མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་དེ་རྒྱ་ནག་གི་ནང་སྲིད་རེད་དམ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་བྷེ་བྷེ་སིའི་རྒྱ་ཡིག་ཚན་པས་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སླེབས་མ་ཐག སྲིད་དོན་དབྱེ་ཞིབ་པ་དག་གིས་དགོངས་འཆར་སྣ་ཚོགས་བཏོན་ཡོད་ལ། རྒྱ་ནག་ཞིན་ཧྭ་གསར་ཁང་གཙོས་པའི་རྒྱ་ཡིག་གསར་གནས་ཁག་ཅིག་གིས་ཀྱང་། ཕྱོགས་འགོད་རེ་བྱས་ཏེ་འགྲེལ་བརྗོད་སྣ་ཚོགས་བརྒྱབས་ཡོད། གནས་ཚུལ་དེའི་ཁ་བྱང་དང་ནང་དོན་གཉིས་བར་འགལ་བ་ཅུང་སླེབས་ཡོད་ལ། ལྷག་པར་དུ་གསར་ལམ་གཞན་གྱིས་ལུང་འདྲེན་དང་བརྒྱུད་འགོད། དཔྱད་གཏམ་སྤེལ་བ་བཅས་བརྒྱུད་དེ་གསར་འགྱུར་དེའི་ནང་དོན་དངོས་ལའང་འགྱུར་བ་ཕྱིན་ཡོད།

 

ཕྱི་ཚེས་ ༦ ཉིན་བྷེ་བྷེ་སིའི་རྒྱ་ཡིག་ཚན་པས་༧གོང་ས་མཆོག་ལ་བོད་དང་ཡུ་གུར་གཙོས་པའི་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད་ལ། ཉིན་དེར་འཛམ་གླིང་གང་ས་ནས་བྷེ་བྷེ་སིའི་དྲ་གྲོགས་ཚོས་ཐད་ཀར་༧གོང་ས་མཆོག་ལ་དྲི་བ་བཏོན་པར་ལན་འདེབས་ཀྱང་གནང་ཡོད། གླེང་གཞི་གཙོ་བོ་ཐེངས་འདིའི་བཅར་འདྲིའི་སྐབས། ༧ཏཱ་ལའི་བླ་མས་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་སྐོར་གླེང་ཡོད་མེད་དང་། གླེང་ཡོད་ན་ནང་དོན་དང་རྣམ་པ། བརྒྱུད་རིམ་སྔ་ཕྱི་གང་འདྲ་ཞིག་གི་ཐོག་ནས་གླེང་ཡོད་པ་དང་། དེ་ལ་དོན་དངོས་ཀྱི་གོ་བ་ལེན་སྟངས་དང་འགྲེལ་བརྗོད་བྱ་སྟངས་གང་ཡིན་པ་དེ་རེད། དེ་ནི་མདོ་བསྡུས་ན་རིགས་གསུམ་ལ་གཏོགས་ཤིང་། དང་པོ། བྷེ་བྷེ་སིའི་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཁྲིན་ཧྲི་རོན་གྱིས་༧གོང་ས་མཆོག་ལ་དངོས་སུ་བཅར་འདྲི་ཞུས་པ་ཁག་ཕྱི་ཚེས་ ༡༠ ཉིན་དྲ་ཐོག་ལ་སྤེལ་བ། ཁ་བྱང་ལ ༼ ཏཱ་ལའི་བླ་མས་བྷེ་བྷེ་སིའི་རྒྱ་ཡིག་དྲ་བའི་བཅར་འདྲི་དང་ལེན་བྱས ༽ཞེས་པ་དེ་དང་། གཉིས་པ། བཅར་འདྲིའི་ཉིན་བྷེ་བྷེ་སིའི་དྲ་གྲོགས་ཚོས་དྲ་བ་བརྒྱུད་འཛམ་གླིང་གང་ས་ནས་ཐད་གཏོང་དྲི་བ་བཏོན་པ་ཁག་ཚེས་ ༡༠ ཉིན་དྲ་ཐོག་ལ་སྤེལ་བ། ཁ་བྱང་ལ་ ༼ ཏཱ་ལའི་བླ་མ་དང་རྒྱ་ཡིག་དྲ་བའི་དྲ་གྲོགས་བར་གྱི་གླེང་མོལ ༽ ཞེས་པ། གསུམ་པ། ཐེངས་འདིའི་བཅར་འདྲིའི་ནང་དོན་ཐད། བྷེ་བྷེ་སིའི་དཔྱད་གཏམ་པ་དག་གིས་ཕྱི་ཚེས་ ༡༣ ཉིན་དཔྱད་གཏམ་སྤེལ་བ། ཁ་བྱང་ལ། ༼ ཏཱ་ལའི་བླ་མས་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་སྐོར་གླེང་བ ༽ བཅས་རེད།

 

དང་པོ། ཕྱི་ཚེས་ ༦ ཉིན་བྷེ་བྷེ་སིའི་རྒྱ་ཡིག་ཚན་པའི་རྩོམ་སྒྲིག་པ་ཁྲིན་ཧྲི་རོན་གྱིས་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པ། ཁ་བྱང་ལ་༼ ཏཱ་ལའི་བླ་མས་བྷེ་བྷེ་སིའི་རྒྱ་ཡིག་དྲ་བའི་བཅར་འདྲི་དང་ལེན་བྱས ༽ ཞེས་པ་དེར་ཁྱོན་བསྡོམས་དྲི་བ་ ༢༠ བཀོད་ཡོད་པ་དང་། དྲི་བ་བཅུ་གསུམ་པར་གསར་འགོད་པས། ང་ཚོ་བྷེ་བྷེ་སི་གསར་ཁང་གིས་བཏང་བའི་བོད་གནས་ཕྱོགས་སྡོམ་ཞིག བདུན་ཕྲག་སྔོན་མར་རྒྱ་ནག་དབུས་བརྙན་འཕྲིན་ཁང་ནས་བསྐྱར་སྟོན་བྱས་སོང་། དེ་ནི་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ། ཞེས་དྲིས་པའི་ལན་དུ་༧གོང་ས་མཆོག་གིས། གལ་སྲིད་དེ་འདྲ་ཡིན་ན། ང་ཚོ་འགྲོ་བ་མི་ཞིག་ཡིན་སྟབས། བརྡ་ལན་ཟུར་སྟོན་བྱ་རྒྱུ་མ་ཡིན་པར་ཐད་ཀར་འབྲེལ་བ་བྱ་དགོས་པ་རེད། ང་ཚོར་ག་དུས་ཡིན་རུང་གྲ་སྒྲིག་ཡོད། ད་དུང་གནད་འགག་ཅིག་ལ། རྒྱ་ནག་གཞུང་ཕྱོགས་ནས་དུས་རྒྱུན། བོད་ཀྱི་གནད་དོན་དེ་ནང་སྲིད་གྱི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ང་ཚོས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱིན་ཡོད། ༡༩༦༥ ལོའི་ཡར་སྔོན་དུ་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་བོད་དོན་སེལ་རྒྱུར་རེ་བ་བརྒྱབས་པ་ཡིན། མཐར་སྤྱི་ལོ་ ༡༩༦༥ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་སྐོར་ལ་ཐག་གཅོད་ཅིག་བྱུང་ཡོད། འོན་ཀྱང་། དེ་ནི་རིག་གསར་གྱི་སྐབས་དང་འཁེལ་ཡོད་སྟབས། དོན་འཁྱོལ་བྱ་རྒྱུ་ཁག་པོ་རེད། ཡག་ཤོས་ཐད་ཀར་གྲོས་མོལ་བྱ་རྒྱུ་དེ་རེད། དེར་བརྟེན། ང་ཚོས་དབུ་མའི་ལམ་ལ་གོ་བསྡུར་བྱས་ཏེ་མཐར་ ༡༩༧༤ ལོར་གཏན་འབེབས་བྱས་པ་ཡིན། ཞེས་བཀའ་ལན་གནང་འདུག

 

གཉིས་པ། བཅར་འདྲིའི་ཉིན་དེར་འཛམ་གླིང་གང་ས་ནས་བྷེ་བྷེ་སིའི་དྲ་གྲོགས་ཚོས་ཐད་གཏོང་དྲི་བ་བཏོན་པ། ཁ་བྱང་ལ། ༼ ཏཱ་ལའི་བླ་མ་དང་རྒྱ་ཡིག་དྲ་བའི་དྲ་གྲོགས་བར་གྱི་གླེང་མོལ ༽ ཞེས་པ་ལས་རྒྱ་ནག་ཧྲན་ཞི་ནས་བཏང་འབྱོར་བྱུང་བའི་དྲི་བ་ཞིག་ཏུ། བོད་དང་སོག་པོ། ཡུ་གུར་ཚང་མ་རྒྱ་ནག་ཀྲུང་ཧཱ་མི་རིགས་ཀྱི་ཁོངས་སུ་ངོས་ལེན་བྱེད་ཀྱིན་ཡོད་དམ། ཞེས་༧གོང་ས་མཆོག་ལ་དྲི་བ་གནང་བའི་ལན་དུ་ཁོང་གིས། ང་རང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་འདི་ལ་དགའ་བོ་ཡོད། དེ་ནི་འདས་པའི་ལོ་རྒྱུས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཆ་ནས་གླེང་གི་མེད་པར། སྤྱི་མཐུན་གྱི་ཁེ་ཕན་ཞིག་གི་ཆེད་དུ་གླེང་གི་ཡོད། དེར་བརྟེན། ལམ་སྲོལ་འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཆགས་ཡོད། ངས་སྔོན་མ་ནས་ཡུ་རོབ་ཀྱི་འགྲོ་སྟངས་དེ་ལ་མོས་མཐུན་བྱེད་ཀྱིན་ཡོད། མི་རིགས་དང་ཆོས་ལུགས། རྒྱལ་ཁབ་བཅས་ལ་ས་མཚམས་མེད་པར་ཚང་མས་སྤྱི་མཐུན་གྱི་ཁེ་ཕན་ཞིག་ལ་བརྩོན་ལེན་བྱེད་ཀྱིན་ཡོད། ང་ནང་པའི་དགེ་སློང་ཞིག་ཡིན་སྟབས། ཆོས་ལུགས་ཀྱི་ངོས་ནས་ཀྱང་། མི་ལ་རིགས་རྒྱུད་དང་མི་རིགས་ཀྱི་དབྱེ་བ་མེད། རྒྱ་དང་བོད། རྒྱ་གར་བ་དང་ཡུ་རོབ་པ་གང་ཞིག་ཡིན་རུང་། ཚང་མར་དབྱེ་བ་མེད་པར་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན། ཞེས་བཀའ་ལན་གནང་ཡོད་པ་རེད།

 

གསུམ་པ། ཐེངས་འདིར་བྷེ་བྷེ་སིའི་རྒྱ་ཡིག་ཚན་པས་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པའི་ནང་དོན་ཐད། དཔྱད་གཏམ་པ་དག་གིས་དཔྱད་གཏམ་སྤེལ་བ། ཁ་བྱང་ལ་ ༼ ཏཱ་ལའི་བླ་མས་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་སྐོར་གླེང་བ ༽ ཞེས་པར། ཐེངས་འདིར་བོད་མིའི་དབུ་ཁྲིད་༧ཏཱ་ལའི་བླ་མས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ནང་སྲིད་ཀྱི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ང་ཚོའི་ངོས་ནས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་གསུངས་འདུག ཁོང་གིས་དུས་ཡུན་རིང་པོའི་གོང་ནས་བོད་དོན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་སེལ་རྒྱུར་ཐུགས་རེ་གནང་གིན་ཡོད། འོན་ཀྱང་། སྔར་ལོ་བོད་ཁུལ་དུ་བྱུང་བའི་དོན་རྐྱེན་དེས་བོད་པའི་མི་རབས་གསར་བའི་གཞོན་སྐྱེས་ཚོར་༧ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེར་འདོད་པ་ཁེངས་གི་མེད་པ་མཚོན་ཐུབ། ཅེས་དང་། ༧ཏཱ་ལའི་བླ་མ་མི་འགྱངས་པར་གྲོངས་སྲིད་ཀྱང་། བོད་དོན་དེ་དུས་ཡུན་ཐུང་ཐུང་ནང་རྫོགས་འགྲོ་བ་ཞིག་མིན་པར། ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་གོང་ནས་བརྒྱུད་འོང་བའི་ཆོས་དང་རིག་གཞུང་ལ་འབྲེལ་ཡོད་སྟབས། མ་འོངས་པའི་མི་རབས་གསར་བ་ཚོས་ལམ་ཁ་གང་ཞིག་འདེམ་སྲིད་པ་དང་བྱ་བ་གང་ཞིག་བསྒྲུབ་སྲིད་པ་ཚོད་དཔག་བྱ་དཀའ་བ་ཞིག་རེད། ཅེས་༧ཏཱ་ལའི་བླ་མས་ཡང་ཡང་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་ཡོད། ད་ལྟ་རྒྱ་གཞུང་གིས་བོད་ཁུལ་འཛུགས་སྐྲུན་བྱེད་པ་དེར་༧ཏཱ་ལའི་བླ་མས་མོས་མཐུན་གནང་གིན་ཡོད་མོད། དེ་བས་ཀྱང་གལ་ཆེ་ཤོས་ནི། ཆོས་ལུགས་དད་མོས་རང་དབང་དང་སྨྲ་བརྗོད་རང་དབང་ལ་ངོས་འཛིན་བྱེད་ཀྱིན་ཡོད། བཅས་སོགས་བརྗོད་འདུག

 

ཡང་ཕྱི་ཚེས་ ༡༢ ཉིན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་གོང་གི་གནས་ཚུལ་དེ་དང་འབྲེལ་ཏེ། བྷེ་བྷེ་སི་གསར་ཁང་ལ་དོགས་པ་དང་སྐྱོན་བརྗོད་བྱས་དོན། ཏཱ་ལའི་བླ་མ་ཉེ་ལམ་ཡུ་རོབ་རྒྱལ་ཁབ་མི་ཉུང་བར་ཕྱིན་སྐབས་དགའ་བསུ་དེ་ཙམ་མ་ཐོབ་པར། མུ་མཐུད་གཞོགས་འདེགས་དང་ཤུགས་རྐྱེན་ཇེ་ཆེར་གཏོང་ཆེད། དབྱིན་ཇིའི་བྷེ་བྷེ་སི་ (BBC) གསར་ཁང་གིས་ཏཱ་ལའི་བླ་མར་བཅར་འདྲི་བྱས་པ་མ་ཟད། དྲ་བ་བརྒྱུད་དེ་ཀྲུང་གོ་བར་ཏཱ་ལའི་བླ་མར་དྲི་བ་འདྲི་བའི་བྱེད་སྒོ་སྤེལ་བ་རེད། ཏཱ་ལའི་བླ་མའི་དྲིས་ལན་དང་དབྱིན་ཇིའི་རླུང་འཕྲིན་ཁང་གི་བྱེད་སྒོ་དེར་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བ་རྣམས་དོགས་པ་ཟ་བཞིན་ཡོད། དབྱིན་ཇིའི་རླུང་འཕྲིན་ཁང་གི་དྲ་བའི་སྟེང་། ཁ་བྱང་ལ་༼ ཏཱ་ལའི་བླ་མས་བོད་ལྗོངས་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པའི་སྐོར་གླེང་བ ༽ ཞེས་པའི་རྩོམ་ཡིག་དེའི་ནང་དོན་ནི་སྔར་བཞིན་ཏཱ་ལའི་བླ་མས་དབུ་མའི་ལམ་ཞེས་པ་བརྒྱ་བཤད་སྟོང་བཤད་བྱས་ཡོད་པ་དེ་རེད། ཅེས་དང་།

 

དེར་མུ་མཐུད་དུ་བཀོད་དོན། ཏཱ་ལའི་བླ་མས་བོད་དང་སོག་པོ། ཡུ་གུར་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་མིན་སྐོར་གྱི་དྲི་བ་ཞིག་ལ་ལན་འདེབས་གནང་སྐབས། ཆོས་ལུགས་ལྟར་ན། མི་ལ་རིགས་རྒྱུད་དང་མི་རིགས་ཀྱི་དབྱེ་བ་མེད་ཅིང་། ཁྱེད་རང་རྒྱའམ་བོད། ཡང་ན་རྒྱ་གར་བ་དང་ཡུ་རོབ་པ་གང་ཞིག་ཡིན་ཡང་། ཚང་མར་དབྱེ་བ་མེད། ཅེས་བརྗོད་ཡོད་ཀྱང་། ཁོའི་ལྟ་བ་དེར་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བས་དོགས་པ་ཟ་བཞིན་ཡོད། ཁེ་ན་ཊའི་དྲ་དམངས་ཤིག་གིས། དབྱིན་ཇིའི་རླུང་འཕྲིན་ཁང་གིས་ཐེངས་འདིར་གནད་དོན་གལ་ཆེན་ལ་གཡོལ་ཐབས་བྱས་ཏེ། ཏཱ་ལའི་ཡར་འདེགས་ཐབས་བྱས་པ་ལས། མི་མང་གིས་སེམས་ཁུར་བྱེད་ཀྱིན་པའི་གནད་དོན་ཅི་ཡང་གླེང་མི་འདུག ཅེས་བཤད་ཡོད་ལ། ཨ་རིའི་དྲ་དམངས་ཤིག་གིས། ཏཱ་ལའི་བླ་མར་མཚོན་ན། ལམ་ཡང་དག་པ་དགོན་པའི་ནང་འགྲོ་རྒྱུ་དེ་རེད། ཁོས་མི་རྣམས་ལ་མགོ་སྐོར་གཏོང་ཐུབ་སྙམ་གྱིན་ཡོད་ན་ཡང་། དོན་དངོས་སུ་ཁོ་ནི་ནུབ་ཕྱོགས་ཀྱི་སྲིད་དོན་པ་རྣམས་ཀྱིས་ཀྲུང་གོ་མགོ་རྟིང་སློག་པའི་རེ་ངན་འགྲུབ་ཐབས་བྱེད་པའི་ལག་ཆ་ཁོ་ན་ཡིན། ཞེས་བཀོད་འདུག

 

གོང་གི་གནས་ཚུལ་དེའི་ཐད་ཕྱི་ཚེས་ ༡༧ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སྐུ་སྐེར་ཡིག་ཚང་ལ་འབྲེལ་བ་གནང་སྟེ། གནས་ཚུལ་དེའི་སྐོར་མཁྱེན་རྟོགས་ཡོད་མེད་དང་། དེ་ལ་ངོས་འཛིན་གང་འདྲ་ཡོད་མེད་བཅར་འདྲི་ཞུས་སྐབས། སྐུ་སྒེར་དྲུང་ཆེ་རྣམས་མི་བཞུགས་སྟབས་གསར་འགྱུར་འབྲེལ་མཐུད་པ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་ལན་འདེབས་གནང་དོན། བྷེ་བྷེ་སིའི་གསར་འགྱུར་དེའི་མགོ་བརྗོད་དང་ནང་དོན་གཉིས་འབྲི་སྟངས་ཅུང་ཁྱད་མཚར་ཞིག་རེད། སྤྱིར་གནས་ཚུལ་དེ་གསར་བ་གང་ཡང་མ་རེད། ༧གོང་ས་མཆོག་གིས་སྔོན་མ་ནས། ང་ཚོས་རང་བཙན་རྩོད་གི་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་འདུག་འདོད་ཡོད། ད་ལྟའི་བོད་རྒྱའི་དཀའ་རྙོག་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་འོག་ནས་སེལ་དགོས། ཞེས་བཀའ་གནང་གིན་ཡོད་པ་དེ་དང་གཅིག་མཚུངས་རེད། འོན་ཀྱང་། ཐེངས་འདིར་གནས་ཚུལ་དེ་འབྲི་སྟངས་ཀྱི་དབང་གིས་གང་བྱུང་མང་བྱུང་ཞིག་ཆགས་འདུག ཅེས་གསུངས་ཏེ་ཞིབ་ཕྲའི་གནས་ཚུལ་སྐུ་སྒེར་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་རྔ་བ་ཚེ་རྒྱམ་ལགས་སུ་འདྲི་རོགས། ཞེས་གསུངས་སོང་། ཡང་བསྐྱར་ཁ་པར་བརྒྱུད་རྔ་བ་ཚེ་རྒྱམ་ལགས་སུ་འབྲེལ་བ་ཞུས་སྐབས་ཁོང་རྒྱལ་ས་ལྡི་ལིར་བཞུགས་འདུག་ལ། མི་འགྱངས་པར་ལ་དྭགས་སུ་སྐྱོད་འཆར་འདུག་སྟབས། ཞིབ་ཕྲའི་གནས་ཚུལ་ཕྱི་ཚེས་ ༢༢ ཉིན་ལྭ་དྭགས་སུ་འབྱོར་འཕྲལ་གསལ་བཤད་གནང་ཆོག ཅེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༤ སྔོན་ལ།

མཆན། 31

  1. ཨ་ཆོས་འཛིན། says:
    ལོ་ 16 སྔོན།

    ང་ཚོས་གཞི་རྩའི་གནས་ཚུལ་གང་ཡིན་ལ་ཞིབ་དཔྱོད་མེད་པར་འོལ་ཚོད་ཀྱི་གཡམ་རྒྱུགས་ཁོ་ན་བྱེད་པ་ཤེས་ཡོན་པས་ལས་འགན་ཡིན་ནམ།

    Reply
  2. sher says:
    ལོ་ 16 སྔོན།

    ཁྱོད་སྐད་ཡིག་གཉིས་པའི་ཤེས་ཚད་ངས་ཧ་གོ་གི་མ་རེད་དྲན་སོང་བས་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  3. དཔལ་ལྡན་རྒྱལ། says:
    ལོ་ 16 སྔོན།

    མོས་མཐུན་ཡོད་འོན་ཀྱང་བསམ་ཚུལ་རྗོད་རྒྱུ་ཁ་ཤས་ཡོད།

    Reply
  4. དཔལ་ལྡན་རྒྱལ། says:
    ལོ་ 16 སྔོན།

    ༼བྱང་ཆུབ༽ཏུ་བཅོས

    Reply
  5. དཔལ་ལྡན་རྒྱལ། says:
    ལོ་ 16 སྔོན།

    ལྷ་དང་མིའི་རྣམ་འདྲེན་ངོ་མ་རེད་།བྱང་བར་་སྐྱབས་སུ་མཆི་རྗེས་སུ་ཟུངས་གས།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    གུས་པས་དྲ་གྲོགས་སངས་རྒྱས་ཆོས་འཕེལ་ལགས་ཀྱི་བསམ་ཚུལ་དེར་མོས་མཐུན་ཡོད། བོད་འདི་རྒྱ་ནག་གི་ནང་སྲིད་རེད་དམ་ཞེས་ན། ༸གོང་ས་མཆོག་གི་ལམ་དབུ་མའི་གོ་དོན་རྟོགས་པ་དང་དེ་ལ་རྒྱབ་སྐྱོར་ཡོད་མཁན་ཞིག་གི་ངོས་ནས་བཤད་ན་བོད་དོན་འདི་རྒྱ་ནག་གི་ནང་སྲིད་ཡིན་པ་མ་ཟད་ནང་སྲིད་ཀྱི་ལས་དོན་འདི་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་གཞིག་ནས་ཐག་གཅོད་ཡག་པོ་བྱ་བའི་དུས་ལ་བབས་འདུག་པར་འདོད། ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་ཡིན་ནའང་འདྲ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་སང་དེ་རིང་བོད་དོན་རྒྱབ་སྐྱོར་གནང་བའི་དམིགས་ཡུལ་ཡང་རུང་གཙོ་བོ་༸གོང་ས་མཆོག་གི་འཚེ་བ་མེད་པའི་དབུ་མའི་ཐབས་ལམ་འདི་གདམས་པར་བོད་མི་དམངས་གཅིག་སྒྲིལ་གྱིས་མོས་མཐུན་རྒྱབ་སྐྱོར་གནང་བའི་འབྲས་བུ་རེད། ང་ཚོའི་ད་ལྟའི་འཐབ་རྩོད་དེ་རྒྱ་ནག་དབུས་གཞུང་གིས་གྲངས་ཉུང་མི་རིགས་ལ་ལག་ལྟར་བྱས་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེ་བཅོས་བསྒྱུར་གྱི་ཆེད་གཅིག་པོ་མ་རེད། ང་ཚོའི་ཀྲུང་ཧྭ་སྤྱི་མཐུན་གྱི་སྒྲོམ་གཞིའི་ནང་གི་ཁྱིམ་ཚང་ཆེན་པོ་ཞིག་ལ་རྩོད་ལེན་བྱ་བར་དམིགས་གསལ་ཚོགས་ཆེན་སྟེང་དུ་འང་མང་མོས་གྲོས་མཐུན་བྱུང་ཡོད་། ཁྱིམ་ཆེན་དེ་ནི་སྔོན་བོད་རྒྱ་གཉིས་བར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་དང་ཁྱབ་ཆེ་ཆུང་དང་དུས་སྐབས་སོགས་གང་ཅི་ཐད་ན་ཁྱད་པར་ཆེན་པོ་ཡོད་པ་མི་ཉུང་ཤས་ཤིག་གིས་གོ་བ་ལོན་མེད་པ་འདྲ། ད་དུང་བོད་རང་སྐྱོང་ལྗོངས་དང་ད་ལྟའི་ཆེའི་མཐོའི་རང་སྲིད་རང་སྐྱོང་གཉིས་པོར་ལྟ་ཚུལ་གཅིག་ཏུ་འཛིན་མཁན་ཡང་རེ་ཟུང་འདུག། ང་ཚོ་ལ་རང་བཙན་རྩོད་པའི་ཐོབ་ཐང་ཡོད་པའི་རྐྱེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་དེ་ལ་རྒྱབ་སྐྱོར་བ་ཉུང་ཤས་ཡོད་ཀྱི་རེད་མ་གཏོགས་གཞོན་ཚོགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཚོའི་རོགས་དངུལ་གང་ནས་ཡོང་། ཡིན་ནའང་ང་ཚོས་བོད་ནང་རྩོམ་པ་པོ་རེ་ཟུང་དང་བསམ་བློ་བ་རེ་ཟུང་ཡང་ན་རང་བཙན་རྩོད་ལེན་པ་རེ་ཟུང་གིས་བོད་མི་ས་དྲུག་གི་ཚབ་བྱེད་ཐུབ་ཀྱི་མ་རེད་ལ་ནུས་པ་ཡང་ཡོད་ནི་མ་རེད། ༸བོད་མི་ས་དྲུག་གི་འཚབ་བྱེད་པའི་ནུས་པ་སུ་ལ་ཡོད་ན་དེ་ལ་མཁྲེགས་འཛིན་མེད་པར་མཐའ་གཅིག་གིས་རྒྱབ་སྐྱོར་བྱས་པ་དང་བྱ་བ་དེ་དམངས་གཙོ་དང་ཡོངས་དུ་མཐུན་པ་ཞིག་རེད། བོད་པའི་སྤྱི་ཚོགས་ནང་དུ་རྩོམ་པ་པོའམ་བསམ་བློ་བ་རེ་ཟུང་ཡོད་རེད། དེའི་གྲངས་ཀ་དེ་བོད་མི་ས་ཡ་དྲུག་པོའི་ནང་ལ་མཚོན་ན་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་རེད། བོད་མི་སྤྱིའི་མི་འབོར་གྱི་བརྒྱ་ཆ་དྲུག་ཅུའི་ཡན་ཆད་ད་དུང་ཡིག་རྨོངས་ཙམ་སེལ་མེད་པ་དངོས་ཡོད་རེད། ཡིག་རྨོངས་ཙམ་སེལ་མེད་པའི་སྤྱི་ཚོགས་ཤིག་གི་ནང་དུ་ཁྱོད་བསམ་བློ་བའམ་རྩོམ་པ་ཞིག་སོང་ནས་བརྒྱ་བཤད་སྟོང་བཤད་བྱས་རུང་སྤྱང་ཀིས་ཆོས་བཤད་ལ་གོ་བ་མ་གཏོགས་ཡིད་ཆེས་བྱ་མཁན་ཧ་ཅང་ཉུང་ཉུང་ཡིན་གྱི་རེད། དེ་བས་སྐྱ་མིན་སེར་མིན་ཞིག་སོང་ལ་མོ་རྩིས་ལུང་གསུམ་གྱིས་ལྷ་མཐོང་འདྲེ་མཐོང་བཤད་ཤེས་ན་ཁེ་བཟང་ཡག་པོ་རེག་གི་རེད། ནང་ཆོས་ལ་ལྷག་་བསམ་རྣམ་དག་གིས་དད་པ་བྱེད་པའི་མི་རིགས་ཤིག་ལ་མཚོན་ན་རྨོངས་དད་འདི་འདྲ་ཡོད་ན། མཚན་སྙན་གྱི་བ་དན་ས་སྟེང་ལ་ཁྱབ་པའི་༸གོང་ས་མཆོག་ལྟ་བུ་ཞིག་ལ་དད་གུས་ག་འདྲ་ཡོད་པ་མིག་མཐོང་ལག་ཟིན་རེད། རྒྱུ་མཚན་དེ་ལ་བསྟེན་ནས་རྩོམ་པ་པོ་ཡིན་ཡང་ཆོག་བསམ་བློ་སུ་ཡིན་རུང་གོང་གི་༸གོང་ས་མཆོག་ལ་རམ་འདེགས་གང་ནུས་དང་འོག་གི་མི་དམངས་ཀྱི་བསམ་བློར་རྩི་འཇོག་བྱ་བར་ཧ་ཅང་གལ་བར་མཐོང་། རྟོགས་པ་མཁའ་དང་མཉམ་ཡང་སྤྱོད་པ་མི་དང་མ་བསྟུན་ན་སྡུག་སྨྲེ་རྐྱང་རྐྱང་གིས་མི་ཚེ་རྫོགས་པ་ལས་དངོས་ཡོད་ཀྱི་བོད་མི་དམངས་ལ་ཞབས་ཞུ་གང་ཡང་ནུས་ཀྱི་མ་རེད་འདོད། བསམ་བློ་བ་སུ་ཞིག་ཡིན་ན་ཁྱོད་ཀྱིས་དངོས་ནས་བོད་མི་དམངས་ལ་ཞབས་འདེགས་ལེགས་པོ་ཞིག་འདོད་ན་ཐོག་མར་བོད་མི་ས་ཡ་མང་པོའི་ཡིག་རྨོངས་དེ་ག་འདྲ་བྱེད་ན་སེལ་ཐུབ་ས་རེད་དེའི་ཕྱོགས་སུ་ལམ་སྟོན་དང་རྩོམ་ཡིག་སྣ་ཚོགས་སྤེལ་ན་མ་གཏོགས། ཁྱོས་རྩོམ་ཞིག་འབྲི་ཤེས་པ་ཙམ་གྱིས་ཁ་ཕྱིར་འཁོར་ནས་དུད་འགྲོ་ཀླད་རྙིང་ལ་སོགས་ཀྱིས་རིགས་གཅིག་སྤུན་ཟླ་ཚོར་མཐོང་ཆུང་དང་ཟུར་ཟ་བྱེད་གང་ཐུབ་ཅིག་གི་ཕན་ཐོགས་ག་རེ་ཡོད། རང་གི་ལྟ་བ་གླེང་ཆོག་གི་རེད ང་རང་ལ་མཚོན་ན་ངའི་ལྟ་བ་རང་བཙན་རྩོད་ལེན་དང་ད་དུང་དྲག་སྤྱོད་ཀྱི་ལས་འགུལ་ཡིན་པས། དེའི་ཕྱོགས་་ཀྱི་ལྟ་བ་བརྗོད་ཀྱི་རེད ཡིན་ནའང་ངས་དམངས་གཙོ་དང་བསྟུན་དགོས་པ་དེ་ང་རང་གི་ལྟ་བ་ལས་ཀྱང་གལ་ཆེ་བར་མཐོང་། མི་མང་གི་བསམ་བློའི་རྟོགས་པ་སད་ཡོད་ཀྱང་མེད་ཀྱང་དམངས་དང་བསྟུན་པའི་བློ་དང་ནུས་པ་མེད་ན། ཨོ་དུས་མིང་ལ་ཨུ་ཚུགས་ཅན་མཁྲེགས་འཛིན་ཅན་རེད། ཡང་བསྐྱར་གཅིག་བཤད་ན་བོད་མི་ས་ཡ་དྲུག་གི་བརྒྱ་ཆའི་དགུ་བཅུ་ཡན་གྱིས་༸གོང་ས་མཆོག་གི་གསུངས་ལ་མཐའ་གཅིག་གིས་ཡིད་ཆེས་དང་རྩི་འཇོག་ཡོད་པ་ནང་བཞིན། གུས་པར་མཚོན་ན་༸གོང་ས་མཆོག་གིས་བྷི་བྷི་སུའི་བཀའ་ལན་སྐབས་ཀྱི་ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞི་གཅིག་ཅེས་སྔོན་གསུང་མྱོང་ཡོད་པར་ད་ལྟ་དོན་སྔོན་དང་འདྲ་ཡང་་གསུངས་ཚིག་མ་འདྲ་བ་དེ་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད་པ་ལས་ཐེ་ཚོམ་དོགས་པ་རྩ་བ་ནས་མེད། དེ་མིན་དུས་བབས་ལ་སོགས་ཀྱི་དྲ་ཐོག་གི་དྲ་གྲོགས་རྣམ་པར་གུས་པའི་བཤད་ལ་དགའ་བའི་ཁབ་མིག་གི་བསམ་བློའམ་སྐད་ཆ་འགས་ཕོག་ཐུག་རེ་སོང་ཡོད་ན་དགོངས་དག་ཞུ། མཐར་དོན་དྲ་ཐོག་གི་སྤུན་ཟླ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ

    Reply
  7. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    དག་བཅོས། ཕྱི་རྒྱལ་བ་སུ་གང་གིས་བོད་མི་ལ་རང་དབང་དེ་སྤྲད་ཐུབ་ཀྱི་མེད་པ་དེ་ཤེས་དགོས།

    Reply
  8. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    ད་རེས་གླེང་སློང་འདི་དབུ་མའི་ལམ་གྱི་གསལ་བཤད་དང་། བོད་དོན་དུ་འབྲེལ་བ་ཆེ་ཤོས་སུ་སྣང་། ༧གོང་ས་སྐྱབས་མགོན་ཆེན་པོས་བོད་དོན་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ལ་སྤྱི་མཐུན་གྱི་ཁེ་ཕན་གྱི་ཆེད་དུ་ཞལ་བཞེས་གནང་རྒྱུར་བློ་ཐག་སྦད་དུ་བཅད་ནས། དབུ་མའི་ལམ་གྱི་ཆབ་སྲིད་དེ་སློབ་སྟོན་བྱས་ནས། མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དེ་ལ། བཙན་བྱོལ་གྱི་་མི་ཆབ་སྲིད་ཀྱི་གོ་རྟོགས་ཞན་མཁན་རྣམས་དང་། རྒྱ་གཞུང་གཉིས་ཆར་གྱིས་༧ གོང་ས་མཆོག་གི་ཆབ་སྲིད་ཀྱི་ལྟ་བ་དེ་གསལ་བཤད་ཇི་ཙམ་བྱས་ཡང་ད་དུང་ཀླད་རྙིང་གིས་སླད་ནས་ཇི་བཞིན་རྟོགས་ཐུབ་མེད། བཙན་བྱོལ་བོད་དོན་གྱི་རྒྱབ་སྐྱོར་བ་རྣམས་ཀྱིས་ཀྱང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོངས་ཞིག་ཡོང་བའི་ཆེད་རྒྱབ་གཉེར་གནང་གི་ཡོད་རེད་མ་གཏོགས། བོད་རང་བཙན་གྱི་ཆེད་གཞུང་འབྲེལ་ཅན་གྱི་ཚོགས་པ་སུས་ཀྱང་ཕ་ཆེར་རྒྱབ་གཉེར་བྱས་མ་མྱོང་བ་རེད། སྤྱིར་བོད་མིའི་རང་དབང་དེ་བོད་མིས་ལེན་དགོས་ཀྱི་ཡོད་རེད་ལ། རྒྱ་མིས་སྤྲད་དགོས་ཀྱི་ཡོད་རེད་མ་གཏོགས་། ཕྱི་རྒྱལ་བ་སུ་གང་གིས་བོད་མིའི་ལ་རང་དེ་སྤྲད་ཐུབ་ཀྱི་མེད་པ་དེ་ཤེས་དགོས། བོད་མིས་བོད་ཀྱི་རང་དབང་ལེན་པ་ལ། ཕྱི་རྒྱལ་བ་མི་རིགས་དྲངས་བདེན་ལ་དགའ་བ་རྣམས་ཀྱི་རོགས་པ་བྱེད་ཐུབ་ཀྱི་རེད། དེ་སྔོན་བྱས་ཡོད་རེད་ལ། ད་དུང་བྱེད་པའི་ཡིད་ཆེས་ཡོད།

    Reply
  9. འབྲོག་ཁྱི། says:
    ལོ་ 16 སྔོན།

    ད་རྙོག་འཛེང་ཆེ་ཡི་འདུག་ངས་ནི་གོ་ཤེས་ཀྱི་མི་འསདུག།

    Reply
  10. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ལས་ཀྱིས་དེད་དེ་ལམ་ནས་ཐུག་པའི་དྲ་གྲོགས་སྐར་ཁྲི་བཙན་ལ་ཐུགས་རྗེ་ཆེ་ཞུ། སྐུ་ཉིད་ཀྱིས་གསུངས་ལ་བཀའ་བརྩི་དང་ལེན་ལོས་བྱེད། ད་ནས་བཟུང་བསམ་བློ་བརྗེ་རེད་མ་གཏོགས་ཚིག་མདའ་འཕེན་རེས་མེད། མུ་མཐུད་ནས་མཇལ་ཡོང་།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྐར་ཁྲི་བཙུན་ལགས། བོད་ཀྱི་དུས་བབ་ཀྱིས་དཀྲོགས་གཏམ་གང་ཡང་སྤེལ་མེད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་དེའི་ནང་དུ་བོད་སྐོར་གྱི་དོན་དག་ཆེན་པོ་དེ་འདྲ་གླེང་ཡོང་དུས་མིག་བཙུམ་ཞིང་། ཨམ་ཆོག་གཉིས་ལྟེབ་ནས་འདུག་རྒྱུ་ནི་འོས་བབས་སུ་མ་མཐོང་སྟབས། གནས་ཚུལ་འདིའི་བྱུང་རིམ་ཇི་བཞིན་དུ་བཀོད་ཡོད། འབྲེལ་ཡོད་སྐུ་སྒེར་ཡིག་ཚང་གི་མི་སྣར་ཡང་སྐད་ཆ་དྲིས་ཡོད། གནས་ཚུལ་འདི་ཡང་དབྱེ་ཞིབ་ཀྱི་རྣམ་པས་བཀོད་ཡོད་པས། ཁྱོད་ལ་དེ་འདྲའི་དོགས་འདྲོགས་ཤིག་ཡོད་དགོས་དོན་ཨེ་ཡོད།

    མ་གཞི་གསར་འགྱུར་འདིའི་རིགས་ནི་གསལ་བཤད་ཀྱི་རིགས་ཡིན་སྟབས། བོད་མི་ཚོར་གནད་དོན་གསལ་བོ་ཡོང་རྒྱུའི་མཐུན་འགྱུར་དུ་ཆགས་མེད་ཀྱང་། ལྡོག་ཕྱོགས་ཀྱི་ནུས་པ་ཞིག་བསླེབས་མེད་སྙམ་ཡོད།

    སྤྱིར་གསལ་བཤད་བྱེད་དགོས་པ་ཞིག་ཏུ་མ་མཐོང་ཡང་། གལ་སྲིད་སྐུ་ཉིད་ལ་དངོས་གནས་དོགས་པ་དེ་འདྲ་ཡོད་ན། གསལ་བཤད་ཅིག་མེད་ན་མི་འགྲིག་པར་བསམ་ནས་མཆན་འདི་བཞག་པ་ཡིན།

    Reply
  12. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཨོ་རེད་ངས་བཤད་དགོས་པའི་རྒྱུ་མཚན་དེ་ལ་ཐུགས་ཡོད་རེད། གསར་འགྱུར་ཀློག་མཁན་ཚོའི་ནང་ན་ཅལ་སྒྲའི་རྗེས་སུ་འབྲང་མཁན་མང་པོ་ཡོད་སྲིད་པ་ཞིག་རེད། དཔེར་ན་ཕྱི་རྒྱལ་བའི་ཅལ་སྒྲ་དུས་བབས་ཚང་གི་ཐོས་འདུག་པ་ནང་བཞིན། ད་དུས་བབས་ཀྱི་ཅལ་སྒྲའི་རྗེས་སུ་ཀློག་མཁན་མང་པོ་ཞིག་འབྲང་བ་ཡིན་ན་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་ཀྱི་རེད་དང་མ་རེད། གསར་འགྱུར་གྱི་ཁ་བྱང་ལ་ལྟོས་དང་། གང་ལྟར་ཡང་ཕྱི་རྒྱལ་བ་དང་བོད་དོན་པ་སུ་ཡིན་རུང་༸གོང་ས་མཆོག་ལ་མ་ཉེས་ཁག་གཡོག་གི་བསྒྲགས་གཏམ་སྤེལ་ན་དེ་ལ་མོས་མཐུན་མེད། དོན་ངོ་མ་༸གོང་ས་མཆོག་གི་གསུངས་ཉེས་བྱས་ཡོད་ན་འགྲིག་གི་རེད་དམངས་གཙོ་དང་མཐུན་པ་རེད། དྲ་ཚིག་འདིའི་སྟེང་ཁོད་དང་གང་ནས་ནོར་འདུག མ་གཏོགས་རྒྱལ་སྤྱིའི་སྤྱི་ཚོགས་ནང་གི་དཀྲོགས་གཏམ་ཚད་མ་འཛིན་དགོས་དོན་ཡོད་པ་མཐོང་གི་མི་འདུག། ད་དུང་དྲ་གྲོགས་བློ་གྲོས་རྒྱལ་པོས་ངའི་ཚིག་ངན་དག་ལ་ཁོག་ཡངས་བྱས་པར་ཐུགས་རྗེ་ཞུ། ཨོ་ལེ་རྒྱལ་བོ་ཡིན་དེ་འདྲ་ཞིག་ལོས་རོ། ཧ་ཧ་ཧ ཨ་རོ་ད་ནས་བཟུང་བསམ་བློ་བརྗེ་རེད་མ་གཏོགས་ཚིག་མདའ་འཕེན་རེས་མེད་ད། བསམ་བློའི་རྒྱ་ཆེ་ཆུང་དང་ལྟ་བ་མཐུན་མི་མཐུན་་ཡོད་སྲིད་པ་རེད། འུ་གཉིས་ཀྱི་སུས་འགྲིག་ཡོད་ན་སུས་ནོོར་ཡོད་ཀྱང་ཀུན་སློང་དེ་བོད་པའི་ཆེད་རེད་ལ། ཡ་ད་ལོ་བརྒྱ་ལ་རེ་བ་མེད་ཀྱང་དྲུག་ཅུ་བདུན་ཅུ་ཞིག་ལ་སྐུ་ཚེ་བརྟན་པར་ཤོག

    Reply
  13. ཨ་མྱེ says:
    ལོ་ 16 སྔོན།

    ཡིད་བཞིན་ནོར་བུས་གསུངས་པ་ལ་མངོན་པར་བསྟོད་དོ།།གཞན་ཤེས་ཡོན་པ་དང་འཇོན་ཐང་ཅན་ཡོད་ན་དུས་ལ་བབས་ཡོད་ལོངས་ཤོགས་ལོངས་ཤོགས།

    Reply
  14. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཨོ་ད་ཡིན་ན་རེད་མ་སོང་། སྐར་ཁྲི་བཙན་དངོས་གནས་སྐུ་རླུང་ཅུང་ལངས་པ་འདྲ། གུས་པས་ཞུས་མ་ཤེས་པར་ཕོག་ཐུག་འདྲ་སོང་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན། ངས་གོང་དུ་བཤད་པའི་གནད་དོན་གཙོ་བོ་ནི། དུས་བབ་གསར་ཁང་གིས་ཉེ་བའི་ཆ་ལ་རྒྱལ་སྤྱིའི་རྒྱལ་ནང་དུ་དོ་སྣང་དང་བགྲོ་གླེང་བྱེད་ས་གཙོ་བོ་དེ་བོད་ཡིག་ཀློག་མཁན་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བར་སྐུ་ཉིད་ནས་དགོས་མེད་ཀྱི་ཀུ་ཅོ་མང་དག་ཅིག་སྒྲོག་འདུག་ཞུས་པ་ལས་གཞན་མེད། ༸གཞན་གོང་ས་མཆོག་གི་གསུང་ཚིག་དེ་ཇི་ལྟར་ཡིན་རུང་བོད་དོན་ལ་འཕར་ཆག་འགྲོ་སྲིད་པ་ཞིག་མ་རེད།
    ཅི་ཕྱིར་ཞེ་ན། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་འོག་་་་་་་་་་ཡིན་པས་སོ། རང་བཙན་མ་ཡིན་ན་ནང་ཁུལ་ལས་གཞན་གང་ལ་ཕེབས་དགོས་པ་རེད། དྲ་གྲོགས་མང་པོ་ཞིག་ཅལ་སྒྲ་ཐོས་པའི་རི་བོང་དང་གཉིས་སུ་་་་་་་་་སོ། ད་ང་ལ་བཀའ་བཀྱོན་མ་གནང་རོགས། སྐུ་མཁྱེན།

    Reply
  15. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    བློ་གྲོས་རྒྱལ་པོས་ང་ལ་གླང་རྒན་ཡིན་ན་ཅིག ངས་ལྟས་ན་ཁྱོད་བདག་པོས་ལྟོ་སྤྲད་པ་བརྗེད་སོང་བའི་ཁྱི་རྒན་ཞིག་རེད། ཁྱོད་ངོ་མ་འགྲོ་རན་སོང་། མ་གཏོགས་ཉི་མ་གཅིག་ལ་ཁྱོས་བདག་པོའི་ཉྭ་ལ་ལྐོག་འཇབ་བྱས་ནས་སོ་རྒྱག་ས་རེད། ངས་ཁ་སང་བཤད་པ་དེ་གཙོ་བོ་གལ་སྲིད་ཕྱི་རྒྱལ་བ་རེ་ཟུང་གིས་༸གོང་ས་མཆོག་གི་གསུངས་ཀྱི་དོན་མ་གོ་བར་ལོག་བསྒྲགས་བྱས་ཡོད་ཀྱང་། དེ་དག་གི་དམིགས་ཡུལ་ལ་མ་རྟག་པར་བོད་ཡིག་གསར་ལམ་ནས་སྒྲོག་དགོས་པའི་རྒྱུ་མཚན་ཞིག་ལ་མ་མཐོང་བས་བསམ་ཚུལ་འགའ་བཤད་པ་ཡིན། ང་ཚོའི་བོད་པའི་གསར་འགྱུར་སྡེ་ཚན་དག་རང་མི་རིགས་ལ་བསྲི་ཞུ་བྱ་མཁན་ལས་ཕྱི་རྒྱལ་བའི་དཀྲོགས་གཏམ་ལ་རམ་འདེགས་ཞུ་མཁན་མ་རེད་འདོད་ཀྱིན་ཡོད། ངས་ད་རུང་ཡང་བསྐྱར་གཅིག་བཤད་༸གོང་ས་མཆོག་གིས་བྷི་བྷི་སུས་གསར་འགོད་པའི་འདྲི་ལན་ཡིན་ན་ཆོག་དེ་མིན་རྒྱ་རིགས་པའི་དྲ་ཐོག་གི་འདྲི་བའི་ལན་གང་ཡིན་ཡང་། ང་ཚོའི་བོད་རིགས་སྤུན་ཟླ་ཚོའི་སེམས་ཕམ་དགོས་པའི་བཀའ་ཞིག་གནང་མི་འདུག། སྤྱང་མདོག་ཅན་གྱི་བློ་གྲོས་རྒྱལ་པོ་སོགས་ཀྱིས་ཡི་མ་རང་ན་སྐབས་དེའི་ཁྱེད་ཚོ་དང་ཕྱི་རྒྱལ་བར་དོགས་གཞི་ཡོད་པའི་འདྲི་ལན་གཙོ་བོ་དག་དྲ་ཐོག་འདིར་ཁོད་དང་ང་ཚོས་ཞིབ་ལྟ་ཆོག་གི་རེད། ངས་བཤད་པ་དེ་ཕྱི་རྒྱལ་བའམ་བོད་དོན་པ་འགའི་གཅིག་བཤད་ཡོད་མེད་ཀྱི་དོགས་གཞི་གཙོ་བོ་མིན། ང་ཚོའི་བོད་ཡིག་གསར་ལམ་དུ་གནས་ཚུལ་དེའི་རིགས་བཀོད་པ་དེ་མི་འོས་པ་ཞིག་ལ་ངོས་འཛིན་བྱས་ཡོད། རྒྱལ་ཁབ་དང་མི་རིགས་སུ་ཡིན་རུང་གསར་འགྱུར་དེའི་དགོས་པ་གཙོ་བོ་རང་མི་རིགས་ཀྱི་ཁེ་ཕན་གྱི་ཆེད་རེད་མ་གཏོགས་གནོད་པའི་ཆེད་ཡིན་རྒྱུ་མ་རེད། བོད་མི་མང་པོ་ཞིག་གིས་གསར་འགྱུར་འདི་ཀློག་གི་རེད། གལ་སྲིད་བོད་རིགས་མི་མང་གི་སེམས་ལ་མི་འདོད་པ་བྱུང་ན་དེ་ཁེ་ཕན་ག་རེ་འདུག གསར་འགྱུར་ཀློག་མཁན་ཚོའི་ནང་ན་ལྟ་བ་གསར་མདོག་དང་ཀླད་པ་སྤྱང་མདོག་གིས་ཕྱི་གླིང་བ་འགའི་ལོག་གཏམ་ཚད་མ་འཛིན་མཁན་མང་ཡོད་པ་གསལ་བོ་རེད། གཞན་བློ་གྲོས་རྒྱལ་བོ་ལ་བཤད་རྒྱུ་ཞིག ཁྱོད་ལ་དངོས་གནས་ལུགས་ཡང་དག་ཅིག་བཤད་རྒྱུ་ཡོད་ན་དེ་འདྲ་མ་རེད་འདི་རེད་འདི་ཁྱོས་ནོར་སོང་རེད་ལ་སོགས་གསལ་བོ་ཤོད་དང་། ངས་ཉན་གྱི་རེད་ལ་ངས་ཀྱང་གལ་སྲིད་རང་ལ་ནོར་འཁྲུལ་ཡོད་ན་ངོས་ལེན་བྱ་ཡི་རེད། དགོངས་དག་ཞུ་དགོས་ས་ཞིག་ལ་དགོངས་དག་ཞུ་ཡི་རེད། ནོར་འཁྲུལ་སུ་ཡིན་རུང་ཡོད་འོས་པ་རེད་ལ། བཅོས་ཀྱང་ཆོག་པ་ཞིག་རེད། གལ་སྲིད་རྒྱུ་མཚན་གཅིག་ཀྱང་བཤད་རྒྱུ་མེད་པར་ཐད་ཀར་དུད་འགྲོའི་མིང་མ་བཏགས་ན་ཡག་པོ་རེད་མ་གཏོགས། སྐྲག་མི་དགོས་སའི་དྲ་ཐོག་འདི་ནས་ཚིག་རྩུབ་སུས་ཀྱང་བཤད་ཤེས་ཀྱི་རེད་བཤད་ཕོད་ཀྱི་ཡང་རེད།

    Reply
  16. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཚང་མས་རི་བོང་གནམ་རྡིབ་གྱི་སྨྲེ་ངག་འདོན་པ་ལས་གཤམ་གྱི་བྷིས་བྷིས་སིའི་དྲ་བྱང་འདི་ལ་གཟིགས་ནས་བརྙན་ཕབ་ཐུང་ཐུང་འདི་ལ་བལྟོས་དང་། སྐར་མ་༣་དང་སྐར་༢༠་སྟེང་ལ་ཁྱོད་ཚོས་རྩོད་བཞིན་བའི་ཚིག་དུམ་དེ་གསུང་བཞིན་འདུག ངོ་མ་གླེང་རན་ཡོད་པའི་བརྗོད་གཞི་ཞིག་རེད། ཨོ་་་་ངས་བཤད་བཞིན་པ་ནི་བྷིས་བྷིས་སིའི་གསར་འགོད་པའི་ཁ་བྱང་འདོགས་དེ་མ་ཡིན་པར་བོད་པ་སྤྱི་ཚོགས་ནང་དེང་སང་༧གོང་ས་མཆོག་ལ་གོ་སྐབས་བཙལ་ནས་ནག་འགེལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དེ་ཡིན། གོང་གི་གནས་ཚང་ཟེར་བའི་རྩ་མི་ཚང་བ་འདི་གཅིག་རེད། http://news.bbc.co.uk/2/hi/asia-pacific/8194138.stm

    Reply
  17. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དྲ་ཐོག་ལ་འཛུལ་ན་དངོས་གནས་མི་ཡ་མཚན་ཅན་མང་པོར་ཐུག་རྒྱུ་འདུག གོང་གི་སྐར་ཁྲི་བཙན་ཅན་དེ་ཡང་དེའི་གྲས་ཤིག་རེད་འདུག མི་འདིའི་སྐད་ཡིག་གཉིས་པ་ཞིག་ཡེ་ནས་མཁྱེན་ཀྱི་མེད་པར་མ་ཟད། དུས་བབ་གསར་ཁང་ལ་ཉོག་བཤད་བཤད་སྟངས་ལ་བལྟས་ན་གོ་རྒྱུ་མེད་པའི་གླང་རྒན་གྱི་གྲས་ཤིག་ཀྱང་ཡིན་པ་ཐག་ཆོད། ཨོ་ཡ་ད་འགྲོ་རན་སོང་།

    Reply
  18. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དབྱིན་ཡིག་ནང་གང་ཤེས་མ་གཏོགས་རྒྱ་ཡིག་གི་ནང་དུ་༸གོང་ས་མཆོག་གིས་སྔོན་གསུངས་མྱོང་བའི་ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་རང་སྲིད་རང་སྐྱོང་རྩོད་ལེན་་་ཞེས་པ་ལས་བརྒལ་བའི་བཀའ་ཞིག་གནང་ཡོད་པ་མཐོང་མ་སོང་ལ། ཁོང་གིས་གསར་འགོད་པ་དང་དྲ་ལམ་ནས་འདྲི་བ་འདྲི་ལན་ལེགས་གྲུབ་རྗེས། ཁོང་ལ་དོགས་གཞིའི་གླེང་སློང་ཡོད་པ་ཡང་མཐོང་མ་སོང་། གལ་སྲིད་དབྱིན་ཡིག་གསར་ལམ་དུ་དེ་འདྲའི་གླེང་སློང་ཡོད་ན་དེ་ནི་ཁ་ཚོས་༸གོང་ས་མཆོག་གི་གསུང་གི་ནང་དོན་མ་གོ་བས་གོ་བ་ལོག་འདེབས་དང་ཡང་་ན་ཡིག་བསྒྱུར་བའི་ཆུ་ཚད་ཧ་ཅང་སྐྱོ་བོ་ཡིན་པ་པའི་རྐྱེན་ལས་བྱུང་བ་གསལ་བོ་རེད། གལ་སྲིད་ཕྱི་རྒྱལ་བ་འགའ་རེས་གོ་བ་ལོག་སྒྲུབ་རེ་ཟུང་བྱས་ཡོད་པའི་དབང་དུ་བཏང་ཡང་། ང་ཚོས་ངོས་ནས་དེ་བརྒྱ་བསྒྲགས་སྟོང་སྒྲོག་བྱ་དགོས་པའི་རྒྱུ་མཚན་མེད་ཀ བོད་ཆོལ་ཀ་གསུམ་པོའི་བསམ་བློའི་གོང་བུ་གཅིག་ཏུ་སྒྲིལ་ནུས་མཁན་༸གོང་ས་མཆོག་གཅིག་པོ་ཡིན་ཕྱིར་གཞན་གྱིས་ཟུར་ཟའི་ཚིག་འཆལ་འགའ་མཐོང་ཐོས་ཙམ་གྱིས་ང་ཚོའི་ངོས་ནས་དགའ་ཐག་ཐོད་ནས་གསར་ལམ་དུ་བསྒྲགས་དགོས་དོན་ཅི། ངས་ལྟས་ན་འདི་དུས་བབས་ཚང་གི་ལྟ་བ་ཞིག་ལ་དོགས་པ་འདུག དམངས་གཙོའི་ལུང་བ་ཡིན་ཡང་གསར་འགྱུར་འགོད་སྐབས་དེའི་སྤྱི་ཚོགས་ཕན་གནོད་གང་ཡོད་གསལ་བོ་རྟོགས་དགོས་པ་དེ་ཧ་ཅང་གལ་ཆེ་བ་ལས་རིག་རིག་གོ་གོ་བོ་བཤད་རྒྱུ་དང་སྒྲོག་རྒྱུ་ཞིག་ཨེ་ཡིན་ན། ཁྱོད་ལ་གསར་འགོད་ཀྱི་རང་དབང་ཡོད་ངོ་མ་རེད ། ཡིན་ནའང་ཁྱོད་ཀྱིས་སྤྱི་ཚོགས་ནང་དཀྲུག་ཤིང་བཟོ་བའི་ཐོབ་ཐང་རྩ་བ་ནས་ཡོད་ནི་མ་རེད།

    Reply
  19. དགྲ་འདུལ། says:
    ལོ་ 16 སྔོན།

    གོང་གི་དབྱིན་ཡིག་གི་མ་ཟིན་ལ་བལྟས་ན་༧གོང་ས་མཆོག་གིས་བཀའ་ལན་དེ་ལྟར་གནང་མེད་པ་གསལ་བོ་རེད། བྷི་བྷི་སི་ཡིས་ཁ་བྱང་དེ་ལོག་འདྲེན་གྱིས་བཀོད་འདུག གསར་འགྱུར་གྱི་བརྒྱུད་ལམ་ཚད་ཐུབ་དེ་འདྲ་ཞིག་ཡིན་པའི་ངོས་ནས་འདི་ལ་སྐྱོན་སེལ་གྱི་རིམ་པ་ཞིག་ཡོང་ཆོག་རྒྱུ་རེད། དབྱིན་ཡིག་དང་བོད་ཡིག་རང་རྐྱ་འཕེར་མཁན་ཞིག་གིས་གོང་གི་དབྱིན་ཡིག་དེ་བོད་ཡིག་ནང་འཕབ་ཐུབ་བམ།

    Reply
  20. གནས་ཚང་། says:
    ལོ་ 16 སྔོན།

    ཡང་ཅིག་བཤད་ན། ད་ནས་བཟུང་རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་ཤུགས་ཛ་དྲག་གི་ཕྱོགས་སུ་འཕེལ་སྲིད་པར་མ་ཟད། དེ་ལྟར་བྱེད་དོན་ཡང་བོད་དེ་བཞིན་ནང་སྲིད་ཡིན་པ་ཐ་ན་ཏཱ་ལའི་བླ་མ་ཡང་ངོས་ལེན་ཡོད་ཚུལ་བསྙད་ནས་ཕྱིའི་གནོན་ཤུགས་འགོག་ཐུབ་པར་མ་ཟད། བོད་མི་ཚོའི་སེམས་ཤུགས་གཅོག་སྲིད་པར་གོར་མ་ཆག

    Reply
  21. གནས་ཚང་། says:
    ལོ་ 16 སྔོན།

    གལ་སྲིད་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་ན། ལོ་ངོ་མང་པོར་ཕྱི་ཡུལ་དུ་ཕྱིན་པ་དེ་ནི་ནག་ཉེས་ཡིན་པར་མ་ཟད། དབུས་སྲིད་གཞུང་ལ་ཁ་གཏད་བཅད་པ་ཡིན་པས། སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ནང་དེ་དག་ཁྲིམས་འགལ་ཡིན་པ་རེད། ཡིན་ནའང་། ལམ་ཁ་གཅིག་ལྷག་ཡོད་པ་ནི་རྒྱ་ནག་སྲིད་འཛིན་གྱིས་དེ་ལུགས་གུ་ཡངས་སུ་གཏོང་སྲིད་པས། ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་སེལ་ཟིན་ལ། བོད་དོན་ཞེས་པ་ཞིག་གླེང་ཆོག་གི་མེད་པའི་ཁར། ཕྱི་རྒྱལ་བས་ཐེ་ཇུས་བྱེད་པའི་ལམ་ཁ་ཐ་དག་འགག་ཟིན་ཡོད།

    Reply
  22. དྲ་རྒྱའི་དོ་དམ་པ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གི་བཀའ་ལན་ངོ་མ་དེ་འདི་འདྲ་ཞིག་རེད་ཅེས་དབྱིན་ཡུལ་སྐུ་ཚབ་དོན་གཅོད་པ་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་ཕབ་བཤུ་བྱས་འདུག

    The Chinese government considers our problem a domestic one. And we also till 65 we approached UN. Last sort of resolution regarding Tibet passed 65, since then we prefer, in China still Cultural Revolution there, still we felt approaching UN may not be realistic way. So better to communicate directly. So then we already made up in our mind that the Middle Way Approach finalise 74. Then till 79 or end of 78, we never received some signal, then some verbal message from Central Government or from mainly Deng Xiaoping through some official in Hong Kong to my elder brother, then we immediately responded

    Reply
  23. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། ཁྱེད་ཅག་གི་ཁ་ནང་དུ་ཡོང་ཚད་ཚང་མ་གསར་འགྱུར་དུ་རློམ་ནས་རང་རང་གི་གང་དྲན་ཞིག་གསུང་བ་ལས། ༧གོང་ས་མཆོག་སྐུ་ངོས་ཀྱི་ལན་འདེབས་གནང་བའི་དྲི་བ་ཁག་ལ་གཟིགས་ནས་ཡག་པོ་ཞིག་གསན་རྗེས་སུ་ད་གཟོད་སྐད་ཆ་འདྲ་བཤད་རྒྱུ་ཡོད་ན་གསུང་ན་ཡག་ས་རེད། ད་དུང་། དུས་བབ་ཚང་ལ་རེ་སྐུལ་ཞུ་རྒྱུ་ཞིག་ལ། སྐུ་མཁྱེན་སྐབས་དེའི་གསར་འགོད་དྲི་བ་དྲི་ལན་དེ་དག་སྤུན་ཟླ་དག་གི་ཀློག་བདེ་བ་དང་དོན་གོ་བའི་ཆེད་དུ་དབྱིན་ཡིག་ནས་བོད་ཡིག་ལ་སྒྱུར་ནས་འདི་རུ་གསལ་བོ་ཞིག་འགོད་རོགས་ཞུ། དེ་མིན། ཁ་ལ་སྐྱག་ལོང་ཤོར་མཁན་རེ་ཟུང་གིས་སྐད་ཆ་མ་གོ་བར་འུར་སྒྲོག་བྱེད་ཀྱི་འདུག་ལ། དོན་དག་མ་ཤེས་པར་རྒྱག་གཏམ་འཆད་བཞིན་འདུག་ལགས། འདིའི་རིགས་ནི་རང་གི་འཆར་སྣང་ཙམ་ཞིག་བཤད་དེ་སོང་ན་འགྲིག་པ་ཞིག་གཏན་ནས་ཆགས་མེད་པ་རེད་ལགས།

    Reply
  24. གླེན་པ་ལུག says:
    ལོ་ 16 སྔོན།

    འདི་ནི་ཚོར་ཤུགས་ཧ་ཅང་ལྕི་བའི་བཀའ་མོལ་ཞིག་གམ། ཡང་ན་དགོས་མཁོ་གང་ཞིག་མ་འགྲུབ་པའི་སྡིག་དམོད་དྲག་པོ་ཞིག་རེད་འདུག་མོད། ང་ཅག་གི་རྣམ་པ་ཀུན་ཏུ་བལྟ་དགོས་ས་ནི་ནུབ་ཕྱོགས་མིན་ལ་རྒྱ་ནག་ཀྱང་མིན་པར། རང་ཉིད་རེད། ཁོང་གི་ལས་གནས་དང་བཀའ་མོལ་དེ་ཚོས་བོད་མི་རྣམས་ལ་འཇིགས་བསྐུལ་ཞིག་བྱས་འདུག་མོད། རང་ཅག་འཇིགས་བསྐུལ་དེའི་གཞན་དབང་ལ་ཕྱིན་སོང་ན། རང་ཅག་ནི་གཞན་བརྟེན་འབའ་ཞིག་ཏུ་གྱུར་སོང་བས་ད་ལྟའི་སྣང་ཚུལ་ལ་མཐོར་འདེགས་སོར་གང་ཙམ་ཡང་མི་ནུས། གཞན་ཡང་ད་ནི་ང་ཚོར་རང་ཉིད་ཀྱི་གྲ་སྒྲིག་དང་རང་ཉིད་ཀྱི་ལངས་ཕྱོགས་ཡོད་དགོས་པ་ལས། ཕྱི་རྒྱལ་སུ་ཞིག་གི་རྒྱབ་སྐྱོར་དང་། རྒྱ་ནག་གི་གང་ཞིག་གི་སྡིག་སྨོད་ལ་བསྟུན་པའི་་དགོས་པ་རྩ་ནས་མེད་ལ། རྒྱ་ནག་གི་ནང་སྲིད་དུ་གྱུར་ཕྱིན་ཆད་གངས་སེང་དར་ཆ་དབབ་དགོས་པ་དང་། རྒྱལ་སྤྱིའི་སྡིངས་ཆ་གཏོང་དགོས་པའི་བཀའ་ཡིག་དེའང་བཙན་ཚོད་མེད་ལ་རྡོག་པས་བརྫིས་པ་ཞིག་ལས། དོན་དངོས་ཀྱི་འགྱུར་བ་དེ་འདྲ་ཞིག་གཏན་ནས་ཡོད་མི་སྲིད།

    Reply
  25. དྲ་རྒྱའི་དོ་དམ་པ། says:
    ལོ་ 16 སྔོན།

    མཁས་དབང་ལེ་རེ་གྷིར་སི་ཊིན་གྱི་བསམ་འཆར་ཞིག་འདིར་བཀོད་པ་ཡིན།

    དངོས་གནས་བཤད་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་ལྟ་བོད་རྒྱའི་དཀའ་རྙོག་དེ་ནི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་ཚུལ་གསུངས་པ་དང་། རྒྱ་ནག་གིས་སྲིད་གཞུང་གཞན་དང་ཚོགས་སྡེ་གཞན་དག་ལ་རྒྱ་ནག་གི་ནང་སྲིད་ལ་བྱུས་གཏོགས་བྱེད་དུ་འཇུག་གི་མེད་པར་བརྟེན། བོད་རྒྱའི་གནས་སྟངས་དེ་ད་ནི་ང་ཚོ་སུ་གཅིག་གི་ཇུས་གཏོགས་ལ་འཁྲི་གི་མ་རེད་ལ། ཡུ་རོབ་མཐུན་ཚོགས་ཀྱི་སྲིད་གཞུང་ཁག་དང་སྲིད་གཞུང་གང་གི་ཇུས་གཏོགས་ཀྱང་ཆགས་ཀྱིན་མེད་པ་ལྟར་སྣང་། ད་དུང་བཤད་རྒྱུར། གལ་སྲིད་ཏཱ་ལའི་བླ་མ་མཆོག་གིས་ཁོང་གི་གསུང་དེར་འགྱུར་བ་མེད་པར་བཞུགས་གི་ཡིན་ཚེ། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་དག་གི་ཕན་ནས་སྲིད་གཞུང་གཞན་གྱི་གཞུང་འབྲེལ་མི་སྣ་སུ་དང་མཉམ་དུའང་བོད་དོན་གླེང་མོལ་གནང་མི་འོས་པ་ལྟར་སྣང་། རྒྱ་ནག་གི་མིག་ལམ་ནས། ༧གོང་ས་མཆོག་ནི་བོད་ཀྱི་གཞུང་འབྲེལ་གྱི་དབུ་ཁྲིད་དེ་མིན། དེར་བརྟེན། ཁོང་ལ་ཕྱི་ཕྱོགས་ཀྱི་མི་དང་མཉམ་དུ་ནང་སྲིད་གླེང་རྒྱུའི་ཐོབ་ཐང་མེད་ལ། དཔེར་ན། ཆོས་དང་རིག་གཞུང་གི་དམིགས་ཡུལ་ཡིན་ན་མ་གཏོགས་ཁོང་གིས་སྲིད་གཞུང་འདྲ་མིན་གྱི་དབུ་ཁྲིད་དག་དང་མཉམ་དུ་མཇལ་འཕྲད་གནང་མི་འོས་པར་འདོད།

    མུ་མཐུད་བཤད་ན། བོད་རྒྱའི་གནད་དོན་ནི་ནང་སྲིད་ཀྱི་གནད་དོན་ཡིན་ཚེ། བཙན་བྱོལ་བོད་གཞུང་ལ་རྒྱ་ནག་གི་ནང་སྲིད་གླེང་རྒྱུའི་དབང་ཚད་མེད་ལ། ཁོ་ཚོའི་དབང་ཚད་ངོ་མ་ནི་བཙན་བྱོལ་བོད་མི་ཚོའི་དོན་གནད་དག་གླེང་རྒྱུ་དེ་ཙམ་ཡིན། མཐའ་མ་དེར་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་གིས་བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཅིག་ལ་ཡིད་ཆེས་གནང་གི་ཡོད་དུས། ད་ནི་ཁོ་ཚོས་མཁར་སྟེང་དང་རྩིག་ངོས། ལས་ཁུངས་སོགས་སུ་ཡོད་པའི་གངས་སེང་རྟགས་ཅན་གྱི་རྒྱལ་དར་དེ་ཕབ་ནས་དེའི་ཚབ་ཏུ་སྐར་ལྔའི་དར་དམར་དེ་གཟི་བརྗིད་དང་བཅས་བསྒྲེངས་དགོས་པ་རེད།
    གཅིག་བྱས་ན་ངའི་སྒྲུབ་སྟངས་འདི་འགྲིག་མེད་ཀྱང་སྲིད།

    ཞི་བ་དང་བཅས། ལེ་རེ་གྷེར་སི་ཊིན།
    རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་ཚོགས་གཙོ།

    Reply
  26. ལངས་གཉིད། says:
    ལོ་ 16 སྔོན།

    ད་ལྟའི་རྒྱ་ནག་གིས་་༼བྱེད་སྒྲ་ལ་བཅོས་རོགས།༽

    Reply
  27. ལངས་གཉིད། says:
    ལོ་ 16 སྔོན།

    ད་ལྟའི་རྒྱ་ནག་གི་བོད་དོན་དེ་རྒྱ་ནག་གི་ནང་སྲིད་ཡིན་ཟེར་བ་དེ་ལོ་རྒྱུས་ཀྱི་ཐོག་ནས་བཤད་ཀྱི་ཡོད་པ་རེད། དེ་༧གོང་ས་མཆོག་ནམ་ཡང་ཁས་བླངས་མྱོང་མེད་ལ་ཁས་ལེན་གྱི་མ་རེད། འོན་ཀྱང་ང་ཚོས་མ་འོང་པའི་བོད་དེ་རྒྱ་ནག་གི་ནང་སྲིད་ཞིག་ཏུ་བསྒྱུར་འདོད་ཡོད་སྐོར་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞི་ནི་ཡིན་སྲིད་ལ། བོད་མི་དམངས་ལ་གདམས་ཀའི་རང་དབང་བྱུང་མཚམས་ཐ་མའི་ཐག་གཅོད་དེ་བོད་མི་དམངས་ཀྱིས་གཏན་འབེབས་གནང་རྒྱུ་ཞིག་རེད།

    Reply
  28. གླེན་པ་ལུག says:
    ལོ་ 16 སྔོན།

    ༸གལ་སྲིད་ད་ལྟའི་སྣང་ཚུལ་ལྟར། ལངས་ཕྱོགས་དང་དགོངས་ཚུལ་བར་གྱི་འགལ་ཟླ་དང་། ཡང་ན་མཁས་བླུན་དང་འཇོན་ཐང་ཆེ་ཆུང་གི་འགྲན་བསྡུར་འདི་ཙམ་གྱིས་མི་རིགས་ཀྱི་མ་འོངས་པར་འགན་ཁུར་བར་རློམ་ནས་བསྡད་ན། རང་ཅག་གི་མ་འོངས་པ་ནི་ཀྱེ་མ་ཀྱེ་ཧུད་ཟེར་རྒྱུ་ཙམ་ལས་ཡོད་མི་སྲིད་ལ། ལོ་རྒྱུས་ཁྲོད་ཀྱི་རྙོག་གླེང་རྐྱང་རྐྱང་བཤད་ན་སྡོད་པ་དང་། གནའ་རབས་ཀྱི་སྟོབས་ཤུགས་ཁོ་ན་ངོམས་ན་བསྡད་ན་་་་་་ཨོ་ཧོ་ཧོ་ཅི་འདྲ་ཡིན་ནམ། རང་རེའི་ཤེས་ཡོན་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་འཆར་ཡན་གྱི་རྣམ་པ་ཤ་སྟག་གླེང་ཞིང་། སྤྱི་ལྡོག་གི་གནས་ལུགས་ཁོ་ན་རྩོད་པ་ལས། མིག་མདུན་གྱི་སྤྱི་ཚོགས་དང་། དོན་དངོས་ཀྱི་འཚོ་བར་ཐེ་གཏོགས་མེད་པ་འདི་དངོས་གནས་སེམས་སྡུག་པ་ཞིག་རེད། དཔེར་ན། ཐེངས་འདིའི་གནད་དོན་འདིར་གོ་ལྡོག་པའི་དྲི་བ་ཞིག་བཏང་ན། ༸གོང་ས་མཆོག་གི་བོད་ཀྱི་གནད་དོན་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་གནད་དོན་ལ་ངོས་བཟུང་ནས་འཛམ་གླིང་ལ་དྲིལ་བསྒྲགས་ཤུགས་ཆེན་བྱས་པའི་དབང་དུ་ཐོངས་ཤོག ད་ལྟའི་བོད་ཀྱི་ཉམ་ང་བའི་གནས་སྟངས་ལ་གང་ནས་ཕན་ཐོགས་སོང་། ཡང་ན་རྒྱ་ནག་གི་ནང་སྲིད་ལ་ངོས་བཟུར་བར་དཔེ་བཞག་ན། ད་ལྟའི་སྣང་ཚུལ་སྐྱུར་མོ་འདི་ལ་ལྷག་པའི་ཤུགས་རྐྱེན་ཅི་འདྲ་འབྱུང་ངམ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགལ་ཟླར་ངོས་བཟུང་ན་གྲ་སྒྲིག་ཅི་ཞིག་ཡོད། ད་ལྟའི་འཛམ་གླིང་གི་ཤིན་ཏུ་མགྱོགས་པའི་འཕེལ་ཕྱོགས་འདི་འགོག་ཐུབ་བམ། མདོར་ན། ངས་བཤད་འདོད་པ་ནི། ཤེས་ཡོན་པའི་མིང་བཟུང་བའི་གློའུ་རྒན་ཚོ་ཅུང་ཙམ་བག་ཡོད་པར་བྱས་ན་བཟང་ངོ་སྙམ།

    Reply
  29. གླེན་པ་ལུག says:
    ལོ་ 16 སྔོན།

    འདས་མ་འོངས་ད་ལྟ་དུས་གསུམ་གྱི་བྱུང་རབས་དང་གནས་སྟངས་ལ་དཔགས་ན་བོད་དོན་དེ་ད་ལྟ་རྒྱ་ནག་གི་ནང་སྲིད་དུ་གྱུར་ཚར་བ་ནི་དོན་དངོས་ཀྱིས་ཁ་གྲག་པ་ཞིག་ལས་༸གོང་ས་མཆོག་ལ་ངོས་འཛིན་ཅི་ཞིག་ཡོད་མེད་དེ་གཙོ་བོ་མ་རེད། རང་རེས་མིག་གདང་ཙམ་བྱས་ན་མཐོང་འོང་བའི་རྣམ་འགྱུར་ཙམ་ལ་ཡིད་ཆེས་བྱེད་རྒྱུ་མིན་པར། བོད་ཀྱི་སྐྱབས་བཅོལ་སྲིད་གཞུང་དེ་བོད་ཀྱི་སྲིད་གཞུང་ལ་ངོས་འཛིན་བྱེད་པའི་སྲིད་གཞུང་གང་ཞིག་ཡོད་མིན་དང་། འཛམ་གླིང་གི་ཆབ་སྲིད་དབྱེ་ཞིབ་པ་ཚོས་ཚོང་དོན་དང་དགོས་དབང་གིས་དྲིལ་བསྒྲགས་ཕར་བླངས་པས། ཤུལ་དུ་ལུས་པའི་བོད་རྒྱའི་གནད་དོན་ལ་བཟུང་བའི་ལྟ་སྟངས་ཇི་འདྲ་ཡིན་མིན་དེ་རེད། ད་ལྟའི་དོན་དངོས་ཐོག་གི་གནས་སྟངས་ནི། བོད་རྒྱའི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་དུ་གྱུར་དང་འགྱུར་བཞིན་ཡོད་ལ། དེ་ནི་གཅིག་ནས་བོད་མི་ཚོས་རང་ཉིད་ཡར་ལངས་ནུས་པའི་རྐང་བ་ཞིག་སྐྲུན་མ་ཐུབ་པས་ཡིན་ལ། གཉིས་ནས་རྒྱ་ནག་གི་སྟོབས་ཤུགས་དང་རྒྱལ་སྤྱིའི་འགྱུར་འགྲོས་ཀྱིས་ཀྱང་རེད། ངས་བསམ་ན་བོད་དོན་དེ་སུ་ཞིག་གི་གནད་དོན་ཡིན་མིན་གཙོ་བོ་མིན་པར་རང་ཅག་གིས་རང་ཉིད་ངོས་ཟིན་པ་དང་། རང་ཉིད་ཀྱི་རྐང་ལག་དོན་ཡོད་པར་བྱ་རྒྱུ་ནི་གལ་འགངས་ཆེ་ཤོས་དེ་རེད་འདོད།

    Reply
  30. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    དྲ་གྲོགས་རང་རྟོན་ལགས། བདག་གིས་ཀྱང་བདུན་ཕྲག་འདིའི་དུས་བབས་གསར་ཤོག་ནས་དེ་ལྟར་ཞིག་མཐོང་བྱུང་། ཕལ་ཆེར་གསར་འགོད་པས་ནོར་བཅུག་ཡིན་ས་མ་རེད། འོན་ཀྱང་༧་གོང་ས་མཆོག་ལ་འང་འདོད་ཚུལ་ཞིག་ཡོད་རྒྱུ་རེད།

    Reply
  31. རང་རྟོན། says:
    ལོ་ 16 སྔོན།

    བོད་ཀྱི་གནད་དོན་དེ་ནང་སྲིད་གྱི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ང་ཚོས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱིན་ཡོད། ངས་བལྟས་ན་༧གོང་ས་མཆོག་གིས་དེ་ལྟར་གསུངས་ཡོད་ཀྱི་མ་རེད་འདོད་གི
    ང་༧གོང་ས་མཆོག་ལ་ཡིད་ཆེས་ཡོད།
    ཕལ་ཆེར་གསར་འགོད་པ་ཚོས་གསར་འགྱུར་འགོད་སྟངས་ཤིག་གི་ནོར་འཁྲུལ་ཞིག་ཡིན་གྱི་རེད།གལ་ཏེ་དེ་ལྟར་གསུངས་ཡོད་ན་འུ་ཚོས་འདི་ནས་སྡུག་སྒོམ་བྱེུད་དགོས་དོན་མེད་ཁ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese