མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟློས་གར་ཁང་འདི་རིག་གཞུང་གི་བསྟི་གནས་ཤིག་ཏུ་བསྒྱུར་འདོད་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp


བོད་གཞུང་ཟློས་གར་ཚོགས་པ་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་དང་བསྟུན་འདི་གའི་གསར་ཁང་གིས་བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན་ཕ་ཟུར་དབང་ཕྱུགས་ལགས་སུ་བོད་གཞུང་ཟློས་གར་ཁང་གི་ལི་ ༥༠ གྲུབ་འབྲས་དང་། འཆར་སྣང་། མདུན་སྐྱོད་ཀྱི་ལས་གཞི་གསར་པ་ཅི་ཡོད་སོགས་ཀྱི་ཐད་བཅར་འདྲི་བྱས་པ་ཡིན་ལ། གཤམ་དུ་ཁོང་གི་དྲི་ལན་དག་ཞིབ་པར་བཀོད་ཡོད།

དྲི་བ། བོད་གཞུང་ཟློས་གར་ཁང་འདི་བོད་མིའི་སྒྱུ་རྩལ་རིག་གཞུང་རྒྱུད་འཛིན་དང་སོར་ཆུད་ལྟ་བུ་ཞིག་ལ་དམིགས་ནས་དབུ་བཙུགས་པ་རེད། མི་ལོ་ ༥༠ རྗེས་ལ་དེའི་གྲུབ་འབྲས་དང་ཡང་ན་ཉམས་མྱོང་གང་འདྲ་གསུང་རྒྱུ་ཡོད་དམ།
ལན། འདས་པའི་མི་ལོ་ ༥༠ རིང་ང་ཚོ་ཟློས་གར་ཚོགས་པའི་ངོས་ནས་ལྷ་མོའི་འཁྲབ་གཞུང་གསུམ་གསར་རྩོམ་གནང་སྟེ་གྲུབ་འབྲས་གང་འཚམ་ཐོན་ཡོད་པ་རེད། ཡིན་ནའང། དེ་དང་དེའི་རིགས་ཀྱི་བྱེད་སྒོ་མང་པོ་ཞིག་ཡོད་ཀྱང་ང་རང་འདིར་སླེབས་ནས་ལོ་གཉིས་མ་གཏོགས་ཕྱིན་མེད་སྟབས། ལས་གཞི་གང་མང་ཞིག་ད་ལྟ་ནས་མགོ་རྩོམ་རྒྱུ་ལྷག་བསྡད་སྟབས། ང་ཚོས་དབྱར་སྐྱིད་ཟེར་བ་འདི་འདྲའི་ལས་གཞི་ཞིག་མགོ་འཛུགས་བྱས་ཏེ། ལོ་ན་གཞོན་པའི་ཚོགས་མི་དེ་དག་སྤྱི་ཚོགས་ཁྲོད་དངོས་སུ་འཛུལ་ཞུགས་གྱིས་རྒན་པ་རྣམས་ལ་སྐད་ཆ་དྲིས་རྗེས་གཞས་དེ་དག་བོད་ཀྱི་ས་ཁུལ་དང་ཡུལ་ལུང་གང་གི་གཞས་ཡིན་པ། ཁུངས་དང་བྱེད་སྒོ་གང་འདྲ་ཡིན་མིན་སོགས་གསལ་བོར་དྲིས་རྗེས་ཞིབ་འཇུག་བྱས་པ་དང་དེ་ནས་ཞོ་སྟོན་གྱི་དུས་སྐབས་དང་བསྟུན་ཏེ་འགྲན་བསྡུར་བྱེད་ཀྱིན་ཡོད་པ་རེད། དེ་དག་ང་ཚོའི་བོད་མི་རིགས་ཀྱི་རིག་གཞུང་སླར་གསོའི་ལས་གཞི་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ད་ལྟའི་བར་ཟློས་གར་རང་ནས་སྐྱེད་སྲིང་བྱས་པའི་མཐར་ཕྱིན་པའི་སློ་མ་ ༤༨༣ སྤྱི་ཚོགས་ནང་ཕྱིན་ཡོད་པ་དང་། དགེ་རྒན་ ༡༡༠ ལྷག་སྐྱེད་སྲིང་བྱས་པ་ཡོད་རེད།  བོད་གཞུང་གི་སློབ་གྲྭ་ཁག་ ༨༡ ནང་ཡོད་པའི་ཟློས་གར་དགེ་རྒན་མང་ཆེ་བ་ང་ཚོ་བོད་གཞུང་ཟློས་གར་ནས་ཐོན་པའི་སློབ་མ་རེད། དེ་དག་ཀྱང་ང་ཚོའི་འདས་པའི་མི་ལོ་དེ་དག་གི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། འདས་པའི་དུས་ནས་ཟློས་གར་ཚོགས་པའི་གཞས་སྣ་སྟོང་ཕྲག་མང་པོ་འཁྲབ་སྟོན་བྱས་ཡོད་པ་དང་མི་སྣ་མང་པོ་ཟློས་གར་ཚོགས་པ་དང་ཁ་བྲལ་ཏེ་འགྲོ་བཞིན་ཡོད་སྟབས། མ་འོངས་པའི་ལོ་ངོ་བརྒྱ་ཕྲག་ཆས་ཀྱང་བོད་གཞུང་ཟློས་གར་ཚོགས་པའི་ངོས་ནས་རིག་གཞུང་སྒྱུ་རྩལ་རྒྱུན་འཛིན་བྱ་ཆེད་ཉར་ཚགས་ཀྱི་ལས་གཞི་ཞིག་ད་ལོ་ནས་མགོ་འཛུགས་བྱས་ཡོད། དེ་དག་མང་ཆེ་བ་ཟློས་གར་ཚོགས་པའི་འགན་འཛིན་ཟུར་པ་རྣམ་པས་རྩོམ་གནང་མཛད་པའི་འཁྲབ་གཞུང་དང་གཞས་ཚིག་རྙིང་པའི་རིགས་དང་། ཁྲི་བྱང་རིན་པོ་ཆེ་དང་བསྡུས་འཇོམས་རིན་པོ་ཆེ་སོགས་ཀྱིས་རྩོམ་གནང་མཛད་པའི་དོན་ཟབ་པའི་གཞས་ཚིག་དེ་དག་སྒྲར་ཕབ་རྗེས་ཉར་ཚགས་བྱེད་ཀྱིན་ཡོད་པ་རེད་ལ། རྣམ་ཐར་གྱི་རིགས་དེ་དག་ཀྱང་གལ་ཆེན་དུ་བཟུང་སྟེ་དར་སྤེལ་དང་རྒྱུན་འཛིན་བྱེད་བཞིན་ཡོད་པ་རེད། ད་ལོ་ཡིན་ནའང། གཞིས་ལུས་བོད་མི་ཚོརགདུང་སེམས་མཉམ་སྐྱེད་ཆེད་འོད་སྡེར་གསར་བཟོ་དང་། བོད་གཞུང་མང་བཙན་བྱོལ་དུ་འབྱོར་བའི་མི་ལོ་ལྔ་བཅུ་དང་སྟབས་བསྟུན་གྱིས་ང་ཚོས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ལེགས་གསོལ་ཞུ་བའི་དབྱངས་དང་ཚིག་འོད་སྡེར་གྱི་ལམ་ནས་གཟིགས་རྒྱུ་ཡོད་པ་དེ་འདྲའི་ལས་དོན་སྒྲུབ་ཡོད། འཛིན་སྐྱོང་གི་ཕྱོགས་ནས་ཀྱང་ད་ལྟའི་བར་མ་འོངས་ཟློས་གར་སྲ་བརྟན་ལ་དམིགས་ཏེ་དགོས་དངུལ་ཐབས་ཤེས་ཀྱིས་འཛུགས་སྐྲུན་དང་སྔར་མེད་ཀྱི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་བྱེད་ཀྱིན་ཡོད་པ་མ་ཟད། འགན་འཛིན་ལྷན་ཚོགས་ཀྱི་སྔོན་རྩིས་གཏན་འབེབས་བཞིན་འགྲོ་གྲོན་གཏོང་བ་དང་མི་སྣ་བསྡུ་རུབ་སོགས་འགན་འཛིན་ལྷན་ཚོགས་ཀྱི་སྒྲིག་གཞི་གཞིར་བཟུང་ཐོག་འགྲོ་གིན་ཡོད།

དྲི་བ། བོད་ཀྱི་དེང་རབས་གླུ་གཞས་དང་བྲོ་གཞས་གསར་གཏོད། སྒྱུ་རྩལ་གྱི་འཁྲབ་གཞུང་གསར་གཏོད་བྱེད་པའི་ཕྱོགས་ནས་བོད་གཞུང་ཟློས་གར་ཚོགས་པའི་ངོས་ནས་སྤྱི་ཚོགས་ཁྲོད་སྣེ་འཁྲིད་ཀྱི་འགན་འཁྱེར་ཐུབ་གིན་མེད་པའི་བསམ་ཚུལ་འདུག  འདིའི་ཕྱོགས་ལ་དགོངས་ཚུལ་གང་ཡོད་དམ།
ལན། ང་ཚོ་བོད་གཞུང་ཟློས་གར་ཚོགས་པ་འདི་སྲོལ་རྒྱུན་ཉམས་གསོ་བྱེད་པའི་སྡེ་ཚན་ཞིག་ཡིན་སྟབས། དེང་དུས་ཀྱི་གཞས་སྣ་དེ་ཟློས་གར་དང་མཉམ་དུ་འདྲེས་བསྡད་པ་ཡིན་ན་བསམ་འཆར་འདོན་མཁན་རིགས་ཀྱིས་མིང་ཆད་བཟོ་སྲིད་པ་ཞིག་དང་། བོད་པའི་རིག་གཞུང་ལ་དགྲ་བྱེད་ཀྱིན་འདུག་ཅེས་ཀྱང་ལབ་སྲིད་པ་ཞིག་རེད། ཡིན་ནའང། ང་ཚོའི་ངོས་ནས་དེང་དུས་དང་མཐུན་པའི་གཞས་སྣ་འཁྲབ་སྟོན་གྱི་དགོས་མཁོ་སྐོང་ཆེད་ཨ་ཀ་མ་ཅེས་པའི་འཁྲབ་སྟོན་སྡེ་ཚན་ཞིག་ཟུར་དུ་བཙུགས་ཡོད་ལ། དེ་དམིགས་བསལ་གྱི་རིག་གཞུང་སྡེ་ཚན་ཞིག་ཆགས་ཡོད་པ་རེད། གཞན་ལ་ལད་མོ་བྱས་ན་ཡག་པོ་ཡོད་པ་མ་རེད། དེ་ང་ཚོ་རིག་གཞུང་སྲུང་སྐྱོབ་ཀྱི་སྡེ་ཚན་ཞིག་ཆགས་ཀྱི་ཡོད་པ་མ་རེད། ང་ཚོས་གསར་གཏོད་ཅེས་བཤད་མི་ཐུབ་ཀྱང་ང་ཚོའི་ལྷ་མོའི་གཞུང་དེ་བོད་ནང་གི་ལྷ་མོ་འཁྲབ་སྟོན་དང་མི་འདྲ་བར་ཕལ་སྐད་ནང་བསྒྱུར་ཡོད་པ་དང་། དངོས་སུ་དོ་སྣང་བྱས་པ་ཡིན་ན་ང་ཚོ་སྔོན་མ་ལས་ཡར་རྒྱས་ཕྱིན་ཡོད་པ་ཁྱེད་རང་ཚོས་མཐོང་གི་རེད། དེང་རབས་ཀྱི་ཕྱོགས་ལ་སྣེ་འཁྲིད་པའི་འདོད་པ་ང་ཚོ་ཟློས་གར་ཚོགས་པར་མེད། དེང་རབས་ཀྱི་གཞས་སྣ་འཁྲབ་སྟོན་བྱེད་མཁན་ང་ཚོ་མ་ཡིན་པའི་ཚོགས་པ་འདྲ་མིན་མང་པོ་ཡོད་པ་རེད། ང་ཚོས་གཞས་ཀྱི་ཚིག་ཡན་ནས་ཟློས་གར་རང་ནས་བརྩམས་པ་དང་བསམ་བློ་བཏང་སྟེ་འཁྲབ་སྟོན་བྱེད་ཀྱིན་ཡོད་པ་རེད། མི་མང་ལ་བསམ་ཚུལ་མི་འདྲ་བ་མང་པོ་ཡོད་པ་རེེད། ཡིན་ནའང། དེང་དུས་དང་མཐུན་པའི་གཞས་དེ་དུས་ཚོད་ཐུང་ངུའི་ནང་ཡལ་འགྲོ་བ་དེ་འདྲ་ཞིག་རེད། ང་ཚོས་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་དེ་དུས་ཡུན་རིང་བོ་ཞིག་ལ་གནས་ཐུབ་པའི་བསམ་བློ་གཏོང་གི་ཡོད་སྟབས། བོད་རང་གི་གཞས་དང་ཞབས་བྲོའི་ནང་ཕྱིའི་རྒྱལ་ཁབ་ཁག་གི་རིག་གཞུང་འདྲ་མིན་བསྲེས་སླད་བྱས་ཚེ་ང་ཚོའི་རིག་གཞུང་དེ་ཏག་ཏག་ཅིག་སྡོད་ཀྱིན་ཡོད་པ་མ་རེད།

དྲི་བ། ལོ་ཤས་གོང་ནས་སྤྱི་ཚོགས་ཐོག་གི་མི་སྒེར་བ་དང་ཚོགས་པ་དེ་འདྲས་བཙན་བྱོལ་ནང་གི་གཞས་པ་དང་གཞས་མ་དག་བསྡུས་ནས་ཁོང་ཚོར་གར་སྟེགས་རེ་བསྐྲུན་གྱི་ཡོད་པ་རེད། བོད་གཞུང་ཟློས་གར་ཁང་གི་ངོས་ནས་ད་བར་དུ་དེ་འདྲི་བྱ་འགུལ་ཅི་ཡང་སྤེལ་མེད་པ་འདི་ལ་གསལ་བཤད་འདྲ་ཡོད་དམ།
ལན། ང་ཚོ་ཟློས་གར་ཚོགས་པ་དེ་ཚོགས་པ་ཞིག་ཡིན་པ་དང་རང་ཁ་རང་གསོ་བྱེད་ཐུབ་ཀྱིན་ཡོད་པ་རེད། ཡིན་ནའང། མི་ཚང་མར་གོ་སྐབས་སྐྲུན་པའི་ཆེད་ང་ཚོས་དཔལ་འབྱོར་འགྲོ་སོང་གཏོང་ཐུབ་གི་མ་རེད། ཡིན་ནའང། ང་ཚོས་ད་ལྟ་བོད་གཞུང་ཟློས་གར་གཙོས་པའི་གླུ་བ་གླུ་མ་དེ་དག་འདི་ནས་བལ་ཡུལ་དང་ལྡི་ལིར་སྒྲ་ཕབ་དང་འོད་སྡེར་གསར་བཟོའི་ཆེད་འགྲོ་བར་དམིགས་ཏེ་ཟློས་གར་ཚོགས་པ་རང་དུ་སྒྲ་ཕབ་དང་འོད་སྡེར་གསར་བཟོའི་ལས་ཀ་ཞིག་མགོ་རྩོམ་གྱིན་ཡོད། དེ་འདྲའི་གོ་སྐབས་ཤིག་སྐྲུན་པ་ལས་ང་ཚོས་དངུལ་གྱི་འགྲོ་གྲོན་བཏང་སྟེ་སྐྱེད་སྲིང་དང་སྡིངས་ཆ་སྐྲུན་རྒྱུ་ཁག་པོ་རེད།  ངས་ནམ་རྒྱུན་འདི་ལྟར་དྲན་གྱིན་ཡོད། ང་ཚོ་བོད་པའི་གཞོན་སྐྱེས་ཁྲོད་སྐད་ངག་ཡག་པོ་ཡོད་པ་དེའི་རིགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་གཞས་སྣ་འགྲན་བསྡུར་བྱས་པ་ལྟར། ང་ཚོ་བོད་གཞུང་ཟློས་གར་གྱི་ངོས་ནས་གཞོན་སྐྱེས་དེ་དག་ལ་དེ་འདྲའི་གོ་སྐབས་ཤིག་བསྐྲུན་བསམ་པའི་བསམ་བློ་འཁོར་བསྡད་ཡོད། ཡིན་ཡང། ཟློས་གར་ཚོགས་པ་རང་ནས་ ༢༠༡༠ བར་གྱི་ལས་འཆར་ཚང་མ་ད་ལྟ་ནས་གཏན་འཁེལ་ཡོད་སྟབས། ད་ལྟ་ཡོད་པའི་དགེ་རྒན་ ༥ གཙོ་བྱས་པའི་ལས་བྱེད་ཡོངས་ཕྱི་རྒྱལ་ཁག་དང་ནང་ཁུལ་གྱི་འཁྲབ་སྟོན་སོགས་ཀྱི་ལས་དོན་ཁྲོད་ཁོམ་ལོང་ཡོད་པ་མ་རེད། གལ་སྲིད། དེ་འདྲའི་གར་སྟེགས་ཤིག་སྐྲུན་ཏེ་འགྲན་བསྡུར་བྱས་པ་ཡིན་ན་ཟླ་བ་མང་པོའི་རིང་ནས་ལས་འཆར་དང་གསལ་བསྒྲགས། འགྲན་བསྡུར་སོགས་བྱ་དགོས་སྟབས་ང་ཚོ་རང་གི་ལས་ཀ་མང་པོ་ཞིག་འཐུས་ཤོར་སུ་འགྲོ་བཞིན་ཡོད་སྟབས། སེམས་ལ་དྲན་ཡང་ང་ཚོར་དུས་ཚོད་དང་མི་ཤུགས་དང་རྒྱུ་ཤུགས་ཀྱིས་འདང་གི་ཡོད་པ་མ་རེད། ད་ལྟའི་ཆར་ཡང་ང་ཚོས་དགེ་རྒན་ཚོར་གུང་གསེང་གི་དུས་ཚོད་མ་སྤྲད་པར་ཚོགས་པ་རང་གི་ལོ་གཅིག་གི་ལས་འཆར་སྟེང་བྲེལ་བཞིན་ཡོད་པ་རེད།

དྲི་བ། གླུ་གཞས་ནི་སྤྱི་ཚོགས་ཀྱི་སྦྱར་རྩི་ཡིན་ལབ་གིན་ཡོད་པ་རེད། ད་ལྟའི་བོད་ཀྱི་སྤྱི་ཚོགས་ལ་འདི་འདྲའི་སྦྱར་རྩི་ནི་ལྷག་པར་དུ་གལ་ཆེན་མ་རེད་དམ།
ལན། གླུ་གཞས་དེ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ཚོགས་ནང་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་རེད། དཔེར་ན། སྔོན་མ་སུད་སིར་གནས་སྡོད་བོད་རིགས་ཚོའི་ས་དེར་ཟློས་གར་འཁྲབ་སྟོན་བྱེད་མཁན་དེ་འདྲ་ཡོད་པ་མ་རེད། ཕྱིས་སུ་ང་ཚོས་ས་དེར་འཁྲབ་སྟོན་ཐེངས་མང་བྱས་མཐར་དེར་ཡོད་བོད་པའི་གཞོན་སྐྱེས་གང་མང་ཞིག་ལ་བོད་རིགས་རང་གི་ལྷ་མོ་འཁྲབ་སྟོན་སོགས་ཀྱི་བག་ཆགས་ཟབ་མོ་བཞག་ཡོད་པ་དང་། མི་རིགས་རང་གི་སྲོལ་རྒྱུན་གྱི་གླུ་གཞས་གང་མང་ཞིག་ངོ་ཤེས་པའི་ནུས་པ་དེ་འདྲ་ཞིག་ཐོན་ཡོད་པ་རེད། དེ་བས། ང་ཚོ་རང་གི་སྒྱུ་རྩལ་རིག་གཞུང་འདི་གལ་ཆེན་པོ་རེད། གལ་སྲིད། ང་ཚོས་འདི་དག་ལ་བདག་པོ་རྒྱག་མ་ཐུབ་པ་ཡིན་ན་མི་རིགས་འདིའི་ཉེན་ཁ་ཞིག་ཏུ་འགྱུར་སྲིད་པ་རེད། མི་མང་གི་དགའ་མོས་དེའང་ང་ཚོ་རང་གི་རིག་གཞུང་འདི་གལ་ཆེན་དང་དེའི་ནུས་པ་ཞིག་ཐོན་གྱིན་ཡོད་པའི་རྟགས་རེད།

དྲི་བ། མི་ལོ་ ༥༠ རྗེས་ལ་བོད་གཞུང་ཟློས་གར་ཁང་འདིའི་སྲིད་བྱུས་དང་གྲུབ་ཆ། བྱེད་སྒོ་བཅས་ཕྱོགས་གང་ཐད་ལ་བཅོས་བསྒྱུར་འདྲ་དགོས་པར་དགོངས་ཀྱིན་ཡོད་དམ།
ལན། ང་ཚོ་བོད་གཞུང་ཟློས་གར་ལ་མཚོན་ན་ལས་དོན་རྒྱ་ཆེན་པོ་མང་པོ་ཞིག་ཡོད་པ་རེད། མ་འོངས་པར་ང་རང་གི་བསམ་པར་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་ཟློས་གར་རང་གི་ཡན་ལག་གསར་འཛུགས་བྱས་ཏེ། དེ་རུ་མི་སྣ་མང་པོ་ཞིག་གསོ་སྐྱོང་དང་དེ་དག་ལས་དྲག་འདེམས་ཀྱིས་བོད་གཞུང་ཟློས་གར་ནང་བསྡུ་རུབ་བྱས་རྗེས་སྦྱོང་བ་སྤྲོད་རྒྱུའི་དམིགས་ཡུལ་དེ་འདྲ་ཞིག་བཟུང་ཡོད་ལ། ད་ལྟའི་ཟློས་གར་ཚོགས་པ་འདི་ཉིད་གཞི་རྒྱ་ཆེ་རུ་བཏང་སྟེ་སློབ་ཆེན་ལྟ་བུའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཀྱི་གཞོན་སྐྱེས་སོགས་འཛུལ་ཞུགས་ཀྱིས་བོད་རང་གི་ལྷ་མོ་སྒྱུ་རྩལ་གཙོ་བྱས་པའི་རིག་གཞུང་སྦྱོང་སའི་བསྟི་གནས་ཤིག་གསར་འཛུགས་གནང་རྒྱུའི་འདུན་པ་ཡོད། ད་ལྟའི་ཆར་ང་ཚོའི་ཉར་ཚགས་ཀྱི་ལས་རིམ་ཞིག་འགྲོ་བཞིན་ཡོད། འདིས་ལྷ་མོ་སྒྱུ་རྩལ་རིག་གཞུང་གཙོས་བོད་རང་གི་འདས་པའི་ལྷ་མོའི་བྱུང་རབས་ལོ་རྒྱུས་དག་མི་སྣ་སུ་ཞིག་གིས་ཉམས་ཞིབ་བྱེད་ན་དེ་ལ་མཐུན་རྐྱེན་དང་རོགས་འདེགས་སུ་འགྱུར་བ་དང་། དེ་དག་གློག་ཀླད་ནང་ཐད་ཀར་ལྟ་རྒྱུ་ཡོད་པ་དེ་འདྲའི་ཕྱོགས་ལ་འབད་པ་བྱེད་བཞིན་ཡོད། དེ་བཞིན་ད་ལྟའི་འཁྲབ་སྟོན་བྱེད་སའི་ཚོགས་ཁང་དང་གར་སྟེགས་སོགས་ལས་གཞི་གང་མང་ཞིག་ཆ་རྐྱེན་གྱིས་འདང་གི་མེད་སྟབས། དེ་དག་གི་དཀའ་ངལ་སེལ་བར་ད་ལྟ་ནས་ལས་ཀ་མགོ་འཛུགས་བྱེད་བཞིན་ཡོད། འདས་པའི་དུས་ནས་བཟུང་ང་ཚོ་ཟློས་གར་ནང་ཕྱི་རོལ་གྱི་མི་སླེབས་པ་ཡིན་ན་ནང་ཁུལ་གྱི་ཁང་པ་མ་གཏོགས་དམིགས་བསལ་ལྟ་ས་གང་ཡང་ཡོད་པ་མ་རེད། དེ་བས། ང་ཚོ་ལ་སྒྱུ་རྩལ་རིག་གཞུང་གི་འགན་འཁུར་ཆེན་པོ་ཡོད་པར་དགོངས་ཏེ་ཉེ་ཆར་ནས་བཟུང་ང་ཚོས་འགྲེམས་སྟོན་ཁང་གསར་བ་ཞིག་རྒྱག་མགོ་བརྩམས་ཡོད་ལ། དེའི་ནང་བོད་རང་གི་ལྷ་མོ་འཁྲབ་སྟོན་གྱི་རིགས་དང་དེ་དག་གི་འཁྲབ་ཆས་རིགས་སྣ་ཚོགས་དང་དེ་དག་གི་ལོ་རྒྱུས། བོད་ཀྱི་ལྷ་མོ་སྒྱུ་རྩལ་གསར་གཏོད་གནང་མཁན་ཐང་སྟོང་རྒྱལ་བོའི་གཙོ་སྐུ་དང་ལོ་རྒྱུས་སོགས་བོད་རང་གི་སྒྱུ་རྩལ་རིག་གཞུང་དང་འབྲེལ་བ་ཡོད་པའི་རིགས་དང་། བོད་གཞུང་ཟློས་གར་ཚོགས་པའི་འདས་པའི་ལོ་རྒྱུས་དང་འབྲེལ་བའི་ལྷ་མོ་འཁྲབ་སྟོན་གྱི་རིགས་རྣམས་འགྲེམས་སྟོན་བྱ་འཆར་ཡོད་ལ་། ལོ་རྗེས་མའི་སྤྱི་ཟླ་ ༤ པའི་ནང་ངེས་པར་དུ་འགྲུབ་དགོས་པའི་འཆར་གཞི་བཏིངས་ཡོད། དེ་བཞིན་ང་ཚོས་འདས་པའི་དུས་སུ་ལྷ་མོ་འཁྲབ་སྟོན་བྱས་པའི་སྐོར་ཡོངས་གློག་བརྙན་ནང་བལྟ་ཐུབ་པ་དེ་འདྲ་ཞིག་བཟོ་འཆར་དང་། བོད་ཀྱི་དམངས་གཙོའི་དུས་ཆེན་དང་བཀའ་ཁྲི་འོས་འདེམས་སོགས་དང་འབྲེལ་བ་ཡོད་པའི་ལས་འཆར་ཞིག་ད་ལྟ་ནས་མགོ་རྩོམ་བཞིན་ཡོད།

དྲི་བ། སྔར་ལོ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུའང་བོད་གཞུང་ཟློས་གར་ཁང་གི་སྒྱུ་རྩལ་གྱི་ལས་རིགས་ཐད་ལ་ཞན་ཆ་ཡོད་རབས་གླེང་སོང། སྐུ་ཉིད་ནས་དེ་གསན་ཡོད་དམ། གལ་སྲིད་ཡོད་ན་དེའི་ཐད་དགོངས་ཚུལ་ཅི་ཡོད།
ལན། དེ་ངས་གསལ་བོ་ཞིག་ཧ་གོ་མ་སོང། ང་མ་སླེབས་པའི་ཡར་སྔོན་དུ་གནས་ཚུལ་ཁག་ཅིག་བྱུང་ཡོད་པ་འདྲ། ང་རང་ཟློས་གར་ཚོགས་པའི་ནང་སླེབས་པ་ནས་བཟུང་གནས་ཚུལ་དེ་འདྲའི་རིགས་གཅིག་ཀྱང་གོ་མ་སོང་ལ་ཞན་ཆ་ཞེས་དམིགས་བསལ་གྱིས་མཐོང་མ་སོང། གང་ཡིན་ཟེར་ན། ཟློས་གར་ཚོགས་པ་དེ་འདས་པའི་དཀའ་སྡུག་གི་ལོ་ཟླ་ནས་ད་ལྟའི་དུས་སྐབས་འདི་འདྲ་ཞིག་ཏུ་སླེབས་ཐུབ་པ་དེ་ཟློས་གར་འགན་འཛིན་ཟུར་པ་དག་གི་བྱས་རྗེས་རེད། གལ་སྲིད་སྐྱོན་ལ་བལྟ་མཁན་ཞིག་ཡིན་ཚེ་སྐྱོན་མང་པོ་ཡོད་པ་རེད། དེང་སང་ཚོགས་པ་གང་མང་ཞིག་མགོ་བཙུགས་ཏེ་ཅུང་མ་འགོར་བར་སྒོ་རྒྱག་དགོས་པ་དེ་འདྲ་ཆགས་ཀྱིན་ཡོད་པ་རེད། ང་ཚོ་འདི་ལྟར་གནས་ཤིང་། ༧གོང་ས་མཆོག་དང་བོད་གཞུང་གི་དགོངས་པ་སྒྲུབ་ཐུབ་པ་དེའང་འགན་འཛིན་རིམ་བྱོན་གྱིས་སྐུ་ལས་སྐྱོན་པའི་གྲུབ་འབྲས་ཉག་གཅིག་རེད། ཡིན་ཡང། ཞན་ཆ་ཡོད་སྲིད་པ་རེད། ང་རང་ཉིད་ཀྱིས་འགན་ཁུར་བ་ནས་བཟུང་དཀའ་ལས་གང་མང་ཞིག་རྒྱག་གིན་ཡོད། དེ་ལྟར་སྒྲུབ་ཀྱང་མི་གཞན་གྱི་ཞན་ཆ་མཐོང་གི་རེད། ཞན་ཆ་ཚུར་བཏོན་རྗེས་འགྱུར་བ་གཏོང་ཐུབ་པ་ཞིག་ཡིན་ན་འགྱུར་བ་གཏོང་རྒྱུ་ལས་གཞན་ཐབས་ཤེས་གང་ཡང་ཡོད་པ་མ་རེད། གལ་སྲིད། སྐྱོན་ལབ་མཁན་ཞིག་ཡིན་ནའང་སྐྱོན་འདི་དང་འདི་རེད་ཅེས་ལབ་ན་ཡག་པོ་རེད་བསམ་གྱི་ཡོད། ང་རང་ལ་མཚོན་ན་དེང་རབས་དང་མཐུན་པའི་གཞས་ཀྱི་ཕྱོགས་ལ་ཡར་རྒྱས་གཏོང་དགོས་ཀྱིན་འདུག་ཅེས་ལབ་མཁན་བྱུང་བ་ལས་སྐྱོན་འདི་རེད་ཅེས་ལབ་མཁན་བྱུང་མ་སོང། ཡིན་ནའང། ཟློས་གར་སྒྱུ་རྩལ་གྱི་ཡར་རྒྱས་ལ་མཐའ་མེད་སྟབས། མི་མང་ཚང་མའི་རོགས་འདེགས་ལ་བརྟེན་དགོས་པ་རེད། སྐྱོན་ཡོད་པ་དེ་དག་ལ་ཡོ་སྲང་དང་ཡར་རྒྱས་གཏོང་ཕྱོགས་ཀྱི་བསམ་འཆར་བརྗོད་པ་ཡིན་ན་དེ་ལས་ཀྱང་ཕན་ཐོགས་ཆེན་པོ་ཡོང་གི་རེད། བོད་ནང་གི་བོད་མི་དེ་དག་གིས་ང་ཚོར་རྒྱབ་སྐྱོར་གྱི་ཚུལ་དུ་ང་ཚོར་ཟློས་གར་གྱི་འཁྲབ་ཆས་བསྐུར་བ་དེ་འདྲ་བྱུང་ཡོད་པ་རེད། ང་ཚོར་དངུལ་ཁོ་ནའི་སྟེང་རོགས་སྐྱོར་བྱེད་དགོས་པ་མ་རེད། རྒྱ་ཆེའི་མི་མང་གི་ལྷག་བསམ་དང་མཐུན་རྐྱེན། བསམ་ཚུལ་གྱི་ལམ་ནས་རོགས་སྐྱོར་འཛུབ་སྟོན་གནང་རྒྱུ་དེ་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད། ང་ཚོས་སྔོན་མ་ནས་མི་མང་ནང་ཁུལ་དུ་བོད་གྱི་གཞས་རྙིང་བ་སོགས་བསྡུ་རུབ་ཀྱི་གསལ་བསྒྲགས་བསྐྱངས་ཀྱང་ད་ལྟའི་ཆར་དེའི་སྐོར་ལ་རྒྱབ་སྐྱོར་མཐུན་རྐྱེན་སྤྲོད་མཁན་གཅིག་ཀྱང་རག་མ་སོང། མ་འོངས་པར་རྒྱ་ཆེའི་མི་མང་ངོས་ནས་རྒྱབ་སྐྱོར་དང་རོགས་འདེགས་བྱ་རོགས་གནང་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༧ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༨ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༩ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༩ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧

མཆན། 15

  1. ལྷག་པ་ཚེ་རིང་། says:
    ལོ་ 16 སྔོན།

    ལོ་ངོ་ལྔ་བཅུ་ལ་མཚོན་ན་བོད་གཞུང་ཟློས་གར་ཚོགས་པའི་གྲུབ་འབྲས་ལ་དེ་ཙམ་གྱིས་ཧ་ལས་རྒྱུ་མིན་འདུག ཡིན་ནའང་ལོ་ངོ་གསུམ་བཞི་ཙམ་གྱི་ཡར་སྔོན་དང་བསྔུར་ན་ཡར་རྒྱས་ཕྲན་ཙམ་ཕྱིན་པའི་ཚོར་སྣང་བྱུང་། སྤྱིར་ན་བོད་པའི་གཞས་སྣ་ཁག་དེ་དག་ཕྱི་རྒྱལ་ཁོ་ནར་འཁྲབ་སྟོན་བྱེད་པ་མ་ཡིན་པར་རང་རིགས་ཀྱི་གཞོན་སྐྱེས་ཚོར་སྟོན་ཐུབ་རྒྱུ་དེར་ཧ་ཅང་གལ་ཆེན་པོ་ཡིན། ད་བར་བོད་གཞུང་ཟློས་གར་ངོས་ནས་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་དེ་བཞིན་བོད་རིགས་གནས་ཡུལ་ས་གནས་ཁག་ལ་རིན་མེད་ཐོག་འཁྲབ་སྟོན་བྱེད་པ་ཉིན་མོའི་སྐར་མ་ཙམ་དུ་ཟད། དེ་དོན་དགོངས་འཇགས་འཚལ།

    Reply
  2. རྔ་བ་བསོད་དེ། says:
    ལོ་ 16 སྔོན།

    ༄༅།། བཀུར་འོས་སྐུ་ཞབས་ཕ་ཟུར་དབང་ཕྱུག་ལགས་སུ་འཚམས་འདྲི་དང་བཅས་ཞུ་དོན།

    གུས་པར་མཚོན་ན། རང་གི་མི་རིགས་དང་རིག་གཞུང་ལ་ལྷག་བསམ་ཡོད་པ་ཙམ་ལས། དེའི་སྐོར་ལ་སྦྱོང་བ་རྒྱ་ཆེན་པོ་བྱེད་པའི་ཆུ་ཚོད་དང་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་ཏག་ཏག་ཅིག་མེད་མཁན་ཞིག་ཡིན། འོན་ཀྱང༌། རང་ཉིད་ཀྱི་བསམ་ཚུལ་ཞིག་ཞུ་ཆོག་པར་གྱིས། གལ་སྲིད་བོད་གཞུང་ཟློས་གར་ཁང་འདི་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁོ་ན་རྒྱུད་འཛིན་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་ན་ནི། ང་ཚོས་ཀྱང་ཁྱེད་ཅག་གི་དམིགས་ཡུལ་དང་བྱ་བཞག་ཐམས་ཅད་ལ་ངོ་སོ་ཡར་བསྟོད་དང་རྗེས་སུ་ཡི་རང་བྱ་ངེས་ཡིན། དེ་བས་ཀྱང་སྐུ་ཉིད་ཀྱིས་གསུང་བ་བཞིན་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་དག་གི་བྱུང་རིམ་དང་བཅས་རྒྱུད་འཛིན་བྱ་དགོས་ཚུལ་ལྟར། ང་ཚོ་ལ་ཡང་དེ་ལྟར་མཁོ་ལ་རེ་ཞིང་སྒུག་ནས་ཡོད། དམིགས་བསལ་འདས་པའི་ལོ་ངོ ༥༠ རང་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། བོད་གཞུང་ཟློས་གར་ཚོགས་པའི་ངོས་ནས་སྤྱི་ཚོགས་ལ་ཞབས་ཞུ་མི་དམན་པ་ཞིག་བསྒྲུབས་ཟིན་པ་དངོས་ཡོད་རེད། ལྷག་པར་དུ་མཛད་སྒོ་ཁག་དང་དུས་ཆེན་ཁག་ཏུ། བོད་གཞུང་ཟློས་གར་ཁང་གིས་བོད་ལ་རྣམ་གཙང་གྱོན་ཞིང་བོད་ཆས་གྲལ་དག་བསྣམས་ནས་ང་ཚོ་བོད་པ་ཡོངས་ཀྱི་ཚབ་མཚོན་བྱས་པར་རྗེས་སུ་ཡི་རང་དང་ཡང་ནས་ཡང་དུ་བསྔགས་བརྗོད་ཞུ། དེ་བས་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་གཞུང་ཟློས་གར་ཁང་གིས་བོད་གཞུང་དམངས་གཉིས་ཀྱི་ཚབ་བྱས་ཏེ་རིག་གཞུང་འཁྲབ་སྟོན་དང་ཆས་གོས་འགྲེམ་སྟོན་སོགས་བྱས་པར་ཕྱོགས་ཡོངས་ནས་ང་ཚོ་ལ་ཕན་ཐོགས་མི་དམན་པ་ཞིག་བྱུང་ཡོད། རེད་དེ་ཡིན་ན་ཡང༌། བརྒྱ་ཆའི་སྟེང་ནས་བཤད་ན། བོད་གཞུང་ཟློས་གར་ཁང་གིས་བོད་མི་མང་ཚོགས་ཀྱི་འདོད་པ་ཁེངས་པའི་ཕྱག་ལས་ཤིག་གནང་མེད་ཚོད། རྒྱུ་མཚན་ནི། དེ་སྔོན་གུས་པ་རྡ་སར་ཡོད་པའི་སྐབས་སུ་མཚམས་མཚམས་སུ་ཟློས་གར་ཁང་དུ་འགྲོ་བཞིན་ཡོད་ལ། དེ་བཞིན་བོད་ཕྱི་ནང་གཉིས་ཀར་སྙན་པའི་གྲགས་པ་འབར་བའི་གཞས་མ་གྲགས་ཅན་ཨ་ཇ་པ་སངས་ལགས་ཀྱི་མདུན་དུ་ནང་མ་སྟོད་གཞས་སོགས་ཀྱི་སྐོར་ལ་ཟུར་སྦྱོང་ཡང་བྱེད་མྱོང་ཡོད། གཞན་ཡང་ཨ་མཆོག་མགོན་པོ་དོན་གྲུབ་ལགས་ཀྱི་སར་བཅར་ནས་བོད་གཞུང་ཟློས་གར་ཁང་གི་འགྲོ་ལམ་འདུ་སྟངས་མང་པོ་ཞིག་ལ་ཉམས་ཞིབ་བྱེད་མྱོང་ཡོད། འོན་ཀྱང་སྐབས་དེར་ཨ་ཇ་པ་སངས་ལགས་ཀྱིས་དྲན་སེམས་ཞེས་པའི་ཆེད་བསྒྲིགས་འོད་སྡོར་ཞིག་ཁོ་མོ་རང་གིས་མཐུན་རྐྱེན་སྦྱར་ཏེ། ང་ཚོ་མང་ཚོགས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་བར། བོད་གཞུང་ཟློས་གར་ཁང་གིས་དེ་ལ་སྐྱོན་བརྗོད་དང་འགྲིག་ལམ་དང་མི་མཐུན་ཚུལ་མང་པོ་ཞིག་བཤད་ནས་ཁོ་མོར་ཧིན་སྒོར་སྟོང་ཕྲག་ལྔ་ཙམ་གྱིས་ཁྲིམས་བཅད་ཕོག་འདུག རྐྱེན་དེ་ལ་བརྟེན་ནས་ཁོ་མོ་ཟློས་གར་ཁང་དུ་བཞུགས་འདོད་མ་བྱུང་བར་ཕྱིར་འབུད་དགོས་བྱུང་ཡོད་པ་དང༌། དེ་བཞིན་ཨ་མཆོག་མགོན་པོ་དོན་གྲུབ་ལགས་ཀྱིས་ཀྱང་སྒེར་ངོས་ནས་འགྲོ་སོང་བཏང་སྟེ་ཆེད་བསྒྲིགས་འོད་སྒེར་ཁག་ཅིག་བཏོན་པར། བོད་གཞུང་ཟློས་གར་ཁང་གིས་དེ་རིགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཕར་ཟད་སྐྱོན་བརྗོད་མང་པོ་ཞིག་བྱས་ཡོད་ལ། མཐར་ཨ་མཆོག་མགོན་པོ་དོན་གྲུབ་ཀྱང་ཟློས་གར་ཁང་དང་གཏན་དུ་བྲལ་ནས་ཕྱིན་སོང༌། གོང་གསལ་གཞས་པ་གཞན་མ་འདི་གཉིས་ནི་བོད་པའི་སྤྱི་ཚོགས་ནང་སྙན་གྲགས་ཆེ་ཤོས་དང་བག་ཆགས་ཟབ་ཤོས་ཀྱི་གྲས་སུ་ཆགས་ཡོད་དུས། འདི་རིགས་ལ་གསོ་སྐྱོང་དང་རྒྱབ་སྐྱོར་བྱེད་ཐུབ་ན། ཁྱེད་བོད་གཞུང་ཟློས་ཁང་གི་ཡང་རྒྱན་རེད་ལ། ང་ཚོ་མང་ཚོགས་ལ་ཡང་རེ་བ་བཅོལ་སའི་སེམས་རྟེན་ཞིག་ཆགས་ངེས་ཡིན། བདེན་པ་རེད། ཚོགས་པ་ཞིག་ལ་འགྲིག་ལམ་ཞིག་ཡོད་པ་ནི་ཚོགས་པ་སྤྱིའི་འགྲོ་སྟངས་རེད། ཡིན་ན་ཡང་ཕར་ཕྱོགས་དེའི་དགེ་ཕན་ལ་ལྟ་ནས་འགྲིག་ལམ་ལ་ཡང་འགྱུར་བ་འགྲོ་ཆོག་གི་རེད། མདོར་བསྡུས་ནས་བཤད་ན། སྐབས་དེའི་བོད་གཞུང་ཟློས་གར་ཁང་གི་དབུ་འཛིན་གྱིས་བོད་ཀྱི་ཟློས་གར་རིག་པའི་སྐོར་མི་ཤེས་ལ། ཞིབ་ཏུ་བཤད་ན། བོད་ཡིག་ཀྱང་ལེགས་པོ་ཞིག་ཤེས་ཀྱིན་མི་འདུག བོད་ཡིག་མི་ཤེས་པར་བོད་ཀྱི་ཟློས་གར་རིག་པའི་སྐོར་ལ་ཇི་ལྟར་ཉམས་ཞིབ་དང་རྒྱུད་འཛིན་བྱེད་ཐུབ་བམ། དབུ་འཛིན་ཞེས་པ་དེར་གང་ཞིག་གི་དབུ་རུ་བསྡད་ནས་དེའི་སྐོར་འཛིན་སྐྱོང་བྱེད་ཀྱིན་ཡོད་ན། དེ་དང་འབྲེལ་བའི་ལས་རིགས་གང་ལ་ཡང་སྦྱོང་བ་སྔོན་སོང་བྱེད་དགོས་པ་མ་ཟད། དེའི་སྐོར་ལ་དོ་སྣང་ཡང་ཡོད་མཁན་ཞིག་དགོས། ལྷག་པར་དུ་བོད་གཞུང་ཟློས་གར་ཁང་གི་མང་ཐོག་ནས་ཚོགས་པ་དེ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ན། འཛིན་སྐྱོང་བྱེད་མཁན་གྱི་མི་སྣ་དེར་ཆོལ་ཁ་ཆོས་ལུགས་ཀྱི་ནད་རྙིང་མེད་མཁན་ཞིག་ངེས་པར་དུ་དགོས། དཔེར་ན། བོད་གཞུང་ཟློས་གར་ཁང་དུ་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་རྣམས་འཛུལ་ཞུགས་བྱེད་མཁན་ཉུང་ལ་དམིགས་བསལ་ཨ་མདོའི་ཕྱོགས་ནས་འཛུལ་ཞུགས་བྱེད་མཁན་ནི་དེ་བས་ཉུང༌། ཁག་ཅིག་འཛུལ་ཞུགས་བྱས་ནས་ལོ་ཤས་རིང་བསྡད་ཀྱང༌། ཆོལ་ཁའི་འཐེན་འཁྱེར་གྱི་དབང་གིས་རང་བཞིན་གྱིས་ཕྱིར་འབུད་དགོས་བྱུང༌། དཔེ་མཚོན་ཙམ་ཞིག་བཤད་ན། དེ་སྔོན་ཨ་མཆོག་མགོན་པོ་དོན་གྲུབ་བོད་གཞུང་ཟློས་གར་ཁང་དུ་བཞུགས་སྐབས། ཁོང་ལ་ཟློས་གར་ཚོགས་མི་མང་ཆེ་བས་ཨ་མདོ་ཞེས་འབོད་ཀྱིན་ཡོད། སྐད་ཆ་བཤད་སྟངས་དེས་ཁོང་ལ་མཐུང་ཆུང་ཞིག་བྱེད་ཀྱིན་ཡོད་ཀྱང༌། མཐུང་ཆུང་གི་ཚིག་དེ་ཨ་མཆོག་མགོན་པོ་དོན་གྲུབ་ཙམ་མ་ཡིན་པར་ཨ་མདོ་བ་སྤྱི་ཡོངས་ལ་ཕོག་ངེས། གང་ལྟར་གོང་གསལ་དེ་དག་ཚང་མ་འདས་སོང་གི་ལོ་རྒྱུས་ཤིག་ཆགས་ཚར་བ་རེད། ཡིན་ན་ཡང་ཕྱི་ཕྱོགས་ནས་སྐུ་ཉིད་ཀྱིས་གང་གསུང་བ་ལྟར་བོད་གཞུང་ཟློས་གར་ཁང་འདི་ནི་བོད་ཕྱི་ནང་གཉིས་ཐད་ནས་མིག་དཔེ་ལྟ་ས་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་དང༌། བོད་ནང་གི་འཁྲབ་གཞུང་རྙིང་བ་དེ་རིགས་སྐྱར་འཁྲབ་བྱས་ཀྱང་བསྒྱུར་བཅོས་དང་བསྲེ་ལྷད་མི་བྱེད་པར་ཇི་བཞིན་དུ་རྒྱུད་འཛིན་བྱེད་ཐུབ་པའི་རེ་བ་བཅས། རྔ་བ་བསོད་དེས།

    Reply
  3. བཙན་པོ། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་པ་ལགས། གཤམ་གྱི་ཁ་བྱང་དག་ལ་གཟིགས་རོགས་གྱིས་དང་། ང་ཚོ་ལ་མཐོང་ཆུང་ག་འདྲ་ཞིག་བྱེད་ཀྱིན་འདུག ལྟད་མོ་དེ་ཚོ་མཐོང་ནས་ང་སྨྱོན་པ་འདྲ་ཞིག་ཆགས་སོང་། ངོ་མ་ཕྱི་རྒྱལ་དེ་དག་གིས་བོད་མི་རྣམས་རྩེ་ཆས་ཤིག་གི་འདུ་ཤས་ལས་བཟུང་མི་འདུག ཨ་ ཧ བོ་ ཤུ་རེ་གོ གདོན་འདྲེ་ཚོགས་པ་འདིས་ང་ཚོ་ལ་མཐོང་ཆུང་བྱེད་རྒྱུང་མང་དྲག་མེད་ན་ཉུང་གཏད་ནས་མེད།

    http://www.youtube.com/watch?v=Tg8K7-UK5Kw
    http://www.youtube.com/watch?v=E8PXbEzdBuk
    http://www.youtube.com/watch?v=IYaDnbAQz2g

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བོད་གཞུང་ཟློས་གར་ཁང་བཙུགས་ནས་ལོ་ ༥༠ འཁོར་བ་རེད། འགན་འཛིན་དབང་ཕྱུག་ལགས་ཀྱིས་ད་ཐེངས་ད་བར་གྱི་གྲུབ་འབྲས་ཕྱོགས་སྡོམ་གྱི་ཚུལ་དུ་གསུངས་འདུག ཟློས་གར་ཁང་འདིའི་གྲུབ་འབྲས་ནི་འདི་ཙམ་གྱིས་མི་ཚད་པ་ནི་མངོན་གསལ་རེད་འདོད།
    གཙོ་བོ་དེ་ནི། ཟློས་གར་ཁང་འདིའི་མ་འོངས་པའི་ཕྱོགས་ལ་འཆར་སྣང་འགའ་གསུངས་འདུག དཔེར་ན། ༡། བོད་སྤྱི་ཚོགས་ཁྲོད་ཀྱི་གཞས་པ་དང་གཞས་མའི་འགྲན་བསྡུར་ལྟ་བུ་དང་། ༢། བོད་ཀྱི་དཔེ་མཛོད་ཁང་ནང་བཞིན། ཟློས་གར་ཁང་འདི་ཡང་མ་འོངས་པར་བོད་ཀྱི་རིག་གནས་སྒྱུ་རྩལ་ལ་སློབ་སྦྱོང་བྱ་སའི་སློབ་གྲྭ་ཆེན་མོའམ་རིག་གཞུང་གི་བསྟི་གནས་ཤིག་ལ་བསྒྱུར་འདོད་པ་དེ་རེད། ༣། ད་རེབ་བོད་གཞུང་ཟློས་གར་ཁང་གིས་བོད་ཀྱི་གཞས་པ་དང་གཞས་མ་ཚོ་བལ་ཡུལ་དང་རྒྱ་གར་གྱི་རྒྱལ་ས་ཁག་ནས་བརྙན་འཁོར་དང་སྒྲ་ཕབ་བྱ་ས་འཚོལ་མི་དགོས་པར། དེའི་མཐུན་རྐྱེན་ལྟ་བུར་བོད་གཞུང་ཟློས་གར་ཁང་གིས་སྒྲུབ་འདུག ༤། བོད་གཞུང་ཟློས་གར་ཁང་གི་ཡན་ལག་ཟེར་ན་འདྲ། གང་ལྟར་གཞིས་ཆགས་ཁག་ནས་ཟློས་གར་གྱི་མི་སྣ་རྩེ་བཏོག་གིས་ཟློས་གར་ཁང་དུ་བསྡུ་རྒྱུ་ཡིན་པ་འདྲ་ཞིག་གསུངས་འདུག འདི་ཡང་གལ་ཆེན་པོ་རེད།

    ངའི་བསམ་ཚུལ་ལ་ཟློས་གར་ཁང་ནས་སྐྱེད་བསྲིངས་བྱས་པའི་དགེ་རྒན་ ༨༡ བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཡོད་པས། བོད་ཀྱི་མ་འོངས་པའི་གཞས་པ་དང་གཞས་མ་རྣམས་འཚོལ་བདེ་རུ་ཕྱིན་འདུག་ལ། དགེ་རྒན་འདི་དག་གིས་སྒྱུ་རྩལ་གྱི་མི་སྣ་དེ་དག་བོད་གཞུང་ཟློས་གར་ཁང་དང་བོད་ཀྱི་སྤྱི་ཚོགས་ལ་ངོ་སྤྲོད་བྱ་དགོས་པ་རེད། གཞིས་ཆགས་ཁག་ན་ཕལ་ཆེར་གཞོན་སྐྱེས་གཞས་པ་དང་གཞས་མ་དེ་འདྲ་ལྷག་ཡོད་ཀྱི་མ་རེད། གང་ཡོད་པ་དེ་དག་སློབ་གྲྭ་ན་ཡོད། སློབ་གྲྭ་ཁུངས་མ་འཁྱོལ་བར་ཡོད་པ་དེ་དག་སྒྱུ་རྩལ་གྱི་མི་སྣའི་གྲས་སུ་འགྲོ་གི་ཡོད་ན་སླར་ཡང་ཟློས་གར་དགེ་རྒན་དེ་དག་གིས་ཤེས་དགོས་སྟབས། བོད་གཞུང་ཟློས་གར་ཁང་གིས་གཞིས་ཆགས་ཁག་ནས་ཡན་ལག་འཛུགས་པ་ལས། སློབ་གྲྭ་ཁག་གི་ཟློས་གར་དགེ་རྒན་ཚོར་རོགས་རམ་དང་མཐུན་འགྱུར་གནང་ན་དགེ་ཕན་ཆེ་བར་འདོད།

    Reply
  5. ཨ་འབྲུག་དཀོན་མཆོག says:
    ལོ་ 16 སྔོན།

    ང་ཚོས་རིག་གཞུང་རྒྱུན་འཛིན་ཞེས་པའི་གོ་བ་མི་འདྲ་གི མི་འགའ་ཞིག་ལ་སྔ་སྲོལ་བསྐྱར་བཟློས་བྱས་ན་རྒྱུན་འཛིན་བྱེད་ཐུབ་ཀྱི་ཡོད་པ་སྣང་བ་ཡོད་པ་རེད།
    ང་ཚོས་བོད་ཀྱི་རིག་གཞུང་འཛམ་གླིང་ཕྱོགས་པ་ཞེས་པའི་གོ་དོན་ཡང་མི་འདྲ་གི
    འགའ་ཞིག་གིས་ཕྱི་རྒྱལ་ལ་བོད་ཀྱི་རྣམ་པ་ཁྲབ་སྟོན་ཞིག་བྱས་ན་དེ་འཛམ་གླིང་ཕྱོགས་པའི་གོ་དོན་ཡིན་པར་འདོད་བཞིན་འདུག
    ཁོང་ཚོས་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་སྟངས་དེ་དང་འཛམ་གླིང་ལ་ཕྱོགས་སྟངས་དེས་ཕྱི་རྒྱལ་ལ་བོད་པའི་སྣང་བརྙན་ཁྱད་མཚར་པོ་ཞིག་བསྐྲུན་འདུག
    དེང་སང་མི་ཚོས་བོད་པའི་རྣམ་པ་ཅན་གྱི་རི་མོ་ཞིག་བྲིས་ན་ཡིན་གཅིག་མིན་གཉིས་པགས་རྩག་དང་སྣམ་ལྭ་ཅན་གྱི་བགྲེས་སོང་མང་པོ་འབྲི་བཞིན་འདུག
    ་མ་གཞི་བོད་མི་རིགས་ཀྱི་ངོ་བོ་དེ་འདྲའི་རྒས་ཤིང་ཁོག་པ་ཞིག་རེད་དམ།
    ལྷག་པར་བཙན་བྱོལ་ཁྲོད་ཀྱི་རིག་གཞུང་ནི་ལྟག་ཆུ་ཆད་པའི་རྫིང་བུ་རེད།
    ཇི་སྲིད་དམངས་ཁྲོད་རིག་གནས་བསྔོག་འདོན་དང་ཕྱོགས་བསྡོམས་དེ་ཉིད་དུས་རབས་དང་གཞོན་རབས་པའི་དགའ་ཕྱོགས་དང་མཐུན་པའི་འཕེལ་རྒྱས་ལ་གཏོང་བའི་བློ་མིག་མ་འཁྲུངས་པ་དེ་སྲིད་དུ་ལས་རིགས་འདི་ཚོ་འཆར་གཞི་ཙམ་དང་རྨི་ལམ་ཙམ་ལས་མངོན་གྱུར་གྱི་ཆ་གང་ཡང་ཐོན་ཐུབ་ཀྱི་མེད།
    མདོར་བསྡུས་ན་རིག་རྩལ་གྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་མེད་ལ།
    རིག་རྩལ་རང་ཉིད་ཀྱི་འཕེལ་ཕྱོགས་ཀྱང་བོར་ཡོད། མ་གཞི་ཁག་ཡོད་པ་མ་རེད་དྲང་མོ་བཤད་ན་བཙན་བྱོལ་སྤྱི་ཚོགས་ཀྱི་ཐོག་མའི་རྨང་གདན་ནི་ཞིང་བྲན་དང་སྐུ་དྲག་གི་ལམ་ལུགས་ནས་ཐོན་པའི་མིའི་བསམ་སྤྱོད་ཀྱི་ཆ་དེ་རེད།

    Reply
  6. ཨ་འབྲུག་དཀོན་མཆོག says:
    ལོ་ 16 སྔོན།

    ང་ཚོས་རིག་གཞུང་རྒྱུན་འཛིན་ཞེས་པའི་གོ་བ་མི་འདྲ་གི མི་འགའ་ཞིག་ལ་སྔ་སྲོལ་བསྐྱར་བཟློས་བྱས་ན་རྒྱུན་འཛིན་བྱེད་ཐུབ་ཀྱི་ཡོད་པ་སྣང་བ་ཡོད་པ་རེད།
    ང་ཚོས་བོད་ཀྱི་རིག་གཞུང་འཛམ་གླིང་ཕྱོགས་པ་ཞེས་པའི་གོ་དོན་ཡང་མི་འདྲ་གི
    འགའ་ཞིག་གིས་ཕྱི་རྒྱལ་ལ་བོད་ཀྱི་རྣམ་པ་ཁྲབ་སྟོན་ཞིག་བྱས་ན་དེ་འཛམ་གླིང་ཕྱོགས་པའི་གོ་དོན་ཡིན་པར་འདོད་བཞིན་འདུག
    ཁོང་ཚོས་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་སྟངས་དེ་དང་འཛམ་གླིང་ལ་ཕྱོགས་སྟངས་དེས་ཕྱི་རྒྱལ་ལ་བོད་པའི་སྣང་བརྙན་ཁྱད་མཚར་པོ་ཞིག་བསྐྲུན་འདུག
    དེང་སང་མི་ཚོས་བོད་པའི་རྣམ་པ་ཅན་གྱི་རི་མོ་ཞིག་བྲིས་ན་ཡིན་གཅིག་མིན་གཉིས་པགས་རྩག་དང་སྣམ་ལྭ་ཅན་གྱི་བགྲེས་སོང་མང་པོ་འབྲི་བཞིན་འདུག
    ་མ་གཞི་བོད་མི་རིགས་ཀྱི་ངོ་བོ་དེ་འདྲའི་རྒས་ཤིང་ཁོག་པ་ཞིག་རེད་དམ།
    ལྷག་པར་བཙན་བྱོལ་ཁྲོད་ཀྱི་རིག་གཞུང་ནི་ལྟག་ཆུ་ཆད་པའི་རྫིང་བུ་རེད།
    ཇི་སྲིད་དམངས་ཁྲོད་རིག་གནས་བསྔོག་འདོན་དང་ཕྱོགས་བསྡོམས་དེ་ཉིད་དུས་རབས་དང་གཞོན་རབས་པའི་དགའ་ཕྱོགས་དང་མཐུན་པའི་འཕེལ་རྒྱས་ལ་གཏོང་བའི་བློ་མིག་མ་འཁྲུངས་པ་དེ་སྲིད་དུ་ལས་རིགས་འདི་ཚོ་འཆར་གཞི་ཙམ་དང་རྨི་ལམ་ཙམ་ལས་མངོན་གྱུར་གྱི་ཆ་གང་ཡང་ཐོན་ཐུབ་ཀྱི་མེད།
    མདོར་བསྡུས་ན་རིག་རྩལ་གྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་མེད་ལ།
    རིག་རྩལ་རང་ཉིད་ཀྱི་འཕེལ་ཕྱོགས་ཀྱང་བོར་ཡོད། མ་གཞི་ཁག་ཡོད་པ་མ་རེད་དྲང་མོ་བཤད་ན་བཙན་བྱོལ་སྤྱི་ཚོགས་ཀྱི་ཐོག་མའི་རྨང་གདན་ནི་ཞིང་བྲན་དང་སྐུ་དྲག་གི་ལམ་ལུགས་ནས་ཐོན་པའི་མིའི་བསམ་སྤྱོད་ཀྱི་ཆ་དེ་རེད།

    Reply
  7. འབྲོག་ཁྱི། says:
    ལོ་ 16 སྔོན།

    དེ་ཡག་པོ་འདུག་དངོས་ནས་ཟློས་གར་ཚོགས་པ་འདི་ཡར་རྒྱས་ཡག་པོ་ཞིག་གཏོང་ཐུབ་ན་དངོས་ནས་མ་འོང་པར་བོད་ཀྱི་རྩ་དོན་ལ་ཕན་གྱིས་རེད་བསམ་གྱི་འདུག།

    Reply
  8. འབྲོང་རྩེ་རྒྱལ་ says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས

    Reply
  9. མ་དྲིས་བཤད ། says:
    ལོ་ 16 སྔོན།

    ངོ་མའི་ཟློས་གར་ཚོགས་པ་འདི་རིགས་གཅིག་རྐང་འཛིན་གྱི་ཚོགས་པ་ཞིག་ཡིན་ན་ད་བར་དུ་ལད་ཟློས་དང་བསྐྱར་བཟློས་རྐྱང་རྐྱང་གི་སྒོ་ནས་ཉི་མ་འཁྱོལ་ཐབས་བྱེད་དགོས་བ་གང་ཡིན་ནམ། ཁོང་ཚོའི་ཞོ་སྟོན་དང་དབྱར་སྟོན་ཞེས་བའི་འོད་སྡེར་དེ་དག་ལ་གཟིགས་དངབོད་ནང་གཞས་སྣ་ཁ་ཤས་འདེམས་སྒྲིག་བྱས་བ་ལས་གཞན་གང་འདྲ་ཡིན་མིན་ཚང་མས་མཁཻན་གསལ་རེད། རིགས་གཅིག་རྐང་འཛིན་གྱི་ཚོགས་པའི་ལས་འགན་དེ་རྐུ་བཤུ་ཁོ་ན་མིན་ཤས་ཆེ། དུས་ད་ལྟ་བར་དུ་གཞུང་དམངས་གཉིས་ལ་བསླུ་བྲིད་ཁོ་ནས་དུས་འདའ་བ་རེད། ད་དུང་འདི་ལྟར་འགྲོ་ངེས་རེད། རིགས་གཅིག་རྐང་འཛིན་ཞེས་མིང་དེ་ཁྱེར་ནས་ངོ་མི་ཚའམ། འགོ་མཇུག་མེད་པར་སྐྱག་རྫུན་རྐྱང་རྐྱང་། ད་སུན་སྣང་སྐྱེ་གི།

    Reply
  10. མ་དྲིས་བཤད ། says:
    ལོ་ 16 སྔོན།

    ངོ་མའི་ཟློས་གར་ཚོགས་པ་འདི་རིགས་གཅིག་རྐང་འཛིན་གྱི་ཚོགས་པ་ཞིག་ཡིན་ན་ད་བར་དུ་ལད་ཟློས་དང་བསྐྱར་བཟློས་རྐྱང་རྐྱང་གི་སྒོ་ནས་ཉི་མ་འཁྱོལ་ཐབས་བྱེད་དགོས་བ་གང་ཡིན་ནམ། ཁོང་ཚོའི་ཞོ་སྟོན་དང་དབྱར་སྟོན་ཞེས་བའི་འོད་སྡེར་དེ་དག་ལ་གཟིགས་དངབོད་ནང་གཞས་སྣ་ཁ་ཤས་འདེམས་སྒྲིག་བྱས་བ་ལས་གཞན་གང་འདྲ་ཡིན་མིན་ཚང་མས་མཁཻན་གསལ་རེད། རིགས་གཅིག་རྐང་འཛིན་གྱི་ཚོགས་པའི་ལས་འགན་དེ་རྐུ་བཤུ་ཁོ་ན་མིན་ཤས་ཆེ། དུས་ད་ལྟ་བར་དུ་གཞུང་དམངས་གཉིས་ལ་བསླུ་བྲིད་ཁོ་ནས་དུ་འདའ་བ་རེད། ད་དུང་འདི་འགྲོ་ངེས་རེད། རིགས་གཅིག་རྐང་འཛིན་ཞེས་མིང་དེ་ཁྱེར་ནས་ངོ་མི་ཚའམ།

    Reply
  11. ཟུར་མཁར་ says:
    ལོ་ 16 སྔོན།

    ཕ་ཟུར་དབང་ཕྱུག་ལགས་ཀྱིས་བསྒྱུར་འདོད་ཡོད་གསུངས་པ་ལས་ཁོང་ལ་དེ་ལྟར་བསྒྱུར་རྒྱུའི་འཇོན་ཐང་ཞིག་ཨེ་ཡོད་ན། ཁོང་དྲིལ་བསྒྲགས་ནས་འཕྲོད་བསྟེན་དེ་ནས་ཟློས་གར་བར་གྱི་བྱས་པའི་རྗེས་འབྲས་ལ་དཔྱད་ན་ཁོང་ལ་དེ་ལྟ་བུའི་འཇོན་ཐང་ཞིག་ཡོད་ཀྱི་མ་རེད་གོ།

    Reply
  12. ནད་པ says:
    ལོ་ 16 སྔོན།

    ༸ གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག་བཙན་བྱོལ་དུ་འབྱོར་ནས་བོད་གཞུང་ཟློས་གར་ཚོགས་པ་འདི་གསར་འཛུགས་གནང་ནས་མི་ལོ་ལྔ་བཅུའི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་བྱ་བཞག་ཐད་ལ་ཞབས་འདེགས་གང་ཙམ་ཞུས་དང་ཞུ་བཞིན་པ་འདི་དངོས་གནས་དགའ་འོས་པ་ཞིག་རེད།

    ད་དུང་བོད་མི་རིགས་ཀྱི་གཞས་དང་ཞབས་བྲོས་མཚོན་པའི་སྒྱུ་རྩལ་འདི་རིགས་འཛམ་གླིང་མི་མང་གི་མིག་མདུན་དུ་གཟིགས་འབུལ་གང་ཙམ་ཐུབ་ན་དེས་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིག་དང་། ཀུན་སྤྱོད། ལྟ་བ། རྒྱབ་ལྗོངས། ལོ་རྒྱུས་སོགས་ཕྱོགས་ཡོངས་མཚོན་ཐུབ་པ་ཙམ་མ་ཟད་འཛམ་གླིང་མི་མང་ལའང་ཞབས་འདེབས་གང་ཙམ་ཞུ་ཐུབ་ངེས་རེད།

    དེར་བརྟེན་ང་ཚོའི་གཞོན་སྐྱེས་ཚོས་སོ་སོ་ཟློས་གར་བ་ཞིག་ཡིན་མིན་ལ་མ་བལྟོས་པར་རྒྱུན་དུ་སོ་སོའི་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཐད་ལ་དོ་སྣང་དང་། དགའ་ཞེན། གུས་བརྩི་བཅས་ཞུ་དགོས་པ་མ་ཟད་མི་རིགས་གཞན་གྱི་སྒྱུ་རྩལ་ཐད་ལའང་གུས་བརྩི་དང་ལེགས་ཆ་ལེན་ཐུབ་པ་ཞིག་བྱེད་དགོས།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྐྱོན་བརྗོད་རྐྱང་བྱས་ནས་བསྡད་ན་ཡོང་རྒྱུ་ཅང་ཡོད་ནི་མ་རེད། ཁོང་ཚོར་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཡོད་པ་གོང་དུ་འགན་འཛིན་ལགས་ནས་གསུངས་པ་བཞིན་རེད།
    ལྷག་པར་དུ་ང་ཚོ་དགའ་འོས་པའི་དོན་དག་འགའ་ནི། བོད་གཞུང་ཟློས་གར་ཁང་གིས་ད་ལྟ་ལས་གཞི་གསར་པ་ཁག་ཅིག་རྩོམ་གྱིན་པ་འདི་དག་རེད།

    Reply
  14. འཇོལ་བ་ཆོས་རྒྱལ། says:
    ལོ་ 16 སྔོན།

    ཟློས་གར་འདི་ནས་དུས་ད་ལྟ་བར་སྔ་མོར་ལྷ་ས་གྲོང་དུ་དར་སྲོལ་ཡོད་པའི་ལྷ་མོ་དང་གཞས་ཀྱི་རིགས་ཤིག་དང་། བཙན་བྱོལ་དུ་འབྱོར་རྗེས་སྟོད་པའི་ནང་མ་ཁ་ཤས་ལས་མདོ་སྟོད་སྨད་ཀྱི་ཕུན་སུམ་ཚོགས་པའི་རིག་གཞུང་ལ་དོ་སྣང་དང་རྒྱུས་མེད་པའི་སྣང་ཚུལ་ཡོངས་གྲགས་རེད།

    Reply
  15. དཀོན་མཆོག says:
    ལོ་ 16 སྔོན།

    དངོས་དོན་བཤད་ན། གཞཱུང་གི་མིང་བེད་སྤྱོད་བྱེད་ནས་སྒེར་དོན་སྒྲུབ་མཁན་ཤ་སྟག་ཏེད།
    བོད་གཞུང་ཟློས་གར་ཁང་ཟེར་བ་དེ་ཡོད་པ་ལས་རྩ་བརླག་འགྲོ་ན་ལེགས།
    བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཕར་བཞག་རྩ་བརླག་གཏོང་མཁན་དག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese