མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་བོད་ལྷན་ཚོགས་སྟེང་༧གོང་ས་མཆོག་གི་གསུང་བཤད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

 རྒྱལ་སྤྱིའི་འགྲིག་ཆགས་མཐུན་ཚོགས་དང་སུད་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༦ ནས་ ༨ བར་གྱི་ཉིན་གྲངས་གསུམ་རིང་། སུད་སིའི་གྲོང་ཁྱེར་ཇི་ནེ་ཝར་འཛམ་གླིང་ཡུལ་གྲུ་ཁག་གི་རྒྱ་བོད་མི་རིགས་གཉིས་བར་གྱི་ལྷན་ཚོགས་༼ རྒྱལ་སྤྱིའི་རྒྱ་བོད་ལྷན་ཚོགས་ ༽ ཞུ་བ་ཞིག་ཚོགས་བཞིན་ཡོད་པའི་སྟེང་། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་བསྩལ་བའི་གསུང་བཤད།

 

ཚོགས་འདུའི་དབུ་བཞུགས་མཆོག་དང༌ཚོགས་སྐོང་འགན་འཛིན་རྣམ་པ། ས་ཁུལ་མང་པོ་ནས་ཕེབས་པའི་ཚོགས་འཐུས་རྣམ་པ། སྐུ་མགྲོན་རྣམ་པ་བཅས་ལ་མཛའ་བརྩེའི་འཚམས་འདྲི་ཡོད། ད་རེས་རྒྱལ་སྤྱིའི་འགྲིག་ཆགས་མཐུན་ཚོགས་དང་སུད་བོད་མཛའ་འབྲེལ་ཚོགས་པ་ (International Fellowship of Reconciliation and Swiss Tibetan Friendship Association) ཐུན་མོང་གིས་རྒྱ་བོད་ཀྱི་ཚོགས་ཆེན་གཞི་རྒྱ་ཆེ་བ་འདི་བསྐོང་ཚོགས་གནང་བར་བསྔགས་བརྗོད་བྱ་རྒྱུ་ཡིན། རྒྱ་བོད་མི་རིགས་གཉིས་ནི་ཁྱིམ་མཚེས་དང་སྤུན་ཟླའི་འདུ་ཤེས་ཀྱིས་རྒྱུན་དུ་མཛའ་བརྩེས་མཉམ་གནས་ཀྱིས་ཕན་ཚུན་ཆོས་དང་རིག་གཞུང༌། སྤྱི་ཚོགས་དང་དཔལ་འབྱོར་བཅས་ཀྱི་བཟང་འབྲེལ་དང༌། སྐབས་རེ་གཡུལ་འགྱེད་རེས་ཀྱི་ངན་འབྲེལ་ལོ་སྟོང་ཕྲག་བརྒལ་བའི་རིང་རྒྱུན་གནས་ཡོད་པའི་སྤུན་གྲོགས་རྙིང་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་ཏུ་ནང་ཆོས་སྔོན་དུ་དར་བས་བོད་རིགས་ནང་པ་རྣམས་ཀྱིས་རྒྱ་རིགས་ནང་པ་ཚོར་དགེ་ཕྲུག་རྒན་པའི་འདུ་ཤེས་ཀྱིས་གུས་བརྩི་དང་ཆེ་མཐོང་བྱེད་ཀྱིན་ཡོད།

 

ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ནང་འཛམ་གླིང་ཁྱོན་ཡོངས་སུ་འགྱུར་བ་བཟང་ངན་སྣ་ཚོགས་ཤིག་བྱུང་བ་བཞིན་རྒྱ་ནག་ཏུའང་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་བྱུང་ཞིང༌། ཕྱི་ལོ་ ༡༩༤༩ ལོར་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་དབང་བཟུང་འཕྲལ་བོད་ལ་དཔུང་འཇུག་གིས་ཆབ་མདོ་མན་དྲག་ཤུགས་ཀྱིས་དབང་བསྒྱུར་དང༌། ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་འོག་བོད་ཞི་བའི་བཅིངས་བཀྲོལ་ཟེར་བ་བྱས་ཏེ། བོད་ཡུལ་ཡོངས་རྫོགས་ལ་མངའ་དབང་བསྒྱུར། བོད་མིས་ལྷག་བསམ་རྣམ་དག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་འོག་གནས་རྒྱུའི་འབད་བརྩོན་གང་ཡོང་བྱས་ཀྱང་མཐའ་མ་ཕྱི་ལོ་ ༡༩༥༩ ལོར་ངོས་དང་ངོས་ཀྱི་བཀའ་ཤག བོད་མི་སེར་སྐྱ་བརྒྱད་ཁྲི་ ༨༠༠༠༠ བརྒལ་བ་ཞིག་བཙན་བྱོལ་དུ་ཡོང་དགོས་བྱུང་བ་སོགས་ཀྱི་བྱུང་རབས་ནི་ཚང་མས་མཁྱེན་གསལ་ཡིན་པས་བསྐྱར་བརྗོད་མ་དགོས། བཙན་བྱོལ་དུ་འབྱོར་ཏེ་རིང་པོ་མ་སོང་བར་འབྱུང་འགྱུར་བོད་ཀྱི་དཀའ་རྙོག་རྒྱ་ནག་གི་དབང་འཛིན་པ་རྣམས་དང་མཉམ་དུ་འབྲེལ་གཏུག་གྲོས་བསྡུར་གྱི་ལམ་ནས་སེལ་རྒྱུའི་བསམ་ཞིབ་གྲོས་བསྡུར་གཏིང་ཟབ་རྒྱུན་མཐུད་བྱས་འབྲས་སུ་རྒྱ་བོད་ཁ་བྲལ་མ་དགོས་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཤིག་ཕྱི་ལོ་ ༡༩༧༤ ཙམ་ནས་གཏན་འབེབས་བྱས་ཤིང༌། དེ་ནི་གུ་གཤངས་དང་འགྲིག་ཆགས་བྱ་རྒྱུའི་ལྷག་བསམ་གྱིས་གྲོས་མོལ་གྱི་སྒོ་ནས་གཉིས་སྨན་གཉིས་མོས་ཀྱི་ཐབས་ལམ་འཚོལ་རྒྱུའི་གཞི་རྩར་བརྟེན་པ་ཡིན།

 

ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་དབུ་ཁྲིད་སྐུ་གཤེགས་ཏིན་ཞོ་ཕིན་གྱིས་འབྲེལ་མོལ་གྱི་གྲོས་མགོ་བཏོན་སྐབས། ང་ཚོའི་ཕྱོགས་ནས་ངོས་ལེན་བྱེད་རྒྱུའི་གྲ་སྒྲིག་ཡོད་མུས་ཡིན་པ་ལྟར། དུས་དེ་ནས་བཟུང་ཕྱི་ལོ་ ༡༩༩༣ བར་ལྟ་སྐོར་དང་འབྲེལ་མོལ་ཐེངས་ཉི་ཤུ་ལྷག་ཙམ་བྱས་ཀྱང༌། དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་མ་སོན། དེར་བརྟེན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་མེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པར་བརྟེན། ཕྱི་ལོ་ ༡༩༩༧ ལོར་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་སྐབས། བརྒྱ་ཆ་ ༦༤ ལྷག་ཙམ་གྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར་བྱུང་བས། སླར་ཡང་རྒྱ་ནག་དབུས་གཞུང་དང་འབྲེལ་བ་བསྐྱར་གསོ་ཡོང་ཐབས་བྱས་ཏེ་ཕྱི་ལོ་ ༢༠༠༢ ལོར་འབྲེལ་ལམ་བསྐྱར་གསོ་བྱུང་བ་བཞིན།  ༢༠༠༨ བར་ངོས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་འབྲེལ་ཡོད་རྒྱ་གཞུང་གི་དབུ་ཁྲིད་རྣམས་དང་འབྲེལ་མོལ་ཐེངས་བརྒྱད་དང༌། ནང་ལུགས་ཀྱི་གོ་བསྡུར་ཐེངས་གཅིག་བཅས་བྱས་ཀྱང་སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་དབུས་གཞུང་གི་དབུ་ཁྲིད་ཚོར་བོད་ཀྱི་དཀའ་རྙོག་སེལ་རྒྱུར་དངོས་དོན་དང་མཐུན་པའི་ལྷག་བསམ་མེད་རྐྱེན། དོན་སྙིང་ལྡན་པའི་གྲུབ་འབྲས་གང་ཡང་མ་བྱུང་བ་མ་ཟད། སྔ་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་གི་གནས་ཚུལ་ཛ་དྲག་ཅན་དུ་གྱུར་པ་དང༌། དབུས་གཞུང་གིས་སྤྱིར་གྲངས་ཉུང་མི་རིགས་དང༌། ལྷག་པར་བོད་རིགས་རྣམས་ལ་འཛིན་པའི་སྲིད་བྱུས་ལ་བློ་ཁ་མ་ཁེངས་པའི་ཞི་བའི་ངོ་རྒོལ་བྱས་པ་རྣམས་རྒྱའི་མི་རིགས་ལ་ངོ་རྒོལ་ཡིན་ཚུལ་བཤད་དེ། མི་རིགས་འཁོན་འཛིན་དང་ཁ་བྲལ་འགྲོ་གཞིའི་ལོག་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་པར་བརྟེན། མི་རིགས་གཉིས་དབར་གཞི་རྩ་མེད་པའི་དྭོགས་པ་རྣམ་རྟོག་ཇི་སྙེད་ཅིག་བཟོས་པ་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་རེད། འོན་ཀྱང་། རྒྱ་རིགས་ཤེས་ཡོན་ཅན་ཧ་ཅང་མང་པོས་དབུས་གཞུང་གི་ལོག་པའི་དྲིལ་བསྒྲགས་ལ་མགོ་མ་འཁོར་བར་རང་རང་གི་རྣམ་དཔྱོད་ཀྱིས་གནད་དོན་ཞིབ་འཇུག་གིས་བོད་མིར་བརྩེ་དུང་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་ཅི་རིགས་དང༌། རྩོམ་རིག་མང་པོ་རྒྱུན་མཐུད་འགྲེམས་སྤེལ་བྱུང་འདུག་པ་ནི་བློ་སྤོབས་སྐྱེ་གཞི་དང༌། བདེན་པའི་རྒྱལ་ཁ་ཞིག་རེད།

 

ངོས་ཀྱི་སྐུ་ཚབ་ཚོས་བོད་ཀྱི་དཀའ་རྙོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་རྩ་ཁྲིམས་ཀྱི་དགོངས་དོན་འོག སེལ་ཐབས་བྱ་རྒྱུའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྙིང་དོན་ཡིག་ངག་གཉིས་ཐོག་ནས་དབུས་གཞུང་ལ་འགྲེལ་བརྗོད་ཞིབ་གསལ་བྱས་པའི་མཐར་སྔ་ལོ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་ཆ་རྐྱེན་རྣམས་ལུང་འདྲེན་གྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ལག་བསྟར་བྱེད་ཕྱོགས་བསམ་འཆར་ཞིབ་རྒྱས་ཤིག་སྤྲད་ནའང་ཚུལ་མཐུན་གྱི་ཡ་ལན་དང་འཆར་གཞི་གང་ཡང་མ་སྤྲད་པར་དེ་ལ་ཕྱེད་རང་བཙན་ནམ། རྣམ་པར་འགྱུར་བའི་རང་བཙན་གྱི་དགོས་འདུན་ཡིན་ལུགས་ཧམ་བཤད་བྱས་པ་བཅས་ལ་བརྟེན། ད་ལྟའི་དབུས་གཞུང་གི་དབུ་ཁྲིད་ཚོའི་ལྷག་བསམ་ལ་ངོས་ཀྱི་རེ་བ་དང་ཡིད་ཆེས་ཇེ་སྲབ་ཏུ་ཕྱིན་སོང༌།

 

དེ་འདྲའི་གནས་ཚུལ་འོག་དེ་མུར་སྡོད་བློས་མ་བཟོད་པར་སྔ་ལོ་ཕྱི་ཟླ་ ༡༡ ནང་བཙན་བྱོལ་བོད་མི་ཡོངས་ཀྱི་ངོ་ཚབ་ ༦༠༠ ཙམ་ཡོད་པའི་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་གིས་ཉིན་དྲུག་རིང་བོད་ནང་གི་གནས་བབ་དང༌། བོད་མི་རིགས་ཀྱི་དཀའ་ངལ་སེལ་ཐབས་སུ་མ་འོངས་པར་བྱེད་ཕྱོགས་ཅི་དགེའི་སྐོར་བསམ་ཞིབ་གྲོས་བསྡུར་ཞིབ་ལྷུག་བྱས་ཤིང༌། བོད་དུ་ཡོད་པའི་བོད་མི་རྣམས་ཀྱི་བསམ་ཚུལ་ཡང་གང་ཐུབ་བསྡུ་ལེན་བྱས་པ་དང༌། ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དམིགས་བསལ་ཚོགས་ཆེན་ཞིག་ཀྱང་བསྡུ་བསྐོང་གིས་གྲོས་བསྡུར་བྱས་པ་བཅས་ཀྱི་སྐབས། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་དང་ད་ལྟའི་རྒྱ་གཞུང་དང་འབྲེལ་ལམ་མཚམས་འཇོག་དགོས་པའི་བསམ་ཚུལ་ཤུགས་ཆེན་འདོན་མཁན་ཁ་ཤས་བྱུང་རུང༌། མི་དམངས་མང་ཆེ་བས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་དང་བོད་རྒྱའི་འབྲེལ་མོལ་མུ་མཐུད་དགོས་པའི་བསམ་ཚུལ་གསལ་བཏོན་བྱས་པར་བརྟེན། ད་ལྟའང་དབུ་མའི་ལམ་གྱི་སྲིད་བྱུས་ལ་མང་ཚོགས་ཀྱི་བཀའ་ལུང་བརྟན་པོ་ཡོད་པར་ངོས་འཛིན་གྱིས་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་དབུས་གཞུང་གིས་བོད་མི་ས་ཡ་དྲུག་གི་དཀའ་རྙོག་སེལ་ཐབས་སྐོར་བཀའ་བསྡུར་གནང་འདོད་ཡོད་པའི་བརྡ་ལན་བྱུང་འཕྲལ་ང་ཚོའི་ངོས་ནས་འབྲེལ་བ་དང་གྲོས་མོལ་བྱ་རྒྱུའི་གོ་སྒྲིག་ཡོད།

 

ད་རེས་རྒྱ་རིགས་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་ཚོགས་ཆེན་འདིར་ང་ལ་རེ་བ་གཉིས་ཡོད། དེ་ནི། བོད་མིའི་དཀའ་རྙོག་སེལ་ཐབས་སུ་འབྱུང་འགྱུར་བྱེད་ཐབས་ཅི་དགེའི་ལམ་སྟོན་དགོངས་འཆར་བླང་རྒྱུ་དང༌། ཁྱེད་རྣམ་པ་བརྒྱུད་དེ་རྒྱ་ཆེའི་རྒྱ་རིགས་རྣམས་ལ་བོད་ཀྱི་དཀའ་རྙོག་འདི་བོད་རྒྱའི་མི་རིགས་བར་གྱི་འཁོན་རྩོད་མིན་པ་དང༌། གཞིས་བྱེས་བོད་མི་ཚང་མས་རྒྱའི་མི་རིགས་ལ་འཁོན་འཛིན་དང་མཐོང་ཚུལ་མི་ལེགས་པ་གང་ཡང་མེད་པའི་གནས་ཚུལ་གསལ་བསྒྲགས་ཀྱིས་མི་རིགས་ཁ་བྲལ་འགྲོ་བའི་ཉེན་ཁ་ལས་སྐྱོབ་ཐབས་གང་ཐུབ་གནང་རོགས་ཞེས་བརྗོད་རྒྱུ་དེ་གཉིས་ཡིན།

 

མཐའ་དོན་ས་ཐག་རིང་པོ་ནས་སྐུ་ངལ་འཛེམས་མེད་ཀྱིས་ཕེབས་པའི་ཚོགས་འཐུས་ཚང་མ་དང༌། ཚོགས་སྐོང་གནང་མཁན་བཅས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་དང༌། ཚོགས་འདུ་འདིས་རྒྱ་བོད་མི་རིགས་གཉིས་ཕན་ཚུན་ཡིད་ཆེས་དང༌། མཛའ་མཐུན་གཉིས་སྨན་གྱི་གཞི་རྩ་བརྟེན་པའི་འབྱུང་འགྱུར་གྱི་མདུན་ལམ་ཐུན་མོང་བ་ཞིག་འཚོལ་རྒྱུར་གོམ་པ་མདུན་སྤོས་ཐུབ་པའི་སྨོན་འདུན་བཅས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་ ༢༠༠༩ ཕྱི་ཟླ་ ༨ ཚེས་ ༦ ལ་བྲིས།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 9

  1. ཆོས་ལོ says:
    ལོ་ 17 སྔོན།

    འདི་ནི་ང་ཚོའི་རྒྱལ་ཁ་ར།

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    བླ་ན་མེད་པའི་བཀའ་སློབ་ཅིག་གནང་འདུག

    Reply
  3. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ༸དམ་པ་ཁོང་གི་དགོངས་པ་སྲིད་གསུམ་ལས་ཡངས་ཡང་རྒྱ་རྒན་དེ་ཚོའི་གཡོ་སྒྱུ་དང་མི་རིགས་ཆེན་པོའི་ལྟ་བ་དེ་སངས་རྒྱས་དངོས་སུ་བྱོན་ཡང་ཕན་ཐོག་མེད་པ་འཇིག་རྟེན་འཐབ་རྩོད་པའི་ཡིད་ན་གསལ།

    Reply
  4. ལྕགས་སྤྲེལ། says:
    ལོ་ 17 སྔོན།

    ˆïh

    Reply
  5. ལྕགས་སྤྲེལ། says:
    ལོ་ 17 སྔོན།

    ངའི་སེམས་ནང་གི་ལྷ་མོ་དོན་འགྲུབ་ཁྱེད་འདྲ་ཞིག་མིན་ན་གང་འདྲ་ཞིག་ཡིན།

    Reply
  6. རལ་གྲི་ཅན། says:
    ལོ་ 17 སྔོན།

    ༸གོང་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག

    Reply
  7. མཁར་རྔ་། says:
    ལོ་ 17 སྔོན།

    འཇིག་རྟེན་ཡོངས་གྱི་གཙུག་རྒྱན་༧མགོན་པོ་གང་ཉིད་ཀྱིས་ཐུགས་བཞེད་རྣམས་དེ་དེ་བཞིན་འགྲུབ་པར་ཡིད་ཆེས་དང་། བློ་སྤོབས། རེ་བས་ཁེངས་ཡོད།

    འདི་ཡང་གྲུབ་འབྲས་མངོན་འགྱུར་ཡོངས་པའི་འབྲས་རྟགས་དང་། ཁྱེད་ཀྱིས་ཕུགས་རྒྱང་བརྟོལ་པའི་ཐུགས་བསྐྱེད་ཟབ་མོ་ལས་འཁྲུངས་པའི་གསེར་གྱི་སྨྱུ་གུ་ཞིག་ཡིན་པ་ཐེ་ཚོམ་བྲལ།

    ས་ཕྱོགས་གང་ས་ན་ཚོགས་སྐོང་གནང་མཁན་ཡོངས་ནས་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལྡན་པའི་ལས་འགུལ་འདི་འདྲ་རེ་མུ་མཐུད་གནང་ཐུབ་ན་ཅི་མ་རུང་།

    ༧ གང་སྐུ་རྡོ་རྗེའི་གཤིས་སུ་་་་བརྟན་པར་ཤོག་ཅིག་གུ
    ༧ གང་སྐུ་རྡོ་རྗེའི་གཤིས་སུ་་་་བརྟན་པར་ཤོག་ཅིག་གུ
    ༧ གང་སྐུ་རྡོ་རྗེའི་གཤིས་སུ་་་་བརྟན་པར་ཤོག་ཅིག་གུ
    ༧ གང་སྐུ་རྡོ་རྗེའི་གཤིས་སུ་་་་བརྟན་པར་ཤོག་ཅིག་གུ

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ༧བླ་མའི་མཛད་པ་བསམ་མི་ཁྱབ། སློབ་མའི་ཚོགས་འདིས་བཀའ་རྩིས་དེ། རང་གི་ནུས་པ་གང་དེ་སྒྲུབ་ནས་འབད་བརྩོད་ཅིག་བྱས་པ་ཡིན་ན་རེ་བ་བཟང་ས་དང་གྲྭ་སྒྲིག་སྡུག་ས་ཟེར་བ་ལྟར་རེད་སྙམ་མོ།

    Reply
  9. ཨ་མྱེ says:
    ལོ་ 17 སྔོན།

    ངོ་མཚར་དང་རྒྱལ་ཁ་རེ་རེ་ང་ཚོའི་ངོམ་ཆོག་ཆོག་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese