མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་སློབ་གྲྭར་ཚད་མ་རིག་པ་སློབ་ཁྲིད་བྱེད་ཀྱིན་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་ཞང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གིས་སྤྱི་ལོ་ ༢༠༠༦ ལོའི་ཟླ་ ༨ ཚེས་ ༡༥ ཉིན་ནས་མགོ་འཛུགས་བྱས་ཏེ། བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་ཚད་མ་རིག་པ་སློབ་ཚན་དུ་བདམས་ཡོད་དང་། ངྡི་ཚ་དགོན་པའི་ཕར་ཕྱིན་དམ་བཅའ་བཞག་ཅིང་། ཚད་མའི་ཁྲིད་རྒྱུན་ཡོད་པའི་དགེ་རྒན་གཉིས་གདན་འདྲེན་ཞུས་ཏེ། འཛིན་རིམ་བཅུ་བ་དང་བཅུ་གཅིག བཅུ་གཉིས་བཅས་ཀྱི་འཛིན་གྲྭ་ ༡༣ ཙམ་ལ་ཚད་མ་རིག་པའི་སློབ་ཁྲིད་དངོས་སུ་མགོ་འཛུགས་བྱས་ཡོད་པ་མ་ཟད། བོད་ཡིག་དགེ་རྒན་དག་ལའང་ཟུར་ཁྲིད་བྱེད་ཀྱིན་ཡོད་འདུག

 

ད་ལོའི་སྤྱི་ཟླ་ ༥ ཚེས་ ༢༣ ཉིན་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་དགེ་སློབ་ལས་བྱེད་ཡོངས་དང་། ཁུལ་སློབ་གསོ་སྡེ་ཁག དེ་བཞིན། ས་གནས་མང་ཚོགས་སྟོང་ཕྲག་མང་པོ་ལྷན་འཛོམས་དབུས། མཚོ་ལྷོ་མི་རིགས་སློབ་འབྲིང་གི་སློབ་མ་ཚོར་བོད་ཀྱི་ཚད་མ་རིག་པ་སློབ་ཁྲིད་བྱས་པའི་གྲུབ་འབྲས་ལ་ཚོད་ལྟའི་ཚུལ་གྱིས་འཛིན་གྲྭ་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་ཡོད་པ་དང་། འགྲན་བསྡུར་དེའི་ཁྲོད་འཛིན་རིམ་བཅུ་བའི་སློབ་མ་ ༡༦ དང་། འཛིན་རིམ་བཅུ་གཅིག་པའི་སློབ་མ་ ༡༦ བཅས་གོ་སྒྲིག་བྱས་ཏེ། འཛིན་གྲྭ་ཕན་ཚུན་གཏུག་པ་དང་། སྔ་རྒོལ་ཕྱི་རྒོལ་གྱིས་མི་སྒེར་ཕན་ཚུན་གཏུག་པ་བཅས་བྱས་ཏེ། ཁུལ་རིམ་པ་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་། ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། སློབ་གྲྭ་གཞན་ལའང་མིག་དཔེ་བཟང་བོ་ཞིག་བཞག་ཡོད་འདུག

 

ཉིན་དེར་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་གསར་འགོད་པ་ཆེད་དུ་བསྐྱོད་དེ། སློབ་གྲྭའི་ཚད་མ་རིག་པའི་འགྲན་བསྡུར་ལ་རྒྱུས་ལོན་བྱས་འདུག སྐབས་དེར་གསར་འགོད་པས་མི་རིགས་སློབ་འབྲིང་གི་སློབ་གཙོ་དོན་འགྲུབ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། སློབ་གྲྭ་འདིའི་ཚད་མ་རིག་པའི་སློབ་ཚན་གྱི་འཆར་གཞི་འདི་ནི། གནས་སྐབས་དང་ཚོད་ལྟ་ཙམ་མ་ཡིན་པར་ཕུགས་རྒྱང་རིང་བོར་དམིགས་པ་ཡིན། ངྷི་ཚ་དགོན་པའི་དགེ་འདུན་པ་གཉིས་ཆེད་དུ་གདན་དྲངས་ཏེ། སློབ་གྲྭ་འདིའི་ཚད་མ་རིག་པའི་དགེ་རྒན་དུ་བཞུགས་ཡོད། སློབ་གྲྭ་འདིར་ཕྱོགས་འདྲ་མིན་ནས་སློབ་མ་བསྡུས་ཡོད་ལ། སློབ་ཚན་དང་སློབ་མའི་གནས་སྟངས་ཀྱང་སྣ་ཚོགས་རེད། རྐྱེན་མང་པོ་ཞིག་གི་དབང་གིས་སློབ་སྦྱོང་ལ་ཧུར་བརྩོན་ཆུང་བ་དང་། བྱ་སྤྱོད་མི་ལེགས་པ་སོགས་ཀྱི་གནད་དོན་བྱུང་ཡོད་སྟབས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཚད་མ་རིག་པ་བསླབ་གཞིར་བདམས་ཏེ། སློབ་མ་ཚོའི་བློ་རིགས་རྣམ་དཔྱོད་འཕེལ་རྒྱས་དང་། བྱ་སྤྱོད་མི་བཟང་བའི་རྣམ་པར་བཅོས་བསྒྱུར། ཧུར་བརྩོན་ཞན་པའི་གནས་སྟངས་ལ་སྐུལ་འདེད་བཅས་ལ་རེ་བ་བཅིངས་ཡོད། ཅེས་བརྗོད་སོང་།

 

ཁོང་གིས་མུ་མཐུད་དུ་བརྗོད་དོན། ལས་གཞི་འདིར་ཐོག་མར་དཀའ་ངལ་ཡང་མི་ཉུང་བ་ཞིག་འཕྲད་བྱུང་། དང་པོ། དགེ་སློབ་སུ་ཞིག་ཡིན་རུང་ཚད་མ་རིག་པ་ནི་ཆོས་ལུགས་ཤིག་ཏུ་འདོད་པ། གཉིས་པ། ཚད་མ་རིག་པའི་བསླབ་གཞི་འདིས་འཛིན་རིམ་བཅུ་གཉིས་ཀྱི་མཐོ་རྒྱུགས་ལ་ཕན་ཐོགས་མེད་པ། གསུམ་པ། ཚད་མ་རིག་པའི་སློབ་ཚན་གྱི་དབང་གིས་སློབ་ཚན་གཞན་དག་ཉུང་དུ་འགྲོ་བ་བཅས་རེད། འོན་ཀྱང་། ལོ་གཉིས་ཀྱི་ལག་ལེན་དང་ཚོད་ལྟའི་གོ་རིམ་ཁྲོད། དགེ་སློབ་ཡོངས་ཀྱིས་ཚད་མ་རིག་པའི་དགེ་མཚན་གསལ་བོར་རྟོགས་ཡོད་པ་མ་ཟད། བསླབ་བྱ་གཞན་དག་བརྡར་ཤ་གཅོད་བྱེད་ཀྱི་ལག་ཆ་ལྟ་བུར་ངེས་ཟིན་ཐོབ་སྟེ། ད་ལྟ་ང་ཚོས་ཚད་མ་རིག་པའི་སློབ་ཚན་ཐོག་མ་གཏན་འབེབས་བྱེད་སྐབས་ཀྱི་རེ་བ་ལས་ཀྱང་བརྒལ་བའི་གྲུབ་འབྲས་ཐོབ་ཡོད། ད་ལྟ་དཀའ་ངལ་དང་དགལ་རྐྱེན་ཡོངས་ལས་རྒྱལ་ཏེ། ལས་གཞི་འདིའི་ཐད་ང་ཚོས་རྒྱལ་ཁ་ཆེན་པོ་བླངས་ཡོད། ཅེས་བརྗོད་སོང་།

 

ཡང་གསར་འགོད་པས་དགེ་རྒན་ཆེན་མོ་རྣམ་བྱམས་ཚེ་རིང་ཞུ་བར། སློབ་མ་ཚོར་ཚད་མ་རིག་པའི་སློབ་ཁྲིད་བྱེད་པར་དཀའ་ངལ་ཡོད་མེད་དང་། སློབ་ཕྲུག་ཚོར་ཚད་མ་རིག་པར་དོ་སྣང་ཆེ་ལུགས་དྲིས་པའི་ལན་དུ་ཁོང་གིས་བརྗོད་དོན། ཐོག་མར་སློབ་མ་ཚོས་རིགས་ལམ་གྱི་འགྲོ་སྟངས་མ་ཤེས་སྟབས་དཀའ་ངལ་ཅུང་འཕྲད་སོང་། རིམ་གྱིས་འགྲོ་སྟངས་ཤེས་བ་དང་མཉམ་དུ་དོ་སྣང་ཡང་ཤུགས་ཆེ་རུ་ཕྱིན་ཞིང་། ཚད་མ་རིག་པར་བྱང་གོམས་སོང་བ་དང་བསྟུན་ཏེ། ཚད་མའི་རིགས་པ་གཏོང་སྟངས་ཀྱིས་སློབ་ཚན་གཞན་དག་ལའང་རམས་འདེགས་ཀྱི་ནུས་པ་འདོན་ཐུབ་ཀྱིན་འདུག ད་ལྟ་སློབ་མ་ཚོར་ཚད་མ་རིག་པར་སྤྲོ་བ་ཆེན་པོ་སླེབས་ཏེ། སློབ་གྲོགས་ནང་ཁུལ་ཙམ་དུ་མ་ཟད་དགེ་རྒན་དང་སློབ་མའི་བར་དུ་ཡང་ཚད་མའི་རྩོད་སྒྲུབ་ཀྱི་ཐད་ནས་ཚ་ཚ་འུར་འུར་ལྟ་བུ་ཞིག་ཆགས་འདུག ཅེས་བརྗོས་སོང་།

 

སྐབས་དེར་མཚོ་ལྷོ་ཁུལ་སློབ་གསོ་སྡེ་ཁག་གི་མི་སྣས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་དོན། སྔོན་གྱི་ལོ་རྒྱུས་ལ་བལྟས་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་དགོན་སྡེ་ནས་དར་རྒྱས་སུ་སོང་བ་ལས་སློབ་གྲྭར་དར་ཁྱབ་དེ་ཙམ་མེད། དགོན་སྡེ་དང་ཆོས་ལུགས་ཀྱི་གནས་སྟངས་ལ་འགྱུར་ལྡོག་བྱུང་ན། རང་བཞིན་གྱིས་བོད་ཀྱི་རིག་གནས་ཡང་ཉེན་ཁའི་གནས་སུ་འགྲོ་བཞིན་ཡོད། དེར་བརྟེན། སློབ་གྲྭ་འདི་བརྒྱུད་དེ་སློབ་གྲྭ་གཞན་དག་ལའང་ཚད་མ་སོགས་བོད་ཀྱི་རིག་གནས་འཐུས་སྒོ་ཚང་བ་ཞིག་ལག་བསྟར་བྱ་ཐུབ་ན་ཕན་ཐོགས་ཆེན་པོ་འབྱུང་ངེས་རེད། ད་ལྟའི་ཆར་དགོན་སྡེ་སོ་སོར་ཡང་གྲྭ་བའི་ཁ་གྲངས་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ནང་ཆོས་དང་ཐུན་མོང་རིག་གནས་ཟུང་ལྡན་ཅན་གྱི་ཤེས་ཡོན་པ་ཉུང་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ལོ་རེ་ནས་ལོ་རེར་ཚབས་ཆེན་རེད།

 

དེར་བརྟེན། སློབ་གྲྭ་ཁག་ཏུ་ཚད་མ་རིག་པ་སྔོན་དུ་བཏང་སྟེ་ནང་དོན་རིག་པ་ཁྲིད་སྤེལ་གྱི་ཁོར་ཡུག་བསྐྲུན་རྒྱུ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད། རིམ་གྱིས་མཚོ་ལྷོ་ཁུལ་སློབ་གསོ་སྡེ་ཁག་གི་སློབ་ཚན་གཏན་འབེབས་སྐབས་སུ་ཡོངས་ཁྱབ་རང་བཞིན་གྱིས་ཚད་མ་རིག་པ་འཛིན་གྲྭ་བདུན་པ་ནས་བཅུ་གཉིས་བར་གཏན་འབེབས་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན། དེ་ལྟར་སློབ་གྲྭ་སོ་སོར་ཚད་མ་རིག་པ་དར་བ་ཡིན་ན། བོད་ཀྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ཕྱོགས་ལ་ནུས་པ་ཆེན་པོ་འདོན་ཐུབ་པ་རེད། དེ་རིང་གི་བྱ་འགུལ་འདི་བརྒྱུད་དེ། བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཡོངས་ནས་ཚད་མ་རིག་པ་བསླབ་གཞིར་འདེམ་རྒྱུར་རྟིང་སྐུལ་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང་།

 

དེའི་རྗེས་གསར་འགོད་པས་སློབ་གྲྭ་དེའི་ཚད་མ་རིག་པའི་དགེ་རྒན་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་སུ། དགོན་སྡེ་རིག་གནས་ལྟ་བུར་གྱུར་བའི་ཚད་མ་རིག་པ་འདི་ད་ལྟ་སློབ་གྲྭའི་ནང་ཁྲིད་སྤེལ་བྱས་པར་དགེ་སྐྱོན་གང་འདྲ་མཐོང་སོང་། ཞེས་དྲིས་པའི་ལན་དུ་ཁོང་གིས་བརྗོད་དོན། ང་རང་ལ་མཚོན་ན། ཚད་མ་རིག་པ་དགོན་སྡེ་རིག་གནས་ནས་སློབ་གྲྭའི་རིག་གནས་ཅན་དུ་བསྒྱུར་བ་འདི་རླབས་ཆེན་གྱི་བྱ་བཞག་ཅིག་རེད་དྲན་ཡོད། ཚད་མ་རིག་པར་སློབ་སྦྱོང་བྱེད་སྟངས་དེ་རིག་གནས་གཞན་པར་སློབ་སྦྱོང་བྱེད་སྟངས་དང་མི་འདྲ། གང་ཡིན་ཟེར་ན། སློབ་མའི་ལན་མ་བཏབས་ན་སློབ་ཁྲིད་བྱ་ཐབས་མེད། དགེ་རྒན་དང་སློབ་མ་ཕན་ཚན་རྩོད་པ་རྩོད་ལན་དང་། བརྒལ་བརྟག་གི་ལམ་ནས་འགྲོ་དགོས་པ་ཞིག་ཡིན། རིག་གནས་གཞན་དག་ལ་མཚོན་ན། དགེ་རྒན་གྱིས་ཁྲིད་སྟེགས་སྟེང་ནས་ཚིག་འགྲེལ་རྒྱག་གིན་ཡོད།

 

འོན་ཀྱང་། ཚད་མ་རིག་པར་སློབ་གཉེར་བྱེད་སྟངས་དེ་ཚིག་གི་ནང་དོན་རྒྱས་བཤད་ལས་བརྒལ་ཏེ། ཕྱོགས་འདྲ་མིན་ནས་རིགས་པ་དང་གཏན་ཚིགས་བཀོལ་ཏེ། དགེ་རྒན་དང་སློབ་མའི་བར་རྩོད་པ་བྱ་དགོས། དེ་ལྟར། དགེ་སློབ་བར་དྲི་བ་དྲིས་ལན་གྱི་རྣམ་པས་རྩོད་པ་མ་བྱས་ན་ཚད་མ་རིག་པ་ཁྲིད་སྲོལ་མེད། འགྲོ་སྟངས་འདིས་ཕྱོགས་ཁ་ཤས་ཤིག་ལ་ཕན་ཐོགས་ཀྱིན་ཡོད། དཔེར་ན། དགེ་སློབ་བར་འདྲ་མཉམ་གྱི་ལྟ་ཚུལ་ཞིག་སྐྱེད་སྲིང་བྱ་ཐུབ་ལ། སློབ་མ་ཚོར་དཔེ་ཀློག་དང་བརྩོན་སེམས་ཀྱི་ང་རྒྱལ་ཞིག་ཀྱང་བསླང་ཐུབ། སྔར་གྱི་ལུང་མང་པོ་ཞིག་བློ་ཐོག་ན་མེད་ན། ཕ་རོལ་བོས་ཤགས་འགྱེད་བྱེད་སྐབས། ལན་བསློག་རྒྱུ་མི་བརྙེད་སྟབས། ཚད་ལྡན་གྱི་ལུང་དང་རིགས་པ་མང་པོ་བློ་ཐོག་ལ་ངེས་པ་བྱས་ཏེ། སློབ་མའི་ཤེས་ཡོན་གྱི་རྨང་གཞི་ལྟ་བུར་འགྱུར་གྱིན་ཡོད། ཅེས་གསུངས་སོང་།  

 

ཡང་གསར་འགོད་པའི་ཁོང་ལ་སློབ་མ་ཚོར་ཚད་མ་རིག་པ་ཐོག་མར་ཁྲིད་སྐབས་དཀའ་ངལ་འཕྲད་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས། ཚད་མ་རིག་པའི་སློབ་ཁྲིད་ཐོག་མ་མགོ་འཛུགས་བྱས་ཏེ་སློབ་མ་ཕན་ཚུན་བར་རྩོད་པ་བྱུང་སྐབས། དགོན་པ་དང་མི་འདྲ་བར། འཇིག་རྟེན་པའི་རྩོད་པ་ཆགས་ཏེ། བྱིས་པ་རེ་ཟུང་བར་འཁྲུག་འཛིང་ཤོར་བ་དང་། ཉིན་འགའ་རེར་ཕན་ཚུན་ལ་ཁ་མི་གྲགས་པ། ཐ་ན་དགེ་རྒན་གྱི་སྟེང་ལའང་ཁོང་ཁྲོ་ལངས་པ་དེ་འདྲ་བྱུང་ཡོད། ད་ལྟ་ཚད་མ་རིག་པར་སློབ་གཉེར་བྱེད་སྟངས་ཀྱི་ལམ་སྣ་ཡག་པོ་ཟིན་འདུག རྩོད་སྒྲུབ་སྐབས་ཕན་ཚུན་ལ་ཚ་བརྒྱབས་པ་དང་། འཁོར་གསུམ་བསྐོར་བ། ཐ་ན་མགོ་ལ་ཕུར་ཕུར་བྱས་ཀྱང་། རྩོད་པ་མཇུག་རྫོགས་སྐབས་ཕན་ཚུན་ལ། བཀའ་དྲིན་ཆེ། ཞེས་བརྗོད་རྒྱུའི་གོམ་སྲོལ་ཞིག་ཆགས་འདུག ངེད་གཉིས་ཀྱིས་འཛིན་རིམ་བཅུ་བ་ནས་བཅུ་གཉིས་བར་གྱི་འཛིན་གྲྭ་ ༡༣ ཙམ་ལ་སློབ་ཁྲིད་བྱེད་ཀྱིན་ཡོད་ལ། ཉི་མ་རེ་ལ་སློབ་ཁྲིད་ཐེངས་དྲུག་ནས་བདུན་བར་བྱ་དགོས་པ་མ་ཟད། དགོང་མོའི་རང་སྦྱོང་སྐབས་དགེ་རྒན་ཚོ་རིམ་པ་གཉིས་སུ་བགོས་ཏེ། ཚད་མ་རིག་པ་སློབ་ཁྲིད་བྱེད་ཀྱིན་ཡོད། ཅེས་གསུངས་སོང་།

 

ཉིན་དེའི་འགྲན་བསྡུར་མཇུག་རྫོགས་ཁར་ཐུན་ཏེ་རྫོང་། དཀར་མིག་ཕུགས་དཀར་མིག་དགོན་པའི་དགོན་བདག་སྤྲུལ་སྐུ་འོལ་རྒྱ་ཚང་གིས་ཐེངས་འདིའི་འགྲན་བསྡུར་བྱ་དགའི་སྦྱིན་བདག་གནང་ཡོད་པ་མ་ཟད། རྗེས་ཕྱོགས་ཀྱང་རྒྱབ་སྐྱོར་བྱ་རྒྱུའི་འདུན་པ་བསྟན་ཡོད་འདུག ཉིན་དེའི་འགྲིན་བསྡུར་ཁྲོད། འཛིན་གྲྭ་ཕན་ཚུན་གཏུགས་པ་ལས་འཛིན་གྲྭ་བཅུ་གཅིག་པར་ཨང་དང་པོ་ཐོབ་ཡོད་པ་དང་། སློབ་ཕྲུག་མི་སྒེར་ཕན་ཚུན་གཏུགས་པ་ལས་འཛིན་རིམ་བཅུ་གཅིག་པའི་སློབ་མ་ཚེ་རིང་མགོན་པོ་ཞུ་བར་ཨང་དང་པོའི་བྱ་དགའ་ཐོབ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 8

  1. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    རང་དབང་ལུང་པ་ལས་ཀྱང་ལྷག་ཙམ་གྱིས་རང་རེའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་བར་བསྔགས་བརྗོད་ཞུ།

    Reply
  2. རྩམ་པ། says:
    ལོ་ 17 སྔོན།

    བོད་ནང་དུ་སློབ་མ་ཚོར་ང་ཚོས་མིག་དཔེ་ཡར་འདྲེན་བྱ་དགོས་ངེས་སུ་མངོན།

    འདིར་བལྟས་ན། ཝང་ལི་ཞོང་ལྟ་བུའི་རྒྱ་རིགས་ཤིག་གི་སར་ནས་ད་ཆ་སློབ་གྲྭའི་ནང་དུ་རྒྱ་མིའི་སྲིད་བྱུས་མི་ཉན་ཐབས་མེད་དུ་གྱུར་འདུག

    ཉན་འདོད་མེད་ཀྱང༌། བཀའ་བློན་ཁྲི་པས་བཀའ་བཏང་ནས་ཉེན་དགོས་པ་བཟོས་འདུག

    རྒྱ་རིགས་ཤིག་ལ་ངོ་ལྐོག་སྤྲེ་ལས་བྱེད་ནས། འབྲེལ་མོལ་ཞིག་ཡོང་རྒྱུ་ནི་ཧ་ཅང་ཁག་པོ་རེད།

    ང་ཚོ་བྱང་ཆུབ་སེམས་དཔའ་མིན། ང་ཚོའི་ཤ་ཁྲག་གཅིག་གི་སྤུན་ཟླ་རྣམས་དམར་གསོད་གཏོང་གིན་འདུག་མོད།

    Reply
  3. མཁར་རྔ་། says:
    ལོ་ 17 སྔོན།

    སློབ་ཚན་གསར་བསྒྲིགས་ཀྱིས་སློབ་གཞིའི་ལས་རིམ་རླབས་ཆེན་དེ་དངོས་སུ་དབུ་འཛུགས་བྱས་པས། རུལ་བསུང་དང་སྦུག་སྲུབ་དོགས་མོའི་འདུ་ཤེས་ལས་ཡོངས་སུ་བརྒལ་བགྲོད་བྱས་ཏེ་འཕུར་མཆོང་ཧོན་འཐོར་དགོས་པ་དང་།

    བྱས་རྗེས་བླ་མེད་ཀྱི་རྡོ་རིང་ཞིག་སླར་ཡང་བཙུགས་སོང་། ཁྱེད་སྤུན་ཟླ་རྣམས་ལ་རང་དབང་གི་དུས་སྐབས་བྲལ་ཡང་། སྤོབས་པ་དང་སྙིང་སྟོབས་བྲང་ཁོག་ཏུ་བཅུག་སྟེ།

    གཞིས་བྱེས་ཆོལ་གསུམ་ཡོངས་ལ་མིག་དཔེ་བཟང་སྟོན་ཚད་མ་མཆིས་པ་བཞག་གནང་པ་འདི་ཙམ་ག་ལ་ཡིན། རང་ཉིད་ལ་འཁོས་ཀ་དམན་ཡང་གཏན་ཏུ་ཁྱེད་ཅག་གི་རྒྱབ་ནས་ཅེ་རེ་ལངས་ཏེ་བདོག

    ད་ལམ་ཡང་ཆེས་དགའ་འོས་པའི་གསར་འཕྲིན་འདི་མཐོང་ཐོས་བྱུང་སྟེ། སྤྲོ་སེམས་རབ་ཏུ་འཁོར་བའི་ངང་། འབྲེལ་ཡོད་འཛིན་སྐྱོང་ལས་བྱེད་རྣམས་དང་། སྒོས་སུ་དགེ་རྒན་ཡོངས་ལ་སྐུ་དྲིན་བླ་མེད་དུ་ཆེ་ཆེ་ཞུ།

    གཟིགས་དང་་་་་་་་མི་ཡུལ་ལ་རང་དབང་ལྡན་ཞིང་་་༧དབུ་ཁྲིད་བཟང་པོས་ཕུགས་རྒྱང་ཆོད་པའི་ལམ་སྟོན་ཟབ་ཟབ་མོ་དེ། ཅིས་ཕྱིར་ལག་ལེན་ཏུ་་་་་་་་་་་?

    Reply
  4. རྐང་རྗེན་པ། says:
    ལོ་ 17 སྔོན།

    མདོ་སྨད་ཁུལ་གྱི་གཞུང་གཉེར་དང་སྒེར་གཉེར་གྱི་སློབ་གྲྭ་འགར་ཚད་མ་རིག་པ་སློབ་ཁྲིད་བྱེད་སྲོལ་དར་བཞིན་པ་འདི་དངོས་གནས་དགའ་འོས་པ་ཞིག་རེད། འདི་བོད་ཁུལ་གྱི་སློབ་གྲྭ་ཡོངས་ལ་དར་ཐབས་སུ་རྩོད་གྲྭ་ཡོད་པའི་དགོན་སྡེ་ཚོས་དམིགས་བསལ་རོགས་རམ་གནང་རྒྱུ་གལ་ཆེ་སྙམ། དེ་ལ་ས་གནས་སོ་སོའི་སློབ་གསོའི་སྡེ་ཁག་ནས་རྒྱབ་སྐྱོར་མཐུན་འགྱུར་གནང་རྒྱུ་ཡང་མེད་མི་རུང་བས། བོད་ཀྱི་རིག་གནས་ལ་རྒྱུ་མཚན་ཤེས་པའི་དགའ་ཞེན་ཅན་གྱི་སློབ་གསོའི་ལས་ཀྱི་སྣེ་མོ་པ་དག་གིས་ཧུར་བརྩོན་གནང་རོགས།
    ཡིད་སྐྱོ་བ་ཞིག་ལ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ད་དུང་ཡང་ཚད་མ་རིག་པའི་སློབ་ཁྲིད་འདི་གཟུགས་བརྙན་ཙམ་ལས་མེད་པ་ནི་བཙན་བྱོལ་བོད་གཞུང་དམངས་གཉིས་ཀའི་ངོ་ཚ་ཞིག་ཡིན་པས། ད་ནི་སྐྱོན་བརྗོད་བྱེད་ཡུལ་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་བོད་ནང་གི་སློབ་གྲྭ་དག་གི་ཡར་རྒྱས་འདི་ཚོ་ལ་གཟིགས་ཏེ། མ་མཐའ་ཡང་ངོ་ཚ་དང་ཁ་ལ་རྒྱ་ཞིག་གི་སྟེང་ནས་ཀྱང་རང་ལག་གི་སློབ་གྲྭ་ཁག་ཏུ་འདིའི་ཕྱོགས་ལ་ཤུགས་རྒྱག་རན་འདུག

    Reply
  5. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ང་ཚོའི་རླབས་ཆེན་གྱི་རིག་གཞུང་འདི་རླབས་ཆེན་གྱི་སོན་རྩ་དག་གི་བྲག་ཁོག་ཏུ་འཇིག་ཐུབ་པ་ངོས་མས་དགའ་འོས་བའི་དོན་བཟང་ཞིག་རེད།

    Reply
  6. ནད་པ says:
    ལོ་ 17 སྔོན།

    དངོས་གནས་རླབས་ཆེན་རེད། ད་བར་བོད་ལ་སངས་རྒྱས་ཀྱི་ཆོས་དར་ཡོད་ཀྱང་དར་དགོས་རྩ་བ་ནས་ཆོད་མི་འདུག
    མི་དམངས་ཚོས་རང་ཉིད་ནང་པ་ཞིག་ཡིན་ཁུལ་བྱེད་ཀྱང་བཀའ་བསྟན་ཕར་ཞོགས་ཐ་ན་སྐྱབས་འགྲོ་ཡང་ཤེས་ཀྱི་མེད་སྟབས། ཡུལ་ལྷ་མཁྱེན། རྒྱལ་པོ་མཁྱེན་ཞེས་མཐར་མི་མང་ཚོ་དེ་འདྲའི་ངང་རྫོགས་སོང་བ་ཤ་སྟག་རེད།

    ཤྰ་ཀྱ་ཐུབ་པའི་ནང་བསྟན་ཆོས་ལུགས་ནི་འདས་པའི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་གི་ཆེས་གནའ་བོའི་ཤེས་རིག་ཤིག་ཡིན་ཀྱང་། ད་ལྟ་ང་ཚོའི་བོད་རྒྱ་ཆེའི་མི་མང་དང། བོད་ཕྲུག་ན་གཞོན་ཚོར་མཚོན་ན་ནང་དོན་རིག་པའི་ཤེས་རིག་འདི་ནི།
    གནའ་བོའི་ཤེས་རིག་མིན་པར་རིགས་གནས་གསར་པ་ཞིག་ཡིན་པས་བོད་ཀྱི་ལོ་ཆུང་ཚོས་ངེས་པར་དུའང། ཚད་མ་སོགས་ནང་དོན་རིག་པའི་ཤེས་ཡོན་གསར་པ་དག་ལ་སྤྱང་བརྩོན་བནཡེད་དགོས་ཡ།།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འདི་སོ་དངོས་ནས་ཡག་པོ་རེད། ད་ནི་སློབ་མ་དང་གྲ་བའི་བར་ཏུ་མཐུན་ལམ་སྔར་ལས་ཇེ་ཆེར་འགྲོ་ངེས་རེད་ལ། བོད་ཀྱི་ཐུན་མོང་མིན་པའི་རིག་གནས་ཀྱི་ཁྱད་ཆོས་ཀྱང་སྐྱ་སེར་མེད་པར་ཤེས་རྒྱུར་དངོས་ནས་ཁ་ཚ་དགོས་གཏུགས་ཡིན་པ་༧གོང་ས་མཆོག་གིས་ཀྱང་ལོ་མང་རིང་གསུང་ཡོད་པ་རེད། དངོས་ནས་དགའ་བསུ་ཞུ་འོས་པ་ཞིག་རེད།

    Reply
  8. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    མཚོ་ལྷོའི་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་དུ་ལོ་ཤས་གོང་ནས་མང་རའི་ཀླུ་ཚང་དགོན་པའི་དབུ་ཕར་རབ་འབྱམས་པ་བླ་ནག་ཡེ་ཤེས་བཟང་པོས་དགེ་སློབ་དག་ལ་བོད་ཀྱི་ཚད་མ་རིག་པ་ཁྲིད་དང་འཁྲིད་བཞིན་འདུག་ལ། གྲུབ་འབྲས་ཀྱང་གང་འཚམ་ཞིག་ཡག་པོ་འདུག་ཟེར། གོང་གི་མཚོ་ལྷོའི་སློབ་འབྲིང་གི་ཚད་མ་རིག་པའི་སློབ་ཁྲིད་ཀྱི་སྐོར་དེ་youtobeནང་དུ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese