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese