མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྔ་བཅུའི་དུས་དྲན་དང་དཔེ་དེབ་བརྒྱ་དཔར་སྐྲུན། ཁག་གཉིས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་པ་སྐྱབས་བཅོལ་དུ་འབྱོར་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ཏེ། ཀིརྟིའི་བྱེས་པ་གྲྭ་ཚང་གིས་འདས་པའི་ལོ་ངོ་ ༡༨ ནང་དཔར་སྐྲུན་འགྲེམ་སྤེལ་བྱས་པའི་དཔེ་དེབ་བརྒྱ་ཐམ་ལོངས་བའི་མཛད་སྒོ་རྒྱས་པ་ཞིག་འཚོགས་གཏན་འཁེལ་ཡོད་པའི་གོ་སྐབས་དང་བསྟུན་ཏེ། ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཆེད་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་གཟིམ་ཆུང་དུ་བཅར་ཏེ། དཔེ་དེབ་བརྒྱ་ཐམ་པ་དང་འབྲེལ་ཏེ། རིན་པོ་ཆེ་མཆོག་གི་བརྩམས་ཆོས་ཁག་ཅིག་དང་ཁོང་སྒེར་གྱི་ལས་དོན་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་པ་གཤམ་གསལ་ལྟར་ཡིན།

དྲི་བ། རིན་པོ་ཆེ་མཆོག་གིས་བཀའ་རྩོམ་མཛད་པའི་བརྩམས་ཆོས་མང་ཆེ་བ་ནང་ཆོས་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་སྐོར་དང་། ལྷག་པར་དུ་ལེགས་བཤད་དང་བསླབ་བྱ་ལམ་སྟོན་ཞེ་གཅིག་ཡིན་ནའང་། གཞིས་བཞུགས་སློབ་བརྒྱུད་མི་དམངས་ཁྲོད་འགྲེམ་སྤེལ་བྱ་རྒྱུར་རྒྱ་གཞུང་གིས་བཀག་འགོག་བྱེད་ཀྱིན་ཡོད་པ་མ་ཟད། གཞུང་འབྲེལ་གསར་ལམ་ཁག་ཅིག་ཏུ། སྔར་ལོ་རྔ་བ་ཁུལ་དུ་ཞི་རྒོལ་ཤུགས་ཆེན་བྱུང་བ་དེ། རིན་པོ་ཆེ་མཆོག་གིས་བརྒྱུད་བསྐུལ་བྱས་ཚུལ་བརྗོད་ཡོད་པ་དེར་གསལ་བཤད་འདྲ་གནང་རྒྱུ་ཡོད་དམ།
ལན། མདོ་སྨད་ཁུལ་དུ་ལོ་རྒྱུས་ཀྱི་ཐོག་ནས་ཀིརྟི་ཚང་འདི་བླ་རབས་མང་པོ་ཞིག་རེད་ལ། མི་མང་པོ་ཞིག་ལ་དད་པ་དམ་ཚིག་གི་ཐོག་ནས་འབྲེལ་བ་ཡོད། ད་ལྟའང་ཁོང་ཚོར་དད་པ་དམ་ཚིག་ཡག་པོ་ཡོད་སྟབས། ངས་གང་བཤད་པ་དེར་ཁོང་ཚོས་ཉན་གི་ཡོད། ཁོང་ཚོའི་ཐོག་ལ་ངས་ནུས་པ་ཆེན་པོ་ཐོན་གྱིན་ཡོད། དེ་ནི་ང་ལ་ནུས་པ་ཆེ་བས་མ་རེད། ཁོང་ཚོར་དད་དམ་ཡག་པོ་ཡོད་པས་རེད། དེ་རྒྱ་གཞུང་གིས་ཀྱང་མཐོང་གིན་ཡོད། འོན་ཀྱང་། རྒྱ་གཞུང་གིས་ནུས་པ་དེ་བེད་སྤྱོད་གཏོང་ཐུབ་ཀྱིན་མེད། ངའི་བསླབ་བྱ་དེ་དག་ཏུ་ཆབ་སྲིད་ཡོད་པ་མ་རེད་ལ། རྒྱ་གཞུང་གི་སྲིད་ཇུས་དང་འགལ་བའི་སྐད་ཆ་དེ་བས་ཀྱང་ཡོད་པ་མ་རེད། འོན་ཀྱང་། ངའི་སྐད་ཆས་མི་དམངས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱིན་ཡོད་པ་དེ་མ་བཟོད་པ་རེད། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། གནད་དོན་དེ་རིགས་རྒྱ་ནག་དབུས་གཞུང་གི་བཀའ་ཡིན་མིན་ཐེ་ཚོམ་རེད། གཞི་རིམ་གྱི་ལས་འཛིན་པ་ཚོས་གོང་རིམ་ལ་སྤྲེལ་ལད་འཁྲབ་ཆེད། ས་གནས་ཀྱི་འདི་འགྲིག་གིན་མི་འདུག གན་འགྲིག་གིན་མི་འདུག ཅེས་སྐད་བརྒྱབས་ན། ཁོང་ཚོར་ངོ་སོ་ཞིག་རག་གིན་ཡོད། དེར་བརྟེན། འདི་དག་ས་གནས་ལས་བྱེད་ཀླད་མེད་རེ་ཟུང་གི་བྱེད་སྟངས་ཡིན་རྒྱུ་རེད་སྙམ་ཡོད། སྔར་ལོའི་དོན་རྐྱེན་དེ་ངའི་སྟེང་ལ་ལག་པ་འཕྱི་ས་བྱས་ཡོད། དེ་རིགས་ལ་ཧང་སང་རྒྱུ་གང་ཡང་ཡོད་པ་མ་རེད། སྔར་རྒྱ་ནག་གི་གྲལ་རིམ་འཐབ་རྩོད་ཟེར་བའི་སྐབས། ནོར་འཁྲུལ་ཡོད་ཚད་གཞན་ལ་ཁག་དཀྲི་བྱེད་པའི་སྲིད་བྱུས་དེའི་རྔ་མ་རེད། དེ་ང་ལ་དམིགས་བསལ་གྱིས་གནག་པ་རེད་དྲན་གི་མེད། དེར་བརྟེན། རྒྱ་ནག་དཔོན་རིགས་ཉུང་ཤས་ཤིག་ལ་དཀར་འདོན་བྱ་དགོས་དོན་མི་འདུག ང་ཚོ་མི་དམངས་ཀྱི་མདུན་སར་དཀར་བསྡད་ཡོད། རྒྱ་གཞུང་གིས་ང་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་དེས། མི་མང་གི་སེམས་ལ་རྨ་བཟོ་བཞིན་ཡོད། བོད་མིའི་སེམས་ལ་རྨ་བཟོས་ན་འཆམ་མཐུན་ཟེར་བ་དེ་ཡོང་ཐབས་མེད་སྟབས། ཁོང་ཚོའི་སྲིད་ཇུས་དེ་རྦད་དེ་ནོར་འཁྲུལ་རེད།

དྲི་བ། རིན་པོ་ཆེ་མཆོག་གིས་ཕྱག་རྩོམ་གནང་བའི་༼ གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ ༽ ཞེས་པའི་དཔེ་དེབ་ནང་། རྒྱལ་པོ་གྲི་གུམ་བཙན་པོའི་སྐབས་སུ་བོད་དུ་ནང་ཆོས་དར་བ་ཡིན་མིན་གྱི་བཞེད་ཚུལ་མི་འཐུན་པ་ཁག་ཅིག་ཡོད་པ་དེར་གསལ་བཤད་ཅིག་གནང་རོགས།
ལན། དེབ་དེའི་ནང་ངས་གྲི་གུམ་བཙན་པོའི་སྐབས་སུ་བོད་དུ་ནང་ཆོས་དར་བ་རེད་ཟེར་གི་མེད། ཁོང་ལ་དམ་ཆོས་མཛད་པའི་བོད་རྒྱལ་བོ་དང་པོ་ཟེར་གྱིན་ཡོད། གང་ཡིན་ཟེར་ན། བོན་གྱི་བསྟན་འབྱུང་དེ་ཚོ་བཀླགས་སྐབས། གྲི་གུམ་བཙན་པོའི་སྐོར་མང་པོ་ཞིག་ཐོན་ཡོང་གིན་འདུག་ལ། དེ་དང་མཉམ་དུ་དོགས་པ་མང་པོ་ཞིག་ཀྱང་བསླངས་ཡོང་གིན་འདུག བོན་པོ་ཚོས་གྲི་གུམ་བཙན་པོར་སྐྱོན་བརྗོད་བྱས་པའི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱས་སྐབས། གྲི་གུམ་བཙན་པོས་རྒྱ་གར་ནས་བྲམ་ཟེ་དེ་འདྲ་གདན་འདྲེན་ཞུས་ཏེ་ཆོས་ཞུས་པ་དང་། བོན་པོ་ཚོར་གནོད་པ་ཅུང་རེ་བྱེད་ཀྱིན་པ་གསལ་པོར་འཁོད་ཡོད། དེ་དག་ལ་ཞིབ་འཇུག་གིས་གོང་འོག་བསྒྲིགས་ཏེ་བོན་གྱི་ལོ་རྒྱུས་ལྟར་བྱས་པ་ཡིན་ན། ཕལ་ཆེར་བོད་ཀྱི་རྒྱལ་པོ་གྲི་གུམ་བཙན་པོས་ནང་པ་སངས་རྒྱས་པའི་ཆོས་བྱས་ཡོད་པ་དང་། གྲི་གུམ་བཙན་པོ་བོད་ཀྱི་རྒྱལ་པོ་ནང་ཆོས་བྱེད་མཁན་ཐོག་མ་དེ་ཡིན་པའི་དོགས་གཞི་ཡོད་སྟབས། རྗེས་རབས་པ་ཚོར་དཔྱད་གཞིའི་ཚུལ་དུ་བཞག་པ་ཡིན།

དྲི་བ། རིན་པོ་ཆེ་མཆོག་གིས་བོད་ཀྱི་ཟློས་གར་གྱི་གཞུང་ཞིག་གསར་རྩོམ་གནང་ཡོད་པ་དང་། དེའི་ནང་གི་ཚན་པ་ཞིག་འདི་ག་སློབ་གཉེར་ཁང་གི་སློབ་ཚན་དུ་བདམས་ཡོད་རབས་འདུག་སྟབས། སྐུ་ཉིད་ཀྱིས་བརྩམས་པའི་ཟློས་གར་གྱི་གཞུང་དེ་གང་འདྲ་ཡིན་པ་དང་། ཟློས་གར་ལ་གཙིགས་ཆེན་མཛད་དོན་ཅི་ཡིན་ནམ།
ལན། རྩོམ་ཡིག་དེ་སྔོན་མ་ ༡༩༧༦ ལོར་ང་རང་མཐོ་སློབ་ཏུ་ཡོད་སྐབས། སློབ་གྲྭའི་ལོ་རེའི་རྩོམ་ཡིག་འགྲན་བསྡུར་ཞིག་ཏུ་བྲིས་ཏེ་ཨང་དང་པོའི་བྱ་དགའ་ཞིག་ཀྱང་ཐོབ་མྱོང་ཡོད། དེ་ཙམ་ལས་ང་རང་གིས་ཟློས་གར་དམིགས་བསལ་གྱིས་རྩ་བ་ཆེན་པོར་མཐོང་བ་དེ་འདྲ་མ་རེད། བོད་ཀྱི་རིག་གནས་ལ་སྡོམ་བརྒྱབས་ན། རིག་གནས་ཆེ་ཆུང་བཅུའི་ཁོངས་སུ་བསྡུ་བཞིན་ཡོད། འོན་ཀྱང་། བོད་རང་ལ་ཟློས་གར་གྱི་གཞུང་ཡོད་པ་མ་རེད། ཞང་ཞུང་ཆོས་དབང་གྲགས་པ་དང་ཤོང་སྟོན་ལོ་ཙཱ་བ་སོགས་ཀྱིས་བོད་སྒྱུར་བྱས་པའི་རྒྱ་གར་གྱི་འཁྲབ་གཞུང་རེ་གཉིས་ཡོད་ཀྱང་། ཟློས་གར་གྱི་གཞུང་དང་བསྟན་བཅོས་ཟེར་བ་ཞིག་རྩ་བ་ནས་ཡོད་པ་མ་རེད། དེར་བརྟེན། འཁྲབ་གཞུང་ཙམ་མ་ཡིན་པར་ཟློས་གར་གྱི་རྩ་བ་ཞིག་དགོས་ཀྱིན་འདུག་སྙམ་སྟེ། ངས་ཟློས་གར་གྱི་བསྟན་བཅོས་དེ་བྲིས་པ་ཡིན། དེ་ཡང་རྩོམ་པ་པོ་ཚོར་ཟློས་གར་གྱི་རིགས་པའི་གཞུང་ལུགས་རྒྱས་པ་རེ་རྩོམ་སྐུལ་གྱི་ཆེད་དང་། བོད་པའི་བཅུ་ཕྲག་རིག་པའི་གནས་ལས་ཟློས་གར་ལ་ཁ་སྐོང་ལྟ་བུར་བྲིས་པ་ཡིན། དེའི་རྗེས་བརྒྱད་ཅུ་གྱ་གྲངས་ནས་བཟུང་བོད་ནང་གི་དུས་དེབ་ཁག་ཏུ་ཟློས་གར་གྱི་གཞུང་འདྲ་མིན་ཐོན་ཡོང་གིན་འདུག

དྲི་བ། རིན་པོ་ཆེ་མཆོག་གིས་སྤྱི་ལོ་ ༡༩༧༨ ལོར་བོད་གཞུང་དཔེ་མཛོད་ཁང་དུ་ངག་རྒྱུན་ལོ་རྒྱུས་ཞིབ་འཇུག་གནང་སྐབས། གཞུང་དོན་གྱི་ཞོར་ནས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཉམས་ཞིབ་གནང་སྟེ། ༼ དགེ་འདུན་ཆོས་འཕེལ་གྱི་རབ་བྱེད ༽ཅེས་པའི་དཔེ་དེབ་ཅིག་འདོན་སྤེལ་བྱས་ཡོད། ཞིབ་འཇུག་གི་གོ་རིམ་ཁྲོད་སྤྱི་ཡོངས་ནས་དགེ་འདུན་ཆོས་འཕེལ་ལ་གཟིགས་ཚུལ་གང་འདྲ་བྱུང་ཡོད་པ་དང་། དེའི་རྗེས་མུ་མཐུད་དགེ་འདུན་ཆོས་འཕེལ་སྐོར་ལ་ཉམས་ཞིབ་གནང་གིན་ཡོད་དམ།
ལན། ང་བོད་ཀྱི་དཔེ་མཛོད་ནང་ལས་ཀ་བྱེད་སྐབས་ལས་འགན་གཙོ་བོ་ནི། ཉམས་ཞིབ་སྡེ་ཚན་ནང་རིག་གཞུང་ཉམས་ཞིབ་པ་དང་། དེ་ནས་ངག་རྒྱུན་ལོ་རྒྱུས་འཚོལ་བསྡུ་དང་ཉམས་ཞིབ་བྱ་རྒྱུ་དེ་རེད། ངག་རྒྱུན་ལོ་རྒྱུས་འཚོལ་བསྡུའི་ལས་གཞི་དེའི་ནང་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་རྩ་བ་ཆེན་པོ་མང་པོ་བསྡུ་རུབ་བྱས་ཐུབ་ཡོད། ལས་དོན་དེ་ཐོག་མར་ཀ་རྡོར་སྒང་གསུམ་ནས་མགོ་འཛུགས་བྱས་པ་ཡིན་ལ། ཀ་རྡོར་སྒང་གསུམ་དེ་དགེ་འདུན་ཆོས་འཕེལ་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་སྟབས། ངག་རྒྱུན་ལོ་རྒྱུས་འཚོལ་བསྡུའི་ཞོར་དུ་དགེ་འདུན་ཆོས་འཕེལ་སྐོར་གྱི་རྒྱུ་ཆ་ཕྲན་བུ་རེ་འཚོལ་བསྡུ་བྱ་ཐུབ་ན་བསམ་སོང་། གང་ཡིན་ཟེར་ན། དགེ་འདུན་ཆོས་འཕེལ་ནི། བོད་པ་ཙམ་མ་ཡིན་པར་འཛམ་གླིང་ན་སྙན་གྲགས་ཡོད་མཁན་ཞིག་རེད། ཁོང་ལ་ང་ཚོས་བདག་པོ་མ་བརྒྱབས་ན་འགྲིག་གིན་མི་འདུག་སྙམ་སྟེ། ཁོང་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་འཚོལ་བསྡུ་དང་ལོ་རྒྱུས་དབྱེ་ཞིབ་བྱས་ཏེ། ༼ དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ ༽ ཟེར་བའི་དཔེ་དེབ་ཅིག ངས་རྩོམ་སྒྲིག་བྱས་ཏེ་བོད་ཀྱི་དཔེ་མཛོད་ཁང་ནས་བཏོན་པ་རེད། དེའི་རྗེས་ཨ་རིར་དགེ་འདུན་ཆོས་འཕེལ་རྗེས་དྲན་ཚོགས་འདུ་ཞིག་གི་སྐབས། ཡང་བསྐྱར་༼ དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ་ ༽ཟེར་བའི་དཔེ་དེབ་ཅིག་བཏོན་པ་ཡིན། དེའི་རྗེས་མུ་མཐུད་དགེ་འདུན་ཆོས་འཕེལ་སྐོར་གྱི་རྒྱུ་ཆ་འཚོལ་བསྡུ་དང་ཉམས་ཞིབ་ཀྱི་ལས་ཀ་བྱ་རྒྱུ་བྱུང་ཡོད་པ་མ་རེད།
དགེ་འདུན་ཆོས་འཕེལ་སྐོར་ལ་ལྟ་སྟངས་གང་འདྲ་ཡོད་ཟེར་ན། དགེ་འདུན་ཆོས་འཕེལ་ནི་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་བྱེད་མཁན་དང་པོ་དེ་ཆགས་ཡོད་པར་མ་ཟད། བོད་ཀྱི་རྒྱལ་པོ་དང་བོད་ཀྱི་རྒྱལ་ཁབ་ཟེར་བ་དེ་འཛམ་གླིང་ནང་ཤེས་ཐུབ་པ་བཟོ་མཁན་ཐོག་མ་ཡང་ཕལ་ཆེར་དགེ་འདུན་ཆོས་འཕེལ་ཆགས་ཡོད། དགེ་འདུན་ཆོས་འཕེལ་གྱིས་དེ་ལྟར་གནང་བའི་རྗེས་ནས་བཟུང་། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་འབྲེལ་བ་ཅི་ཙམ་ཡོད་པ་དང་། བོད་ཀྱི་རྒྱལ་པོའི་མངའ་རིས་དབང་ཐང་གིས་ཅི་ཙམ་ལ་ཁྱབ་ཡོད་པ་གསལ་པོར་བསྟན་ཡོད་ལ། བོད་ཀྱི་རྒྱལ་རབས་ཟེར་བ་ཞིག་འཛམ་གླིང་ལ་གཞི་ནས་གྲགས་ཡོད།  དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཉམས་ཞིབ་བྱེད་སྟངས་དེ་ཡང་། དེང་རབས་དང་མཐུན་པའི་ཉམས་ཞིབ་བྱེད་མཁན་བོད་མི་ཐོག་མ་དེ་ཆགས་ཡོད། འོན་ཀྱང་། དགེ་འདུན་ཆོས་འཕེལ་གྱིས་གསུངས་ཚད་བདེན་པ་རེད་དམ་ཟེར་ན་ཁག་པོ་རེད། ཁོང་ཉམས་ཞིབ་པ་ཞིག་ཡིན་སྟབས། ཉམས་ཞིབ་ཀྱི་འབྲས་བུ་ཕྱིར་བཏོན་པ་ཙམ་རེད། དཔེར་ན། གངས་ལ་སེངྒེ་ཡོད་པ་མ་རེད་ཟེར་བ་ལྟ་བུར་མཚོན་ན། ང་རང་གིས་ཀྱང་ཁས་ལེན་བྱ་ཐུབ་ཀྱིན་མི་འདུག གང་ཡིན་ཟེར་ན། གངས་ལ་སེངྒེ་མེད་དགོས་དོན་ཡོད་པ་མ་རེད། གངས་རིའི་ནང་གི་སེམས་ཅན་མང་པོ་སྟོངས་ཚར་བ་རེད། གངས་རིའི་ནང་སེངྒེ་ཙམ་དུ་མ་ཟད་གངས་གཡག་ཡོད་པའི་ལོ་རྒྱུས་ཀྱང་ལམ་རིམ་ཆེན་མོའི་ནང་བསྟན་ཡོད། ད་ལྟའི་ཆར་གངས་གཡག་ཀྱང་མཐོང་རྒྱུ་ཡོད་པ་མ་རེད། གངས་གཡག་ཡོད་ས་ན་གངས་སེང་ཡང་ཡོད་ཆོག་པ་རེད། གངས་ཀྱི་སེམས་ཅན་དེ་རིགས་དཀར་པོ་ཆགས་དགོས་པའི་རྒྱུ་མཚན་ཁོར་ཡུག་དང་འབྲེལ་བ་ཡོད། གངས་རིའི་ནང་གི་དོམ་དཀར་པོ་ཆགས་ཡོད་ལ། གངས་རིའི་ནང་གི་སྟག་དང་གཟིག་ཀྱང་དཀར་པོ་ཡིན། དེ་བཞིན། གངས་རིའི་ནང་དུ་ཡོད་པའི་ཙི་ཙི་དང་རི་བོང་། སྤྱང་ཀི ཝ་སོགས་ཀྱང་དཀར་པོ་ཡིན། ཡང་རེ་ཟུང་གིས་དགེ་འདུན་ཆོས་འཕེལ་གྱི་ལྟ་བའི་ཐད་ནས་དགེ་ལུགས་པའི་ལྟ་བར་དགག་པ་བརྒྱབས་ཡོད་སྐོར་བཤད་མོད། ང་དེ་ལ་དོགས་པ་ཡོད། ཀླུ་སྒྲུབ་དགོངས་རྒྱན་རྩོམ་པ་པོ་དགེ་འདུན་ཆོས་འཕེལ་ཡིན་མིན་ཐེ་ཚོམ་རེད། ཡིན་ནའང་དེའི་ནང་གི་རིགས་པ་དེ་ཚོ་དགེ་འདུན་ཆོས་འཕེལ་གྱིས་བཏང་བ་མིན་ནམ་སྙམ་པ་ཞིག་འདུག གང་ཡིན་ཟེར་ན། རིགས་པ་གཏོང་སྟངས་དེ་ཧ་ཅང་སྤྱང་ལྡན་པ་ཞིག་ཡིན། རིགས་པ་གཏོང་སྟངས་ཙམ་ལས་ལྟ་བའི་ཐད་ཀྱི་བསམ་ཚུལ་དེ་དག་དགེ་འདུན་ཆོས་འཕེལ་གྱི་ཡིན་མིན་མི་ཤེས། རིགས་པ་དགེ་འདུན་ཆོས་འཕེལ་གྱི་རིགས་པ་སྤྱད་ཅིང་རྩོམ་ཡིག་མི་གཞན་ཞིག་གིས་བྲིས་ཏེ། དགེ་འདུན་ཆོས་འཕེལ་གྱི་མིང་བེད་སྤྱོད་བཏང་བ་མིན་ནམ་སྙམ་གྱིན་ཡོད། སྤྱིར་དགེ་འདུན་ཆོས་འཕེལ་དགེ་ལུགས་པར་དད་པ་ཡོད་པ་དང་། ལྷག་པར་དུ་རྗེ་རིན་པོ་ཆེར་དད་པ་རྩེ་གཅིག་ཏུ་ཡོད་མཁན་ཞིག་རེད།

དྲི་བ། དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་རྒྱལ་རབས་དེབ་ཐེར་དཀར་པོ་འབྲི་སྐབས། སྲིད་དོན་སྐོར་གཙོ་བོར་འཛིན་རྒྱུ་མིན། བོད་ཀྱི་སྲིད་དོན་ལོ་རྒྱུས་ཤིག་ལོགས་སུ་འབྲི་འདུན་ཡོད་སྐོར་གསུངས་ཡོད། ཡོངས་གྲགས་སུ་ཞྭ་སྒབ་པས་མཛད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་དེ་ཡང་། དགེ་འདུན་ཆོས་འཕེལ་གྱི་ཡིན་མིན་སྐོར་ལ་བཤད་ཚུལ་ཞིག་ཡོད། དེར་བརྟེན། རིན་པོ་ཆེ་མཆོག་གིས་གནའ་རབས་བོད་ཀྱི་སྲིད་དོན་ཞིབ་འཇུག་གི་གོ་རིམ་ཁྲོད། དགེ་འདུན་ཆོས་འཕེལ་གྱི་སྲིད་དོན་མི་ཚེ་དང་འབྲེལ་བའི་ཐད་མཐོང་སྣང་གང་འདྲ་བྱུང་སོང་ངམ།
ལན། ངས་འདི་ལྟར་བཤད་ཀྱིན་ཡོད། དགེ་འདུན་ཆོས་འཕེལ་ནི་སྲིད་དོན་ཉམས་ཞིབ་པ་རེད་དེ། སྲིད་དོན་པ་མ་རེད་ཟེར་གྱིན་ཡོད། དགེ་འདུན་ཆོས་འཕེལ་ཁོང་ལ་བོད་ཀྱི་སྲིད་དོན་དང་འབྲེལ་བའི་རྒྱལ་རབས་ཆེན་པོ་ཞིག་འབྲི་འདུན་ཡོད་པ་གསལ་བོ་རེད། དབྱིན་ཇིའི་དཀྲུག་ཤིང་གི་འོག་ནས་བོད་གཞུང་གིས་དགེ་འདུན་ཆོས་འཕེལ་འཛིན་བཟུང་བྱས་པ་རེད། སྐབས་དེའི་བོད་ཀྱི་སྣང་རྩེ་ཤག་གི་མི་དཔོན་དེ་ང་རང་གི་ངོ་ཤེས་ཡིན། ཁོས་ལ་ང་ལ་བཤད་རྒྱུར། དགེ་འདུན་ཆོས་འཕེལ་འཛིན་བཟུང་སྐབས། ཁོང་ལ་བཅའ་དངོས་ཡོད་ཚད་ལས་ཟིན་བྲིས་མང་པོ་ཞིག་ཡོད་པ་དེ་རྩ་ཆེན་དུ་རྩི་བཞིན་འདུག དེར་ཐ་མག་གི་ཤུབས་དང་ཙག་སྒྲའི་སྒམ་སོགས་ཀྱི་ཐོག་ལ་བྲིས་པའི་ཡིག་ཆ་ཁུག་མ་ཆེན་པོ་ཞིག་གི་གང་འདུག འདི་ལ་བདག་པོ་ཡག་པོ་རྒྱག་རོགས། ཞེས་བཤད་སོང་ཟེར། དེ་ནི་སྲིད་དོན་རྒྱལ་རབས་ཆེན་པོ་ཞིག་འབྲི་རྒྱུའི་མ་རྩ་རེད། འོན་ཀྱང་། གཞུང་གི་དོ་དམ་འོག་ཤོར་རྗེས་གང་དུ་བཞག་པ་དང་སུ་ལ་རག་པ་ཧ་གོ་ཡོད་པ་མ་རེད། འགའ་རེ་ཡིས་དེ་དག་རྒྱལ་རབས་འབྲི་མཁན་ཞིག་གི་ལག་ཏུ་ཤོར་ཡོད་པ་རེད་ཟེར་མོད། ང་རང་གིས་བསམ་ན། ད་སྔ་སུ་གང་གི་ལག་ཏུའང་རག་ཡོད་པ་མ་རེད་དྲན་ཡོད། གང་ཡིན་ཟེར་ན། གལ་སྲིད་ལོ་རྒྱུས་འབྲི་མཁན་ཞིག་གི་ལག་ཏུ་རག་ཡོད་ན། ཁོས་བྲིས་པའི་ལོ་རྒྱུས་ལ་དཔྱད་ཞིབ་ཀྱི་རྣམ་པ་མ་འདྲ་བ་ཞིག་ཡོང་གི་རེད། འོན་ཀྱང་། ད་བར་ཐུན་མོང་མ་ཡིན་པའི་དཔྱད་ཞིབ་ཀྱི་རྣམ་པ་ཁྱད་པར་ཅན་གཅིག་ཀྱང་ཐོན་མེད། གཞན། དགེ་འདུན་ཆོས་འཕེལ་ལ་བོད་བསྒྱུར་བཅོས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད། དེ་རྗེས་མ་ཁོ་རང་ལ་དཀའ་ངལ་འཕྲད་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་པ་རེད་དྲན་ཡོད།  

དྲི་བ། རིན་པོ་ཆེ་མཆོག་གིས་ད་ལྟ་ཕྱོགས་གང་ལ་ཐུགས་ཞིབ་གནང་གིན་ཡོད་པ་དང་བརྩམས་ཆོས་གང་འདྲ་འབྲི་འདུན་ཡོད། འབྱུང་འགྱུར་ཕྱག་ལས་གཙོ་བོ་གང་གི་ཐོག་ཏུ་གནང་རྒྱུའི་ཐུགས་འདུན་ཡོད་དམ།
ལན། ང་རང་བོད་ནས་སྐྱབས་བཅོལ་དུ་ཡོང་སྐབས་ལོ་ ༡༨ སོན་མ་ཐག་པའི་ཕྲུ་གུ་ཞིག་རེད། ད་ལྟ་ལོ་བདུན་ཅུར་སོན་ལ་ཉེ་བའི་རྒན་པ་ཆགས་ཡོད། ད་བར་བོད་ཀྱི་ཆོས་དང་རིག་གཞུང་ཆབ་སྲིད་དང་བཅས་པར་གང་འཇོན་ཅི་ནུས་ཀྱིས་ཤུགས་བརྒྱབས་པ་ཡིན། ཕྱིན་ཆད་ཀྱང་མུ་མཐུད་དེ་བོད་སྤྱི་པའི་དོན་དག་དང་བོད་མིའི་ཆོས་དང་རིག་གཞུང་ལ་ཞབས་འདེགས་ཞུ་རྒྱུ་དང་། གཉིས་པ། སོ་སོ་ལ་དམིགས་བསལ་གྱིས་རེ་བ་བརྒྱབས་བསྡད་ཡོད་པ་དང་འབྲེལ་བ་ཡོད་རིགས་ཚོར་ཆོས་དང་རིག་གཞུང་གི་ཐོག་ནས་ཕན་ག་རེ་ཐོགས་ཀྱིན་འདུག ཁོང་ཚོའི་ཆེད་ངའི་མི་ཚེ་ལྷག་མ་འདི་ཇི་ལྟར་བེད་སྤྱོད་གཏོང་ཐུབ་ཀྱིན་འདུག དེའི་ཐད་འབད་བརྩོན་བྱ་རྒྱུ་ངའི་ལས་འགན་གཙོ་བོ་རེད་སྙམ་ཡོད།
གཞན། ༧རྒྱལ་བ་རིན་པོ་ཆེས་དུས་རྒྱུན་མི་ཐོག་གསར་རྙིང་བརྗེ་འགྲོ་བཞིན་ཡོད། མི་ཐོག་རྒན་པ་ཚོས་མི་ཐོག་རྙིང་པའི་སྐབས་ཀྱི་ལོ་རྒྱུས་ཤུལ་འཇོག་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་གནང་གིན་ཡོད་པ་ལྟར། ཀིརྟི་ཚང་དང་འབྲེལ་བའི་ལོ་རྒྱུས་གང་ཐུབ་ཅིག་འབྲི་རྒྱུར་རེ་བ་བརྒྱབས་ཏེ། མིང་ལ་༼ དེབ་ཐེར་སེར་པོ ༽ཟེར་བ་ཞིག་གི་རྩོམ་སྒྲིག་ལས་རིམ་འགྲོ་བཞིན་པ་ཡིན། གཞན་པ་ཞིག་ལ། བོད་ནང་གི་མི་དེ་ཚོར་རོགས་པ་རེ་བྱ་ཨེ་ཐུབ་སྙམ་སྟེ་རེ་བ་རྒྱག་གིན་ཡོད་ཀྱང་། ཁོར་ཡུག་གི་མཐུན་རྐྱེན་དང་བོད་རྒྱའི་གནས་སྟངས་མང་པོ་ཞིག་གི་དབང་གིས་ཁག་པོ་ཆགས་འདུག འོན་ཀྱང་། སོ་སོའི་སེམས་ནང་མ་འོངས་པར་འདི་དང་དེ་བྱ་དགོས་ཀྱིན་འདུག་སྙམ་པའི་རྨི་ལམ་མང་པོ་ཞིག་བཏང་བསྡད་ཡོད། གལ་སྲིད་ང་ཚོ་བོད་དུ་ལོག་རྒྱུ་མ་བྱུང་ན། རྨི་ལམ་དེ་དག་རྨི་ལམ་ནང་ནས་རྫོགས་འགྲོ་བ་ཞིག་ཆགས་རྒྱུ་ཡིན་སྟབས། ང་རང་གིས་༼ ངའི་མ་འོངས་པའི་རྨི་ལམ ༽ཞེས་པའི་དཔེ་དེབ་ཅིག་འབྲི་ཐུབ་ན་བསམ་ཡོད། གང་ཡིན་ཟེར་ན། གལ་སྲིད་ང་བོད་དུ་ལོག་རྒྱུ་མ་བྱུང་ན། ངའི་སེམས་ལ་དྲན་བསྡད་པ་དག་འབྲེལ་ཡོད་མི་མང་ཚོར་མ་འོངས་ལམ་སྟོན་ལྟ་བུ་ཞིག་ཆགས་ཐུབ་ན་བསམ་བསྡད་ཡོད། 

འབྲེལ་ཡོད་གསར་འགྱུར།

The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༢ སྔོན་ལ།
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

༢༠༢༦/༠༡/༡༣
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠

མཆན། 11

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    བཟང་གི་ལགས། མུ་མཐུད་ནས་ངནོངས་ཤིག དགོན་པ་དེར་དབྱིན་ཡིག་དང་རྒྱ་ཡིག ད རུང་ཆབ་སྲིད། ཚན་རྩིས་སོགས་ཀྱང་མང་ཚོགས་ལསྐོམ་པར་ཆུ་འདོད་ལྟར་དགོས་ཤིང་མཁོ་ལགས་སོ།།

    Reply
  2. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    བཟང་གི་ལགས། མུ་མཐུད་ནས་ངནོངས་ཤིག དགོན་པ་དེར་དབྱིན་ཡིག་དང་རྒྱ་ཡིག ད རུང་ཆབ་སྲིད། ཚན་རྩིས་སོགས་ཀྱང་མང་ཚོགས་ལསྐོམ་པར་ཆུ་འདོད་ལྟར་དགོས་ཤིང་མཁོ་ལགས་སོ།།

    Reply
  3. གཉོམ་ཆུང་། says:
    ལོ་ 16 སྔོན།

    ཀི་ཏིའི་རིན་པོ་ཆེ་ལ།
    ཁྱོད་ཀྱིས་དཔེ་དེབ་མང་པ་ཞིག་དཔར་བསྐྲུན་་བྱས་ཡོད་ཟེར་དེ་སྤྱི་ཚོགས་ལ་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་།་ དོན་དངོས་སུ་གཞིས་ལུས་མི་མང་གི་ཟུངས་ཁྲག་དང་རྣག་ཁྲག་བེད་སྤྱོད་བཏང་ནས་རང་ཁོ་ནས་རིན་ཐང་དང་རང་ཁོ་ནས་ཆེ་མཐོང་ཕྱིར་དུ་ངོམས་སོ་བྱས་པ་ནི་ང་ཡ་བའི་གནས་ཚུལ་ཞིག་ཡིན་པ་སུས་ཀྱང་བལྟས་ཀྱང་ཤེས་ཡོང་བ་ཞིག་རེད་དོ།

    Reply
  4. མཁར་རྔ་། says:
    ལོ་ 16 སྔོན།

    ཡོངས་གྲགས་ ༧རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ཁོང་ནི།

    བོད་བསྟན་སྲིད་སྤྱི་དང་། ལྷག་པར་དུ་༧གོང་ས་མཆོག་གི་བཀའ་གསུང་ཇི་བཞིན་སྒྲུབ་ནུས་མཁན་དང་། གང་གི་དགོང་དོན་ལག་བསྟར་གནང་མཁན་ཞིག་ཡིན་པ་གོར་མ་ཆག་ལ།

    དེ་བཞིན་དུ་གཞིས་ལུས་དད་ལྡན་འབྲེལ་ཡོད་བོད་རིགས་མང་ཚོགས་ཁྲི་མ་འབུམ་མང་པོར་བླང་དོར་བཀའ་སློབ་ཀྱི་ཕན་ནུས་ཧ་ཅང་ཆེན་པོ་བྱུང་ཡོད་པར་མ་ཟད།

    སྐུ་ངལ་ཁྱད་བསད་ཀྱིས་བོད་ཀྱི་ཁ་སྟབས་འདི་ལ་དམིགས་ཏེ། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཐོ་སློབ་ཁང་སོགས་གསར་འཛུགས་དང་འབྲེལ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་བརྗོད་བྱ་གཙོ་གཉེར་ཐོག དཔེ་དེབ་བརྒྱ་ལྷག་དཔར་བསྐྲུན་གནང་ཟིན་ཡོད་འདུག་པ་འདི་ལས།

    ཁོང་གི་མཛད་འཕྲིན་དང་། བོད་མི་རིགས་ལ་བཅིང་པའི་ལྷག་བསམ། བོད་མི་རིགས་ལ་མ་འོངས་ཕུགས་འཕེར་གྱི་ཁ་ཚ་དགོས་དུས་སུ་གྱུར་ཡོད་པ་བཅས་ཀྱི་ཆེས་རླབས་ཆེན་དང་འགྲན་ཟླ་བྲལ་བའི་ཕྱག་རྗེས་ལ་གུས་བཀུར་དང་།

    མཛད་རྗེས་འདིར་་་་་་་བོད་མི་རིགས་ལ་དུང་ཞེན་དང་། ཤ་ཞེན། རུས་ཞེནཡོད་མཁན་ཞིག་ཡིན་བྱིན་སུ་ཞིག་མི་གུས།

    མཇུག་མཐར་༧ ཁོང་ཉིད་སྐུ་ཚེ་ཡུན་དུ་བརྟན་ཅིང་། ཁོང་རིན་པོ་ཆེས་མ་འོངས་ཐུགས་བཞེད་ཡོངས་སུ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་རྣམ་དག་ཡང་ཡང་ཞུ།

    Reply
  5. བོད་ལ་དགའ་བའི་བུ་།། says:
    ལོ་ 16 སྔོན།

    སྐྱབས་སུ་མཆི་ རིན་པོ་ཆེ་

    རྟེན་འབྲེལ་ཞུ་ དུས་དྲན་འདི་

    Reply
  6. རྐང་རྗེན་པ། says:
    ལོ་ 16 སྔོན།

    ཀིརྟི་རིན་པོ་ཆེའི་གསུང་གི་བསླབ་བྱ་རྣམས་བོད་ནང་གི་དགོན་པ་དང་སློབ་གྲྭ་ཁག་ཏུུ་ཁྱབ་སྤེལ་འགྲོ་གི་ཡོད་རབས་དང་། ལྷག་པར་ཉེ་ཆར་ཞིང་འབྲོག་མང་ཚོགས་ལ་ཧ་ཅང་གོ་སླ་བའི་སྒོ་ནས་གནང་བའི་བསླབ་བྱ་དོན་ཚན་སོ་གཉིས་ཅན་ཞིག་བོད་ནང་ཁྱབ་སྤེལ་འགྲོ་བཞིན་ཡོད་ཚུལ་ཨ་རིའི་རླུང་འཕྲིན་ལས་ཀྱང་གོ་སོང། ཕན་ཐོགས་བྱེད་དགོས་ས་ངོ་མ་དེ་བོད་ནང་གི་མི་མང་རྣམས་ཡིན་པ་ལྟར་ཕན་ཐོགས་ཡོང་གི་ཡོད་ཚོད་རེད། ཀིརྟི་རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞུ། གཞན་ཡང། གོང་གི་བཅར་འདྲིའི་ལན་རྣམས་ལ་བལྟས་ན་ཀིརྟི་རིན་པོ་ཆེ་ནི་བོད་ཀྱི་རིག་གཞུང་ཐོག་མཁས་པ་ཆེན་པོ་ཞིག་ཡིན་འདུག་ལ། ཁོང་གིས་དཔྱད་གཞི་རིན་ཐང་ཅན་དུ་མ་བཏོན་འདུག་པ་ལ་དྲ་གྲོགས་ཤེས་ཡོན་ཅན་ཚོས་བགྲོ་གླེང་རེ་གནང་ན་མི་ལེགས་སམ། དཔེར་ན།
    1 གྲི་གུམ་བཙན་པོའི་སྐབས་བོད་དུ་ནང་ཆོས་དར་ཡོད་མེད།
    2 བོད་ཀྱི་ཟློས་གར་རིག་པའི་བསྟན་བཅོས་གསར་རྩོམ་བྱེད་རྒྱུ།
    3 དགེ་འདུན་ཆོས་འཕེལ་གྱི་ལྟ་བའི་སྐོར།
    4 གངས་སེང་ཡོད་མེད།
    5 དགེ་ཆོས་ཀྱི་སྲིད་དོན་རྒྱལ་རབས་སྐོར་སོགས་ལྟ་བུ་རེད།

    Reply
  7. བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    ལྷག་པར་ལོ་འཁོར་ལྔ་བཅུ་འཁོར་བ་འདིའི་ནང་།

    Reply
  8. བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    འདི་ཚོ་གྲྭ་ཚང་རང་གིས་བཏོན་ནས་འགྲེམས་སྤེལ་བྱས་བཞག་པ་ཁོ་ན་རེད་ཟེར། ད་དུང་གྲྭ་ཚང་རང་ཁོང་གི་དགེ་སློབ་རེ་འགས་ཤེས་རིག་དང་བོད་ཀྱི་དཔེ་མཛོད། ཐ་ན་རང་སྒེར་གྱིས་ཐབས་འཚོལ་བྱས་ཏེ་བཏོན་པའི་དཔེ་དེབ་ཀྱང་མང་པོ་ཡོད་འདུག བོད་གཞུང་གིས་བདག་པོ་རྒྱག་མིན་རྗེས་ནས་བལྟ་རྒྱུ་རེད། གང་ལྟར་བྱ་བ་རླབས་ཆེན་ཞིག་ལ་ངོས་འཛིན་མི་བྱེད་རང་བྱེད་རེད། ལྷག་པར་ལོ་འཁོར་ལྔ

    Reply
  9. བོད་ཀྱི་དྲང་བདེན། says:
    ལོ་ 16 སྔོན།

    བོད་གཞིས་སུ་ཞེས་པ་གཞིས་བྱེས་གཉིས་སུ་ཞེས་པར་བཅོས་དགོས། 

    Reply
  10. བོད་ཀྱི་དྲང་བདེན། says:
    ལོ་ 16 སྔོན།

    ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེས་དབུ་ཁྲིད་པའི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གིས་བོད་ཡིག་ཐོག་གསར་རྩོམ་དང་རྩོམ་སྒྲིག་གི་དཔེ་དེབ་བརྒྱ་ཐམ་པ་ལྔ་བཅུའི་དུས་དྲན་ལ་ལེགས་སྐྱེས་སུ་ཕུལ་བ་རླབས་ཆེན་པོ་ཡིན་པ་བཤད་མ་དགོས་ཀྱང་། ཕྱི་ཚུལ་གྱི་རྣམ་འགྱུར་འདིས་ཅི་ཞིག་མཚོན་གྱི་ཡོད་མེད་ང་ཚོས་ངེས་པར་རྟོགས་དགོས་པ་དང་དྲིན་གཟོ་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན། ཁོང་རིན་པོ་ཆེའི་གསོ་སྐྱོང་འོག་འདས་པའི་དུས་ཡུན་ཐུང་བའི་ལོ་རྒྱུས་ནང་སློབ་གཉེར་ཁང་འདི་ནས་མཐོ་རིམ་རིག་གནས་རབ་འབྱམས་པ་བརྒྱད་ཅུ་ནང་ཞིག་གསོ་སྐྱོང་ཐུབ་ཡོད་པ་འདི་མི་རང་འགའ་བ་ཞིག་གི་བློ་ངོར་མི་གཤོང་བའི་མཛད་རྗེས་རླབས་ཆེན་ཞིག་ཡིན། རབ་འབྱམས་པ་འདི་ཚོ་བོད་གཞིས་སུ་ཁྱབ་ནས་བོད་རང་གི་ཆོས་དང་རིག་གཞུང་ཐོག་ཕན་ནུས་ཐོན་པའི་ལས་ཀ་སྣ་ཚོགས་བྱེད་ཀྱི་ཡོད་འདུག་ལ། རབ་འབྱམས་པ་འདི་དག་གིས་མ་འོངས་པའི་མི་རབས་ཚོར་དེབ་བརྒྱ་ཕྲག་མང་པོའི་ལེགས་སྐྱེས་འབུལ་ངེས་པ་ད་ལྟའི་གནས་སྟངས་ཀྱི་གསལ་པོ་ཆགས་ཀྱི་འདུག དངོས་ཡོད་གནས་ཚུལ་འདི་བཙན་བྱོལ་ནང་གི་བོད་མི་སྤྱི་ཡོངས་ཀྱིས་གཟིགས་ནས་ཀིརྟི་རིན་པོ་ཆེ་དང་ཁོང་གི་གྲྭ་ཚང་ལ་མཐོང་ཆེན་དང་དགའ་གུས་ཚད་མེད་ཞུ་བཞིན་ཡོད་སྐད་ས་ཐག་རིང་པོ་ནས་གོ་གི་འདུག བོད་གཞུང་ངོས་ནས་འདི་འདྲའི་རླབས་ཆེན་གྱི་ལས་ཀ་བྱེད་མཁན་གྱི་བླ་མ་དང་གྲྭ་ཚང་ལ་མཐུན་འགྱུར་མི་གནང་ན་སུ་ལ་གནང་།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ངའི་མ་འོངས་པའི་རྨི་ལམ
    ཁོང་གིས་སྐུ་ཐོག་འདིར་དེབ་འདི་འདྲ་ཞིག་བརྩམས་གྲུབ་པ་ཡིན་ན་དངོས་ནས་བོད་ཀྱི་རྗེས་རབས་པ་དག་ལ་དངོས་ནས་ཕན་ཐོག་རྒྱུ་ནི་གདོན་མི་ཟ་བ་ཡིན། བླ་མ་འདི་འདྲའི་གང་མང་ཞིག་བྱུང་བར་ཤོག ཁ་ཡོད་ལག་ཡོད་ལ་གོམ་པ་སྤོ་མཁན་གང་ན་སུ་ཡོད་པ་དག་ནི་བོད་མི་རིགས་ཀྱི་སྲོག་ཤིང་ཡིན་ཞེས་བཤད་ཀྱང་མ་འགྲིག་པ་གཏན་ནས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese